—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
ཉེ་ལམ་བསྡུས་པའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་། ལོ་གཅིག་རིང་གི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ཟབ་མོ་བྱས་པའི་རྨང་གཞིའི་ཐོག་མིག་སྔའི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། སང་ལོའི་དཔལ་འབྱོར་བྱ་བ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ང་ཚོས་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་གཅིག་བསྡུས། མུ་མཐུད་དུ་འབད་འཐབ་བྱས་ནས་སང་ལོའི་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་བཅས་ཀྱི་ཆེད་དུ་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་བྱ་བཅས་ཀྱི་བཀའ་བསྒྲགས་ཡོད།
ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན་པ་དང་། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་སྐྱོད་ལམ་གསར་པ་བཏོད་ཡོད། ལོ་གཅིག་གི་རིང་ལ། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་ཕྱིའི་ཁོར་ཡུག་དང་དུས་རབས་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་བརྩམས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཁྱོན་ཡོངས་ནས་རྩོམ་པའི་ལས་འགན་ལྗིད་མོར་ཧུར་ཐག་གིས་བསྐྲུན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ལེགས་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་གཙོ་བོ་ལེགས་སྒྲུབ་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་ཞིག་འཛུགས་ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཧུར་ཐག་བྱེད་བཞིན་ཡོད།
ལོ་གཅིག་གི་རིང་ལ། ང་ཚོས་དོན་ཆེན་གསུམ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་བཙུགས་པ་དང་། སྐྱོད་ལམ་གསར་པ་བརྩོན་ལེན་བྱེད་ཕྱིར་བསམ་པའི་སྟོབས་ཤུགས་དང་ལག་ལེན་གྱི་བློ་གྲོས་གཅིག་སྒྲིལ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་། མི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དངོས་སྒྲུབ་བྱ་ཐབས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་བརྟེན་ནས། ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ལྷག་རིང་འབད་འཐབ་བྱས་པའི་དབང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། སེམས་འགུལ་ཆེན་པོ་ཐེབས་པ། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་ཆེན་པོ་དང་། འབད་འཐབ་ཀྱི་མཉམ་ཤུགས་སྔར་ལས་ཆེན་པོ་འདོན་དུ་བཅུག ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོའི་མི་དམངས་ཀྱིས་སེམས་གཏིང་ནས་གཙོ་འཛིན་ལ་དགའ་བ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྐུལ་མ་གཏོང་དགོས།
ལོ་གཅིག་གི་རིང་ལ། ང་ཚོས་ད་དུང་གཙོ་གནད་བྱ་བ་སྣ་དགུ་དམ་འཛིན་བྱས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་འཐབ་ཇུས་འཆར་འགོད་ཀྱི་སྣེ་ཁྲིད་དང་ལམ་ལུགས་ལམ་སྲོལ་གྱི་འགན་ལེན་འོག “ས་ཁུལ་བཞིའི”འཛུགས་སྐྲུན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་མངའ་ཁོངས་ཀྱི་མཁར་གྲོང་ཅན་གྱི་བར་སྟོང་མ་ལག་མགྱོགས་མྱུར་བསྐྲུན་པའི་འཕེལ་རིམ་བདེ་བླག་བྱུང་བ། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་པའི་མཐའ་ཚད་བསྲུངས་ཡོད། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ལག་བསྟར་ནན་མོ་བྱེད་རྒྱུར་སྐུལ་འདེད་བཏང་ནས། བཅོས་སྒྱུར་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱེད་དུ་འཇུག་པ་དང་། མ་ལག་འདུས་གྲུབ་ལ་སྐུལ་འདེད་གཏོང་བ། ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བ་བཅས་ལ་མཉམ་འདྲེས་ལེགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་ཆབ་སྲིད། སྐྱེ་ཁམས་སོགས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་ལག་ལེན་གྱི་མཐོ་ས་ནས་བཀོད་འདོམས་བྱས་ཏེ་མཐོ་ས་བདུན་བསྐྲུན་པར་སྐུལ་འདེད་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་རྒྱལ་ཡོངས་ཀྱི་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་དུ་དངོས་སུ་བཙུགས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཚོན་རྟགས་རང་བཞིན་གྱི་བྱ་བ་ཡག་པོ་སྒྲུབ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་མ་ལག་བཙུགས་པ་མ་ཟད། མུ་རི་གཏེར་ཁུལ་དང་དེ་མིན་མདོ་ལ་རི་བོའི་ལྷོ་ངོས་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ“ལོ་གཉིས་ཀྱི་ནང་ལྗང་མདོག་མངོན་པའི”དམིགས་འབེན་མངོན་འགྱུར་བྱུང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་མཚོ་སྔོན་མི་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བར་བཀོད་སྒྲིག་དང་སྐུལ་འདེད་བཏང་སྟེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཏང་གིས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཀྱི་བྱ་བར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ། “འཐབ་ཕྱོགས་གཅིག་གྱུར་ཆེན་མོའི”རྣམ་པ་གསར་བ་གཏོད་པ། ཚོགས་པའི་རྩ་འཛུགས་མཐུན་སྦྱོར་ཅན་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཀྱི་བྱ་བ་ལེགས་པར་བསྒྲུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་ལག་བསྟར་བྱེད་པ།《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་བྱ་བའི་སྲོལ་ཡིག》ལག་བསྟར་བྱེད་པ་བཅས་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་དང་དྲིལ་བསྒྲགས་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་འཚོ་བ་ཧུར་ཐག་གིས་བསྐྲུན་ནས་དམངས་ཚིས་ལ་དམ་འཛིན་དང་དམངས་སེམས་བརྟན་པོ་ཡོང་བ། ཞན་ཆ་ཁ་གསབ་པ། རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་འབྲེལ་ད་ལོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ནས་དམངས་ཚིས་བདེ་སྐྱིད་སྔར་ལས་ཇེ་ལེགས་སུ་གཏོང་དགོས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེ་མཚོ་སྔོན་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་བདེ་འཇགས་བྱ་བ་ཡག་པོ་སྒྲུབ་པ་དང་། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མཚན་སྙན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། འཕྲལ་སྒྲུབ་དོ་དམ་མ་ལག་དང་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་དང་དོ་དམ་ཟབ་སྤེལ་དུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ནས། ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་གྱི་འཛུགས་སྐྲུན་ཐུབ་པ་བྱེད་དགོས།
བྱ་བའི་མྱོང་བ་མེད་ན་དཀའ་བའི་བརྒྱུད་རིམ་མི་ཤེས། ལོ་གཅིག་རིང་གི་བྱ་བར་ཕྱི་མིག་བལྟས་ཚེ། བརྒྱུད་པའི་གོ་རིམ་ནི་ཆེས་སྤྱིར་བཏང་མིན་ལ་གྲུབ་འབྲས་ནི་དེ་བས་ཀྱང་ལས་སླ་པོར་ཐོབ་པ་ཞིག་མིན། ད་ལོའི་བྱ་བར་སྐུལ་འདེད་དང་གྲུབ་འབྲས་ཐོབ་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་ཡིན་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ཧུར་ཐག་བྱས་པའི་འབྲས་བུ་ཡིན་ལ། སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཆེན་པོ་བྱས་པའི་འབྲས་བུ་ཡང་ཡིན། འབད་འབུངས་ཡར་བརྩོན་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། མུ་མཐུད་འབད་འཐབ་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ང་ཚོས་ལོ་གསར་པའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། དམིགས་འབེན་དམ་འཛིན་དང་དཀའ་སྤྱད་དངོས་སྒྲུབ། ཕུལ་བྱུང་གི་གྲུབ་འབྲས་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་སྔོན་བསུ་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།