མཚོ་ལྷོ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ལ་གཡུར་ཟའི་གྲུབ་འབྲས་ཐོབ།
2022.01.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་འཕེལ་རྒྱས་ཀྱི་ཕན་འབྲས་མཐོ་རུ་གཏོང་བའི་ཐད་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་བྱེད་པར་མཚོ་ལྷའི་སྟོབས་ཤུགས་ཕུལ།

ཉེ་བའི་ལོ་འགའི་རིང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་དེ་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཕྱོགས་སུ་རིགས་སྒྱུར་རིམ་སྤོར་བྱེད་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བྱེད་པའི་ཆེད་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་སྒོར་མོ་བྱེ་བ་བརྒྱད་དང་འབུམ་ལྔ་ལྷག་བཏང་ནས་ནོར་གནག་དང་འབྲོག་ལུག་གི་ཚན་རིག་ཞིབ་འཇུག་གི་རྟེན་གཞི་བཙུགས་ཤིང་། རྒྱུད་བཟང་བོད་ལུགས་གསོ་སྤེལ་རྟེན་གཞི་དང་རྒྱུད་བཟང་ནོར་གནག་གསོ་སྤེལ་རྟེན་གཞི་བཙུགས་ནས། ནུས་ཤུགས་ཡོད་དགུ་བཏོན་ཏེ་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་ཟོང་རྟགས་བསྐྲུན་པར་འབད་བརྩོན་བྱས།

ཚི་ཧན་ཏ་བ་སྡེ་བ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀ་ཧེ་ཐང་དུ་ཡོད་ཅིང་། གནས་དེའི་མཚོ་འཕང་ལ་རྨིད་སུམ་སྟོང་ཉིས་བརྒྱ་ཡོད་པ་དང་། ནོར་ལུག་འཚོ་སྐྱོང་བྱེད་པར་བརྟེན་ནས་འཚོ་བ་རོལ་རྒྱུ་དེ་སྡེ་བ་དེའི་མི་རྣམས་ཀྱི་འཚོ་བའི་རེ་བ་ཉག་ཅིག་རེད།

ཡིན་ནའང་ཚན་རིག་ལྟར་ཕྱུགས་འཚོ་སྐྱོང་བྱེད་པའི་ཉམས་མྱོང་མེད་པའི་སྟབས་ཀྱིས་འདས་པའི་དུས་སུ་སྡེ་མི་རྣམས་ལ་ལུག་གི་ཁ་གྲངས་ཉེ་མང་དུ་གཏོང་ཅི་ཐུབ་བྱེད་རྒྱུའི་ཐབས་ཤེས་ཉག་ཅིག་ལས་མི་འདུག ལུག་གི་ཁ་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས་ལུག་རྒྱུད་ཀྱང་མང་པོར་འགྱུར་འགྲོ་བས་དེའི་ནང་དུ་ལུག་རྒྱུད་མི་བཟང་བ་ཡང་མང་པོ་ཞིག་ངང་གིས་ཐོན་གྱི་ཡོད་པས་ཕྱིར་འཚོང་བྱེད་དུས་རིན་གོང་མཐོན་པོར་འགྲོ་ཐུབ་ཀྱི་མེད། དེ་ལས་གཞན་ཕྱུགས་ཀྱི་གྲངས་ཀ་མང་དུ་འཕར་བ་དང་བསྟུན་ནས་རྩྭ་སར་གནོན་ཤུགས་ཆེན་པོ་ཐེབས་བཞིན་ཡོད་པས་ལོ་རེ་བཞིན་དུ་རྩྭ་ཐང་ས་ནག་ཏུ་འགྱུར་ཚད་ཚབས་ཆེན་དུ་གྱུར།

ཉིས་སྟོང་ཉི་ཤུ་ལོ་ནས་བཟུང་སྟེ། གྲུབ་ཆ་ལེགས་སྒྲིག་དང་ཁྱད་ཆོས་སྟོབས་ལྡན་དུ་གཏོང་བ་དམ་འཛིན་བྱས་ནས། ཚི་ཧན་ཏ་བ་སྡེ་བས་ཐོན་ལས་ཕན་འབྲས་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དམ་འཛིན་བྱེད་རྒྱུ་གཏན་འཁེལ་བྱས་ནས། མཉམ་ལས་ཁང་དུ་མ་རྐང་ལམ་ལུགས་བཅོས་བསྒྱུར་བྱས་ནས་སྡེ་མི་རྣམས་ཀྱིས་རང་མོས་སྒོས་ཁྱིམ་ཚང་གི་རྩྭ་ར་དང་ཞིང་ས། ཕྱུགས་ཟོག་སོགས་ཐོན་སྐྱེད་རྒྱུ་ཆ་མ་རྐང་དུ་བཞག་ནས་ཚད་ལེན་བྱས་པ་དང་། དེ་དང་མཉམ་དུ་ཚན་རྩལ་ཞིབ་འཇུག་གི་ལག་རྩལ་ནང་འདྲེན་གྱིས་གསོ་སྦྱོང་དང་ཐོན་སྐྱེད། འཛད་སྤྱོད་བཅས་གཞི་གཅིག་ཅན་གྱི་དགེ་མཚན་དང་ཕན་འབྲས་ལྡན་པའི་གསོ་སྤེལ་ལག་རྩལ་གཅིག་བསྡུས་ཀྱི་ཚན་རྩལ་ཞིབ་འཇུག་གི་དཔེ་སྟོན་རྟེན་གཞི་བཙུགས། གཅིག་གྱུར་གྱིས་གསོ་སྤེལ་བྱེད་པ་དང་གཅིག་གྱུར་གྱིས་ཐོན་སྐྱེད་བྱེད་པ། གཅིག་གྱུར་གྱིས་འཛད་སྤྱོད་བྱེད་པ། གཅིག་གྱུར་གྱིས་སྤུས་རྟགས་བསྐྲུན་པ་བཅས་ཀྱི་གཅིག་གྱུར་བཞིའི་བདག་གཉེར་དང་དོ་དམ་བྱེད་སྟངས་ཀྱི་རྣམ་པར་བརྟེན་ནས། སྡེ་བ་དེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཧུར་བརྩོན་ཆེན་པོས་ཁུལ་དང་རྫོང་གི་ཞིང་ཕྱུགས་སྡེ་ཁག་ནས་དབུལ་སྐྱོར་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་ལྔ་ཁྲི་གཉིས་བརྩོན་ལེན་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཞི་བར་སའི་རྒྱ་ཁྱོན་ལ་སྤྱི་ཆིང་བཅུ་གསུམ་ཙམ་ཡོད་པའི་གསོ་སྤེལ་ར་བ་དང་སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་ས། ཕྱུགས་རིགས་ཉོ་འཚོང་ཁྲོམ་ར། ལུག་ཤ་ལས་སྣོན་བྱེད་ས། དེ་མིན་འགྲེམ་སྟོན་ཁང་བཅས་གཞི་གཅིག་ཏུ་འབྲེལ་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་ལུག་ཐོན་ལས་ལེགས་ཆ་དང་ཕན་འབྲས་མཐོ་བའི་གསོ་སྤེལ་ལག་རྩལ་གཅིག་བསྡུས་ཚན་ཞིབ་དཔེ་སྟོན་རྟེན་གཞི་བཙུགས་པ་རེད།

དེ་ཙམ་དུ་མ་ཟད་མཉམ་ལས་ཁང་གིས་ནང་འདྲེན་བྱས་པའི་འབྲོག་ལུག་དང་འབྲོང་རྒྱུད་ལེགས་བཅོས་བྱས་ཏེ་ཕྱུགས་ཁྱུའི་སྒྲིག་གཞི་ལེགས་བཅོས་བྱས་ཤིང་། ལྷག་པར་དུ་སྔོན་ཆད་ལོ་གཅིག་ལ་མ་མོ་ཐེངས་གཅིག་ལ་རྩེབ་པ་ནས་ད་ལྟ་ལོ་གཉིས་ཀྱི་ནང་དུ་ཐེངས་གསུམ་ལ་རྩེབ་པའི་ཕན་འབྲས་ལྡན་པའི་གསོ་སྤེལ་གྱི་ཕྱོགས་སུ་བསྒྱུར་ནས། འབྲོག་ལུག་གི་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་པས། ཕལ་ཆེར་ལོ་རེར་ཕྱུགས་གྲངས་སྟོང་བཞི་དང་བཞི་བརྒྱ་ཙམ་གསོ་ཁ་ནས་འབུད་ཐུབ་ཀྱི་ཡོད་པར་མ་ཟད་ལོ་གཅིག་གི་སྡེ་བའི་ཡོང་སྒོ་དེ་སྒོར་མོ་ས་ཡ་དྲུག་དང་འབུམ་ལྔ་ལ་འབུད་ཐུབ་ཀྱི་ཡོད་པས། སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་གྱི་ཕྱོགས་སུ་བསྒྱུར་བ་དང་། ཉམས་མྱོང་ལྟར་འཚོ་སྐྱོང་བྱེད་པ་ནས་ཚན་རིག་ལྟར་གསོ་སྤེལ་བྱེད་པ། ཁྱིམ་ཚང་རེ་རེས་སིལ་འཚོང་བྱེད་པ་ནས་རྟེན་གཞིས་གཅིག་གྱུར་གྱིས་ཕྱིར་འཚོང་བྱེད་པ་བཅས་ཀྱི་འགྱུར་ལྡོག་ཆེན་པོ་གསུམ་བྱུང་ཡོད་པ་རེད།

ནོར་ལུག་འཚོ་སྟངས་བསྒྱུར་བ་དང་འབྲོག་པས་འཚོ་བ་རོལ་སྟངས་བསྒྱུར། དེ་བས་ཚི་ཧན་ཏ་བ་སྡེ་བ་ནི་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་རེད།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་སྐབས་བདུན་པའི་གཙགས་དྲུབ་དང་གླུ་གར་སྒྱུ་རྩལ། ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་དུས་ལྟར་གཟབ་རྒྱས་ངང་ཚོགས་པ་དང་། དེ་ནི་ཀོས་ནན་རྫོང་གིས་མཚོ་ལྷོ་ཁུལ་དང་མཚོ་སྔོན་ཞིང་ཆེན། རྒྱལ་ཡོངས་བཅས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་དུས་སྐབས་སུ་ཚོགས་པའི་སྐྱེ་ཁམས་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་མཉམ་འདྲེས་ཟབ་མོ་བྱུང་བའི་དུས་ཆེན་གཟབ་རྒྱས་ཤིག་རེད།

ཀོས་ནན་རྫོང་ལ་མཚོན་ན།  ནུས་ཤུགས་ཡོད་རྒུས“དེང་རབས་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་གཏོང་བའི”གསེར་གྱི་མིང་བྱང་བསྐྲུན་པར་བརྟེན། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་རྙེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པར་མ་ཟད།  སྤྱི་ཚོགས་ལས་རིགས་ཁག་ལ་ཕྱོགས་ཡོངས་ནས་“བཀྲག་མདངས་འཚེར་བའི་ཀོས་ནན”དང་སྤུས་ལེགས་ཐོན་ལས་ཀྱི་ཐོན་རྫས་དེ་ཕྱི་ཕྱོགས་ལ་དྲིལ་སྒྲོག་དང་སྒོ་མོ་འབྱེད་པའི་རྣམ་པ་བཟང་བོ་ཞིག་ཀྱང་རེད།

ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོའི་གངས་ལྗོངས་ནོར་གཡང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས། ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་བཙུགས་ཏེ་མང་ཚོགས་ཀྱི་ཕྱུགས་རིགས་དང་རྩྭ་ས། རྨོ་ཞིང་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་རྨང་གཞིའི་ཐོག  ལས་བགོས་དང་ལས་རིགས་ཕྱེས་ནས་ཐོན་སྐྱེད་བྱས་ཏེ་འབྲོག་པའི་ཐོན་སྐྱེད་དང་སྒྲིག་འཛུགས། བགོ་བཤའ་རྒྱག་སྟངས་དང་འཕེལ་རྒྱས་གཏོང་སྟངས་བཅས་ལ་སྒྱུར་བཀོད་བྱས་པ་དང་། མ་རྐང་ནང་ཞུགས་པའི་སྤྱིའི་རྒྱུ་ནོར་སྒོར་མོ་ས་ཡ་བཞི་ཙམ་ཟིན་ལ་ངལ་རྩོལ་རྩལ་ནུས་གཞིར་བཟུང་ནས་ཡང་བསྐྱར་ངལ་རྩོལ་ནུས་ཤུགས་བཀོད་སྒྲིག་བྱས་ཏེ། ཁྱིམ་ཚང་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་བྱས། དེའི་ནང་མ་རྐང་ལམ་ལུགས་སྒྱུར་བཀོད་བྱས་པ་བརྒྱུད་གངས་ལྗོངས་ནོར་གཡང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ཐོན་ཁུངས་རྐང་དབང་དང་མ་དངུལ་མ་རྐང་དུ་བསྒྱུར་བ།འབྲོག་པ་མ་རྐང་འཇོག་མཁན་དུ་གྱུར་པ་བཅས་མངོན་འགྱུར་བྱུང་ཞིང་།  “འབྲོག་པ་དང་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས། ཀོས་ནན་རྫོང་གིས་འབྲོག་པས་ཁྱིམ་ཚང་རྩྭ་ར་འཛུགས་པར་སྣེ་ཁྲིད་བྱས་ཏེ་ སྔོན་ཆད་ཀྱི་ས་གནས་དེའི་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་ཀྱི་རྣམ་པ་བསྒྱུར། ཐོན་ལས་ཅན་གྱི་གཉེར་སྐྱོང་དང་ལྷག་པར་དུ“མི་གཅིག་ལ་ནོར་གཅིག  མི་གཅིག་ལ་ལུག་བཅུའི”ཐོན་ལས་བྱེད་སྟངས་ལག་ལེན་དུ་བསྟར་ནས་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་པ་དང་། སྡེ་བ་དང་ཡུལ་ཚོ་རུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུར་སྐུལ་མ་བཏང་ནས། མ་རྐང་ལམ་ལུགས་སྒྱུར་བཀོད་དང་སྒྲིག་འཛུགས་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་བྱས་པས་ཀོས་ནན་རྫོང་གི་ཕྱུགས་ལས་ཡོང་འབབ་སྔོན་ལས་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་། ལྷག་པར་དུ་ཀོས་ནན་རྫོང་གི་རྫོང་དབུལ་པོའི་ཕྱོགས་གསུམ་པའི་དཔྱད་འཇོག་བརྟག་དཔྱད་ཁྲོད་མང་ཚོགས་བློ་ཡིད་ཚིམ་ཚད་དང་ཁྱིམ་ཚང་དུ་ཐོན་ལས་མ་དངུལ་བཏང་ཚད་དེས་སོ་སོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད་པ་རེད།

ཀོས་ནན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཉིན་ཧྥ་ཀོས་ཀྱིས་བཤད་རྒྱུར། “རྩྭ་འདེབས་ཕྱུགས་གསོ་དང་སྐྱེ་ཁམས་་སྲུང་སྐྱོབ། མོ་ཕྱུགས་ཀྱི་བསྡུར་གྲངས་ཇེ་མང་དུ་གཏོང་བ། ཕྱུགས་རིགས་འཁོར་རྒྱུག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ”བཅས་ཀྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་སྟེ། 2025ལོར་བསླེབ་དུས་ཀོས་ནན་རྫོང་གིས་ནོར་གནག་གསོ་སྤེལ་བྱེད་པའི་གྲངས་ཀ་དེ་འབུམ་གཉིས་དང་ཁྲི་ལྔའི་ཡན་དུ་བསླེབ་སྲིད་པ་དང་ལོ་རེར་ཕྱུགས་ཟོག་འབུམ་གཅིག་དང་ཁྲི་གཅིག་གི་ཡན་ལྷག་གསོ་ཁ་ནས་འབུད་ཐུབ་ངེས་རེད་ཟེར།

སྤྱིར་འབྲོག་ཁུལ་དུ་ལས་སྣོན་མ་བྱས་པའི་འབྲི་མོའི་འོ་མ་རྒྱ་མ་གང་ལ་སྒོར་མོ་ལྔ་ཙམ་ཡིན་ཞིང་། ཡིན་ནའང་ཞིན་ཧེ་རྫོང་གིས་ཐོན་ལས་གསོ་སྤེལ་དང་མངགས་བཅོལ་ལས་ཚབ། དྲ་ཐོག་ཚོང་གཉེར་སོགས་ཀྱི་བྱེད་ཐབས་བརྒྱུད་རྗེས་སུ་འོ་མ་ཧོ་ཧྲིན་ཉིས་བརྒྱ་དང་བཅུ་ཡི་རིན་གོང་དེ་སྒོར་མོ་ཉེར་ལྔར་འབུད་ཐུབ་ཀྱི་ཡོད།

ཉིས་སྟོང་བཅོ་བརྒྱད་ལོར། ཞིན་ཧེ་རྫོང་དེ་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་སྡེ་བར་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་ཚུད་རྗེས་སུ། ཞིན་ཧེ་རྫོང་གིས་འབྲི་མོའི་འོ་མའི་ཐོན་ལས་དེ་གློག་རྡུལ་ཚོང་ལས་ཀྱི་ཐོན་རྫས་གཙོ་བོར་བཞག་སྟེ། ཞིན་ཧེ་རྫོང་དུ་ཐོན་ལས་གཙོ་བོ་མངོན་གསལ་ཡིན་ལ་ཐོན་ལས་མང་པོར་རྗེས་འདེད་ཐུབ་པའི་ཐོན་ལས་ཀྱི་རྣམ་པ་ཞིག་གྲུབ་པར་བྱས།  དེར་མ་ཟད་ཧྲིན་ཀྲིན་དང་ཀྲུང་ཧྲན་སོགས་ས་ཁུལ་བཅུ་བཞི་ཙམ་གྱི་ཚབ་སྒྲུབ་ཚོང་པར་ཚོང་རྫས་འཛད་སྤྱོད་བྱེད་པའི་གྲོས་མཐུན་མིང་རྟགས་བཀོད་པས་ཞིན་ཧེ་རྫོང་གི་འོ་མའི་ཐོན་ལས་དེ་མཚོ་སྔོན་ནས་ཀྲུའུ་ཧེ་སོགས་རྒྱལ་ཡོངས་ཀྱི་ཁྲོམ་ར་སོ་སོར་ཁྱབ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་། “སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བ་དང་ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བ། སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བ”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས།  སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས།  མིག་སྔར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ང་ལྔ་སྐྱེད་སྲིང་བྱས་པ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྟོང་གཅིག་དང་ཉིས་བརྒྱ་ཞེ་དྲུག་ཡོད་ལ། ཁྱིམ་ཚང་ཞིང་ཕྱུགས་ར་བ་བརྒྱད་བརྒྱ་དང་གསུམ་བསྐྲུན་ཡོད་པར་མ་ཟད།   ཀྲུང་གོའི་ཚོང་རྟགས་གྲགས་ཅན་གཉིས་དང་ཀྲུང་གོའི་ས་ཁམས་མཚོན་རྟགས་ར་སྤྲོད་ཚོང་རྟགས་བདུན་ཡོད།   ཁྲི་ཀའི་སྦྲང་རྩི་སོགས་ཁེ་ལས་ཀྱི་ཐོན་རྫས་ལ་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཐོབ་ཡོད་ཅིང་།  གུང་ཧོ་རྫོང་གི་ནས་དང་ཚྭ་རྔ་འགག་གི་ཉ་ལ་ས་ཁོངས་རང་བཞིན་གྱི་སྤྱི་སྤྱོད་སྤུས་རྟགས་སུ་ངོས་འཛིན་བྱས་ཡོད།

《མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་ཇུས་གཞི》གཞིར་བཟུང་ནས2021ལོར་མཚོ་ལྷོ་ཁུལ་གྱིས་“སྤུས་རྟགས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བའི”འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྐད་གྲགས་ཆོད་པ་དང་ཤུགས་རྐྱེན་ཆེ་བའི་གཅིག་གྱུར་གྱི་སྤུས་རྟགས་ཤིག་གསར་སྐྲུན་གྱིས་སྡེ་ཚོགས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆགས་པར་བྱས་ནས། ཞིང་པའི་ཡོང་སྒོ་འཕར་སྣོན་གཏོང་བའི་ཐོན་རྫས་སུ་འགྱུར་བར་བྱེད་རྒྱུ་གཏན་འབེབས་བྱས་པ་རེད། དེར་བརྟེན་འོ་མའི་ཐོན་ལས་ཀྱི་སྤུས་རྟགས་དེ་ནི་ཞིང་འབྲེལ་ཁེ་ལས་དང་ཁྱིམ་ཚང་ཕྱུགས་ར། ཞིང་ཕྱུགས་ལས་མཉམ་ལས་ཁང་བཅས་ལ་དབང་བ་དང་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མ་འོངས་པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་རྫས་ཀྱི་སྤུས་རྟགས་རྒྱ་ཆེར་གཏོང་བ་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།    སྤུས་རྟགས་དྲིལ་སྒྲོག་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་བཞི་ནས་མོགོ་བརྩམས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤྱི་ཕན་སྤུས་རྟགས་འཕེལ་རྒྱས་གཏོང་བའི་སྤྱིའི་འཐབ་ཇུས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་རིག་གནས་ཀྱི་དོན་སྙིང་སྔོག་འདོན་བྱེད་པ། ཚོང་གཉེར་གྱི་ཐབས་ལམ་དང་བྱེད་སྟངས་གསར་གཏོད་བྱེད་པ། ཚན་རྩལ་མ་ལག་གི་འདེགས་སྐྱོར་སོགས་དང་སྤུས་རྟགས་འཛུགས་སྐྲུན་བྱེད་པར་ཕན་ཚུན་ཟུང་འབྲེལ་བྱས་ཏེ།  སྤུས་རྟགས་འཐབ་ཇུས་ཀྱི་འཆར་འགོད་ཆ་ཚང་ཞིག་ཆགས་པར་བྱས་ནས།  མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་དེ་ས་ཁུལ་མང་པོར་ཁྱབ་པར་འབད་བརྩོན་བྱེད་རྒྱུ་རེད།

                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།