དུས་རབས་གསར་པའི་མཚོ་སྔོན་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
2021.12.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་ཐོག་ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། མཚོ་སྔོན་གྱི་མི་རིགས་བྱ་བར་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དང་། གནས་བབ་གསར་པ་དང་ལས་འགན་གསར་པར་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཏེ། རྗེས་ཕྱོགས་སུ་དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཚོགས་འདུར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་ཤུགས་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། དུས་རབས་གསར་པའི་མི་རིགས་བྱ་བ་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས། དུས་རབས་གསར་པའི་མཚོ་སྔོན་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་མི་རིགས་བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།

མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བྱས་ཡོད་པའི་གནས་ཞིག་ཡིན་ལ། རྒྱལ་ཡོངས་སུ་མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་གྲངས་ཉུང་མི་རིགས་མི་གྲངས་ཀྱི་བསྡུར་ཚད་མཐོ་བའི་ཞིང་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཏང་གིས་མི་རིགས་བྱ་བར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ། མི་རིགས་སོ་སོ་མཉམ་དུ་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་བྱེད་པ། མི་རིགས་བྱ་བའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ལས་སྒྲུབ་མི་སྣའི་རིག་གནས་དངོས་གཞི་ཅན་དང་སྤྱི་དམངས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པའི་བརྒྱུད་རིམ་ཁྲོད། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ནས་དུས་རབས་གསར་པའི་མི་རིགས་བྱ་བའི“མཚོ་སྔོན་གྱི་དཔེ་མཚོན”བསྐྲུན།

མཚོ་སྔོན་དུ་མི་རིགས་ཀྱི་བྱ་བ་མ་བསྒྲུབས་ཚེ་ཁྱོན་ཡོངས་ཀྱི་འཆར་འགོད་འགྲུབ་མི་ཐུབ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཡག་པོ་ཆུད་པར་བྱ་དགོས། “ལྡོག་མེད་ཀྱི་བླང་བྱ”བཞིར་ངོས་འཛིན་ཡང་དག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གཙོ་བོ་བརྟན་པོ་བཙུགས་ཏེ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་མི་རིགས་སོ་སོའི་འདུ་ཤེས། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས། དངོས་པོ་དང་བསམ་པའི་དཔལ་ཡོན་བཅས་བཞི་པོའི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། བབ་བསྟུན་མདུན་སྐྱོད་སྒོས་མི་རིགས་བྱ་བ་ལེགས་བཅོས་དང་ཤུགས་སྣོན་བྱེད་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་ཚང་ཏན་ཏིག་བྱེད་པ་དང་། མི་རིགས་སོ་སོས་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གིས་ཡར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

མི་རིགས་བྱ་བ་ནི་མཚོ་སྔོན་བྱ་བའི་རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན་ཞིག་ཡིན། དུས་རབས་གསར་པའི་མི་རིགས་བྱ་བ་ཡག་པོ་སྒྲུབ་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་དགོས། མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་མི་རིགས་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོ་ངེས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོས་མི་རིགས་བྱ་བའི་ཉམས་མྱོང་དང་བྱ་ཐབས་བཟང་པོ་སྲ་བརྟན་དང་རྒྱ་ཇེ་ཆེར་བཏང་སྟེ། དུས་རབས་གསར་པའི་མི་རིགས་བྱ་བ་སྔར་ལས་ལྷག་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དམ་པོར་དམིགས་པ་དང་། ཏང་གིས་མི་རིགས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་སྔར་ལས་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་ལ་ཐུན་མོང་དུ་ཡོད་པའི་བསམ་པའི་ཁྱིམ་གཞིས་སྐྲུན་པ། བློ་བརྟན་འགྱུར་མེད་ངང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། གཙོ་བོ་དང་ཐུན་མོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། དུས་རབས་གསར་པའི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

མི་རིགས་བྱ་བ་ནི་མཚོ་སྔོན་དུ་གཞི་རྩའི་ཞིང་ཆེན་གྱི་གནས་ཚུལ་ཡིན་ལ་གལ་ཆེའི་བྱ་བ་ཞིག་ཀྱང་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས། 《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ།  གསར་སྐྲུན་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྡོད་ཁུལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གནས་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ཆེན་དང་པུའུ་མཉམ་སྐྲུན་བྱ་རྒྱུར་ཤུགས་སྣོན་བྱེད་པ་དང་། འགུལ་རྣམ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ལ་སྐུལ་འདེད་གཏོང་བ། ཤར་རྒྱུད་དང་ནུབ་རྒྱུད་བར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱེད་པ་དེ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་གཏོང་བའི་དམངས་སེམས་བཟོ་སྐྲུན་ཞིག་ཏུ་འགྱུར་བར་བྱེད་པ། གསར་སྐྲུན་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་ཁྱོན་ཡོངས་ནས་ཡར་སྐུལ་བྱེད་དགོས།

བྱ་བ་འགྲུབ་ན་འཆམ་མཐུན་ཡིན། སྟོབས་ཤུགས་མཉམ་ན་མཐུན་སྒྲིལ་འབྱུང་། མཚོ་སྔོན་གྱི་མི་རིགས་བྱ་བའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས། མི་རིགས་སོ་སོའི་སྤུན་ཟླའི་མཛའ་བརྩེ་དང་ཕན་ཚུན་རོགས་རེས་བྱས་པར་བརྟེན། རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་གནས་ན། ཆོས་ལུགས་ཞི་མཐུན་དང་མི་རིགས་འགྲིག་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཞི་ནས་ཆགས་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། སེམས་ཤུགས་དང་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བརྩམས་ནས། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།