ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གསར་པ་མངོན་པར་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་བསྐྲུན་དགོས།
2021.12.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 --སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་རྩོམ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

དེང་གི་ཀྲུང་གོའི་རི་ཀླུང་མཛེས་སྡུག་ལྡན་ཞིང་མི་དམངས་བློ་སྤོབས་ཆེ་བ།  མདུན་ལྗོངས་རྒྱ་ཆེན་པོ་ཡོད།  ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་འགོ་རྩོམ་མཛད་སྒོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཞིར་བཟུང་སྟེ།  རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ལ་ཐུགས་རེ་ལྔ་བཏོན་པ་སྟེ། གཅིག་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་དམིགས་ཏེ་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་རྔམ་བརྗིད་ལྡན་པའི་སྣང་ཚུལ་བསྐྲུན་དགོས།  གཉིས་ནས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ་གསོན་ཤུགས་ཉམས་པ་མེད་པའི་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་འབྲི་དགོས།   གསུམ་ནས་དྲང་འཛིན་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་དུས་རབས་དང་བསྟུན་པའི་ཕུལ་བྱུང་བརྩམས་ཆོས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་གོ་རྟོགས་གསར་བ་འབྱེད་དགོས།  བཞི་ནས་བརྩེ་བ་ཟབ་ཅིང་སེམས་ཤུགས་ཆེན་པོས་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་ནས་འཛམ་གླིང་ལ་ཡིད་ཆེས་འཕེལ་བ་དང་། གཅེས་སུ་རུང་བ།   གུས་པར་འོས་པ་བཅས་ཀྱི་ཀྲུང་གོའི་སྣང་བརྙན་མངོན་པར་བྱེད་དགོས།  ལྔ་ནས་དྲང་བདེན་དལ་སྤེལ་རྒྱུན་འཁྱོངས་བྱས་ནས་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་དོན་གཉེར་བྱེད་པའི་ཁྲོད་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། མི་སེམས་ལ་སྐུལ་མ་ཐེབས་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་ལྕག་གནང་བས།  རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་སྟེ།  རྣམ་ཤེས་བསྐྲུན་པའི་ཐད་ཁག་ཁུར་ཡོད་པར་བྱེད་པ་དང་།     དྲང་སྲུང་གསར་གཏོད་ཐད་བྱ་སྤྱོད་གསར་བ་མངོན་པ།  སྤྱོད་བཟང་བློ་སྦྱོང་ཐད་ཉམས་འགྱུར་གསར་པ་མངོན་པ། འབད་བརྩོན་ལྷོད་མེད་དང་ཀུན་སྤྱོད་བཟང་པོར་བརྟེན་ནས་རིག་གནས་གསར་གཏོད་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གསར་བ་མངོན་པར་བྱེད་པ།  ཀྲུང་ཧྭའི་རིག་གནས་ཀྱི་གཟི་འོད་གསར་བ་བསྐྲུན་པ་བཅས་བྱས་ནས།   བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར།  རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྒུལ་ཤུགས་བཅས་འདོན་སྤྲོད་བྱེད་པར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན་པ་དང་རྒྱང་རིང་གི་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད།

སྒྱུ་རྩལ་གསར་རྩོམ་གྱི་ནུས་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་རིན་ཐང་མཉམ་འདྲེས་ཐུབ་པ་དང་། ཀྲུང་ཧྭའི་མཛེས་དཔྱོད་རིག་པའི་སྙིང་སྟོབས་དང་དེང་རབས་ཀྱི་མཛེས་དཔྱོད་ལྟ་བ་ཟུང་འབྲེལ་བྱེད་དགོས།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད་པས། མི་རིགས་བསྐྱར་དར་ཡོང་བའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ། རྩོམ་རིག་སྒྱུ་རྩལ་གསར་རྩོམ་བྱ་རྒྱུ་དེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཐོག་དང་མི་དམངས་ཀྱིས་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་བྲིས་ཚེ། གཞི་ནས་དུས་རབས་ཀྱིས་དཀྲིས་པའི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་ཐུབ། མི་དམངས་ནི་རྩོམ་རིག་སྒྱུ་རྩལ་གྱི་རྩ་བ་ཡིན་ལ། མི་དམངས་ལས་ཐོན་པ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་དབང་བ་བཅས་ནི།  སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩ་བའི་ལངས་ཕྱོགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྒུལ་ཤུགས་ཀྱང་ཡིན། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ།  རྩོམ་རིག་སྒྱུ་རྩལ་གྱི་མེ་ཏོག་ལྡུམ་ར་དེ་དུས་ནམ་ཡང་མི་དམངས་ཀྱི་ཆེད་དུ་རྣམ་པར་བཞད་དུ་བཅུག་ཚེ།  རྩོམ་རིག་སྒྱུ་རྩལ་མཐའ་དག་ལ་གཞི་ནས་འཛད་མཐའ་མེད་ལ་ཕུན་སུམ་ཚོགས་པའི་འབྱུང་ཁུངས་ཡོད་སྲིད།   དུས་རབས་ཤིག་གི་རྩོམ་རིག་སྒྱུ་རྩལ་གྲུབ་འབྲས་ལ་ཚད་འཇལ་བྱེད་ན་བརྩམས་ཆོས་ལ་བལྟ་དགོས་པ་དང་། རྩོམ་རིག་པ་དང་སྒྱུ་རྩལ་པའི་མི་ཚེའི་རིན་ཐང་ལ་ཚད་འཇལ་བྱེད་ནའང་བརྩམས་ཆོས་ལ་བལྟ་དགོས། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཡིན་པ་དང་། དེང་རབས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་རྨང་གཞི་ཡིན་ལ།  རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་བང་མཛོད་ཀྱང་ཡིན།  དྲང་འཛིན་གསར་གཏོད་རྒྱུན་འཁྱོངས་དང་།  རྒྱུན་འཛིན་དང་གསར་གཏོད་བར་གྱི་འབྲེལ་བ་དམ་འཛིན།  གནའ་བོའི་རིག་གནས་ལ་སློབ་སྦྱོང་བྱེད་པ་ལས་གནའ་བོའི་འགོག་རྐྱེན་མི་ཕོག་པ་བཅས་བྱས་ཚེ། གཞི་ནས་ང་ཚོའི་རླབས་ཆེ་བའི་མི་རིགས་དང་རླབས་ཆེ་བའི་དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་ཐུབ།    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལམ་བུ་དང་ལེགས་འགྲུབ་ཉམས་མྱོང་ཤེས་འདོད་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་འཕོ་འགྱུར་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ཤེས་རྟོགས་བྱེད་འདོད་ཡོད་པས།    མིག་རྒྱང་འཛམ་གླིང་ལ་ཕྱོགས་པ་དང་། མིའི་རིགས་ལ་ཕྱོགས་པ།  མི་རབས་བརྒྱ་ཕྲག་གི་སྲོལ་རྒྱུན་རྒྱུན་འཛིན་དང་ད་ལྟའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ནས།  ཀྲུང་གོའི་མཛེས་དཔྱོད་ཀྱི་ལྟ་བ་དང་མཐུན་པའི་བརྩམ་ཆོས་སྔར་ལས་མང་པོ་གསར་རྩོམ་དང་། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་བརྒྱུད་སྤེལ། མིའི་རིགས་ཐུན་མོང་གི་རིན་ཐང་འཚོལ་སྙེག་བྱེད་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་གསར་རྩོམ་བྱས་ཚེ། གཞི་ནས་གསོན་ཉམས་དོད་པའི་ཀྲུང་གོའི་རྣམ་པ་ཧུར་ཐག་གིས་འགྲེམ་སྟོན་བྱས་ཏེ། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ལེའུ་གསར་པ་ཞིག་གི་དབུ་ཁྱུད་འབྲི་ཐུབ།  རྩོམ་རིག་སྒྱུ་རྩལ་གྱིས་དར་སྲོལ་བཟང་བོ་ཆགས་པའི་འགན་འཁྲི་འཁུར་ཡོད།  ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་མཁན་གྱིས་ཐོག་མར་རང་ཉིད་ཚད་ལྡན་དུ་གཏོང་དགོས་པ་དང་།  རྣམ་ཤེས་བཟོ་སྐྲུན་བྱེད་མཁན་གྱིས་ཐོག་མར་རང་ཉིད་ཚད་ལྡན་དུ་གཏོང་དགོས། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་དང་སྤྱི་ཚོགས་སྣང་བརྙན་དང་བརྩམ་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་བྱས་ཏེ། སྒྱུ་རྩལ་གྱི་ཕུགས་འདུན་རྒྱུན་འཁྱོངས་དང་སྤྱོད་ཡོན་གཉིས་ལྡན་ལ་འཚོལ་སྙེག་བྱས་ཚེ།  གཞི་ནས་བླ་མེད་ཀྱི་སྤྱོད་པ་དང་མཛེས་སྡུག་གི་རྩོམ་གཤིས་ལྡན་པའི་བརྩམ་ཆོས་འབྲི་ཐུབ་ལ། ལོ་རྒྱུས་རྩིས་ཐང་སྤྲོད་པ་དང་མི་རྣམས་ལ་མཛེས་སྤྱོད་དར་སྤེལ་བྱེད་པ། རང་ཉིད་ལ་སྙན་གྲགས་རྒྱས་པར་བྱེད་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“དུས་རབས་ཀྱིས་རང་རྒྱལ་གྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་དང་འཕེལ་རྒྱས་གཏོང་བའི་ཐད་སྔ་ན་མེད་པའི་གར་སྟེགས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ན།  རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་ལྡོག་མེད་ཀྱི་འགན་འཁྲི་ཁུར་དུ་བླངས་ནས་འབད་པ་བྱེད་དགོས།  ལོ་རྒྱུས་ཆེན་མོའི་ལྟ་བ་དང་དུས་རབས་ཆེན་མོའི་ལྟ་བ་ཆགས་པར་བྱེད་པ་དང་།  ལོ་རྒྱུས་ཀྱི་འཕེལ་རིམ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ།   ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་འགྱུར་ལྡོག་ཆེན་མོ་མཚོན་པ་དང་ལོ་བརྒྱའི་ཀྲུང་གོའི་མི་ཡུལ་དྲང་བདེན་གསལ་སྟོན་བྱེད་པ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་སྒྱུར་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་དར་སྤེལ་བྱས་ནས་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་གླུ་རུ་ལེན་དགོས།   དུས་རབས་ཀྱི་འགྱུར་ལྡོག་དང་ཀྲུང་གོའི་འཕེལ་རྒྱས། མི་དམངས་ཀྱི་འབོད་སྐུལ་བཅས་ཀྱི་ཁྲོད་ནས་བརྗོད་སྙིང་དང་རྒྱུ་ཆ་བསྡུ་རུབ་བྱས་ཏེ། ཀྲུང་ཧྭའི་ལོ་རྒྱུས་ཀྱི་མཛེས་པ་དང་རི་ཆུའི་མཛེས་པ།  རིག་གནས་ཀྱི་མཛེས་པ་བཅས་མངོན་པར་བྱེད་པ་དང་།  མི་དམངས་སེམས་དབུས་སུ་བཞག་ནས། དུས་རབས་དང་མི་དམངས་ལ་བསྟོད་གླུ་འབུལ་དགོས།   བསམ་བློའི་གོ་བ་ཟབ་ཅིང་བབ་ཆགས་ལ།  སྟོབས་དང་ལྡན་པའི་ཕུལ་བྱུང་བརྩམས་ཆོས་ཀྱིས་མི་དམངས་ཀྱི་མཛེས་དཔྱོད་ལྟ་བ་དང་རིན་ཐང་ལྟ་བ་བརླན་པར་བྱས་ཏེ།  མི་དམངས་ཀྱི་བསམ་པའི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།  ལེགས་ཐོག་ལེགས་འཚོལ་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ། སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ཀྱི་སྲོག་རྩར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་ལྟ་བ་དང་། མི་གཞུང་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་བྱེད་པ་དང་། ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་བེད་སྤྱོད་ཡང་དག་བྱས་ནས།  རྩོམ་རིག་སྒྱུ་རྩལ་གསར་རྩོམ་ཐད་དོན་སྙིང་སྔར་ལས་ཟབ་པ་དང་སྦས་ཤུགས་ཆེན་པོ་ལྡན་པའི་གོ་རྟོགས་གསར་པ་ཞིག་ཆགས་པར་བྱེད་དགོས། ཡིད་ཆེས་དང་འགན་འཁུར་གྱི་བསམ་པ་ལྡན་པར་བྱས་ཏེ།  ཀྲུང་གོའི་ས་གཞི་ཆེན་པོར་རྐང་བཙུགས་ནས་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་དགོས་པ་དང་།  འཛམ་གླིང་གིས་ཤེས་རྟོགས་ཐུབ་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྣང་བརྙན་སྔར་ལས་མང་བ་བསྐྱར་བཞེངས་བྱེད་དགོས་པ། མི་རིགས་རང་བཞིན་གྱི་སྒྱུ་རྩལ་རྣམ་པ་དང་ནང་དོན་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་དགོས་པ། མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་པ། ཉམས་འགྱུར་མི་འདྲ་བ་དང་སྒྱུ་རྩལ་མཚོན་ལུགས་མི་འདྲ་བ། རྣམ་པ་དང་དཔེ་གཞི་མི་འདྲ་བཅས་རྒྱ་སྐྱེད་དེ།  འཛམ་གླིང་གི་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་སུ་ཀྲུང་གོའི་ཉམས་འགྱུར་དང་ཀྲུང་གོའི་ཉམས་སྣང་མངོན་གསལ་དོད་པོ་ཡོང་བར་བྱ་དགོས།  གསར་རྩོམ་བྱེད་པར་སེམས་ཤུགས་འདོན་དགོས་པ་དང་།  འཁྲབ་སྟོན་བྱེད་སྐབས་སྟོབས་ཤུགས་དངོས་ལ་བརྟེན་དགོས་པ།   སྣང་བརྙན་བསྐྱར་བཞེངས་བྱེད་པར་བརྟེན་དགོས་པ། ཕན་འབྲས་གཤིས་རྒྱུད་ལ་བརྟེན་དགོས་པ། མིང་གྲགས་ཀུན་སྤྱོད་དང་སྒྱུ་རྩལ་ལ་བརྟེན་དགོས་པས།  རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་མཚན་སྙན་གཅེས་སྤྲས་བྱས་ཏེ། ནན་ཏན་དང་གཟབ་ནན་སྒོས་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་བསམ་གཞིགས་གཏོང་དགོས། སྤུས་ཀ་འཛིན་པ་དང་རྩོམ་གྱི་ཁྱད་ཆོས་འཛིན་པ།   འགན་འཁྲི་འཛིན་པ་བཅས་བྱས་ནས།  ཟོལ་མེད་གཞུང་དྲང་གི་མི་ཞིག་བྱེད་པ་དང་དོན་དག་ངོ་མ་བསྒྲུབ་པ།   བདེན་བཟང་མཛེས་གསུམ་དར་སྤེལ་བྱེད་པ།  རང་བཀུར་རང་གཅེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།  རྣམ་པ་ལེགས་པའི་ལས་རིགས་ཀྱི་སྲོལ་བཟང་བསྐྲུན་དགོས།

དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནི་དེང་རབས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་ཁ་ཕྱོགས་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱིས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་སེམས་ལ་བཅངས་སྟེ། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་།  དྲང་འཛིན་གསར་གཏོད་རྒྱུན་འཁྱོངས། བརྩེ་སེམས་ཆེན་པོ་དང་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་པ། ཡང་དག་པའི་བགྲོད་ལམ་རྒྱུན་འཁྱོངས་བཅས་བྱས་ཚེ། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་ཐུབ་ངེས་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།