འབད་འབུངས་ཆེར་སྐྱེད་དང་བརྩོན་འགྲུས་ལྷོད་མེད་བྱེད་དགོས།
2022.01.07 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཀྲུའུ་ཞི་ཞི་ཅིན་ཕིང་གི2022ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ།

མི་དམས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུར་འཕོ་འགྱུར་ཆེན་པོ་བྱུང་ནས་ལོ་བརྒྱའི་འབད་འཐབ་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། 2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་བརྩེ་སེམས་ཟབ་མོས་ཕྱིར་དྲན་གནང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བརྗིད་ཆེའི་དམིགས་འབེན་ལ་གཞིགས་ནས། ང་ཚོས་འབད་འབུངས་ཆེར་སྐྱེད་དང་བརྩོན་འགྲུས་ལྷོད་མེད་བྱས་ཚེ། གཞི་ནས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་བྱེད་ཐུབ།  རྒྱང་རིང་ལ་བསམ་གཞིག་གཏོང་བ་དང་བདེ་སྡོད་ཉེན་བསམ་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་རྒྱ་ཆེ་པོར་བསམ་ཞིང་ཞིབ་ཚགས་པོས་སྒྲུབ་ཅེས་པ་ལྟར་ཡིན་ཞེས་ནན་བཤད་གནང་ཡོད།

2021ལོར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད།  ལོ་ངོ100ཡི་སྔོན།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཏང་ཡོན་ལྔ་བཅུ་ལྷག་ལས་མེད་པ་དང་། ད་ལྟ་ཏང་ཡོན་བྱེ་བ་དགུ་ས་ཡ་ལྔ་ལྷག་ཡོད་ཅིང་། མི་གྲངས་དུང་ཕྱུར14ལྷག་གི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་བཞིན་ཡོད་པས།  གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་འཛིན་ཏང་ཆེན་པོ་ཨང་དང་པོར་གྱུར་ཡོད།  ཧྲི་ཁུའུ་མོན་ནས་གནམ་བདེ་སྒོ་མོ་ཆེ་དང་།  ཞིན་ཡེ་ལམ་ནས་ཧྥུའུ་ཞིན་ལམ།  གྲུ་གཟིངས་དམར་པོ་ཆུང་ཆུང་ནས་བརྗིད་ཆགས་གྲུ་གཟིངས་ཆེན་པོ་བཅས་ཀྱི་བར་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་མི་རིགས་ཀྱི་ཆེད་དུ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས། མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་དཀའ་ཚེགས་སྟོང་ཕྲག་མྱངས་ཀྱང་དཔའ་ངར་ཞུམ་མེད་དང་ཉེན་ཁ་ཁྲི་ཕྲག་བརྒྱུད་ཀྱང་བློ་བརྟན་འགྱུར་མེད་སྒོས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་བརྗིད་ཆེའི་སྣང་བརྙན་བཏོད་ཡོད་པས།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད་པས། རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཏང་ཞིག་ཏུ་གྱུར་བ་དང་། ཀྲུང་གོ་གུང་ཁྲན་ཏང་མེད་ན། ཀྲུང་གོ་གསར་པ་མེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་མེད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་ན། མཐའ་མའི་རྒྱལ་ཁ་ཐོབ་པར་འགྱུར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཏང་གི་ལོ་རྒྱུས་གྲོས་ཆོད་གསུམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དེ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡིན་ལ།  ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན། ད་ལྟ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དམིགས་འབེན་དང་བར་ཐག་ཧ་ཅང་ཉེ་བ་དང་།   ཡིད་ཆེས་དང་འཇོན་ཐང་དེ་བས་ཆེ་བ་ལྡན་པའི་དུས་མཚུངས་སུ།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོར་འབྱུང་བ་དང་།  རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་མིན་ལ།  འགོག་རྐྱེན་མེད་ཅིང་དུས་ཡུན་ཐུང་ངུའི་ནང་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་གང་ལེགས་བྱེད་དགོས།   ང་ཚོས་ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པའི་རྩ་བའི་གནད་དོན་འདི་ཡིད་ལ་བརྟན་པོར་ངེས་དགོས།  གང་ནས་ཡོང་བ་དང་གང་དུ་སྐྱོད་པ་ཞེས་པའི་གཞི་རྩའི་བརྗོད་གཞི་འདིར་ལན་ཡག་པོ་འདེབས་དགོས་པ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ།    སེམས་ཤུགས་ཡོད་རྒུས་གཏན་འཁེལ་བྱས་ཟིན་པའི་དམིགས་འབེན་མཐའ་དག་མངོན་འགྱུར་བྱེད་པ་དང་།  རིག་པ་གསལ་བོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ལྕགས་རྡུང་པར་ཐོ་བ་མཁྲེགས་དགོས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངས་དེ་སྔ་མའོ་ཀྲུའུ་ཞི་དང་སྐུ་ཞབས་ཧོང་ཡན་ཕའེ་ཡི་ས་དོང་ནང་གི་གླེང་མོལ་དེའི་སྐོར་བརྗོད་མྱོང་ཡོད།  ང་ཚོས་རང་ངོས་ནས་གསར་བརྗེ་བྱེད་ཕོད་ཚེ་གཞི་ནས་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་བདག་གིར་འཛིན་ཐུབ།  ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལས། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་སྲིད་ཏང་ནི་ལྷན་སྐྱེས་ཤིག་མ་ཡིན་པར། དུས་ཡུན་རིང་པོའི་སྤྱི་ཚོགས་ལག་ལེན་ཁྲོད་དུ་སྦྱོང་བརྡར་བྱས་ནས་གྲུབ་པ་ཞིག་དང་། རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་པའི་ཁྲོད་དུ་ཞུན་བརྡར་བྱས་ནས་གྲུབ་པ་ཞིག་ཡིན་པ་གསལ་བོར་མཚོན་ཡོད། ཏང་རླབས་ཆེ་བ་ནི་ནོར་འཁྲུལ་མི་བཟོ་བ་མ་ཡིན་པར་ནོར་འཁྲུལ་བྱུང་ན་མྱུར་དུ་གཡོ་བསྲང་བྱེད་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱེད་པ། གནད་དོན་ལ་གདོང་གཏོད་ཕོད་པ།  རང་ངོས་གསར་བརྗེ་བྱེད་ཕོད་པ་དེ་ཡིན། ཏང་གིས་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་བརྒྱུད་རུང་། སྔར་བཞིན་གསོན་ཤུགས་རྒྱས་བཞིན་ཡོད།  དེ་ནི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པས་རེད།  ངེས་པར་དུ་དཀའ་སྤྱད་འབད་བརྩོན་དང་བདེ་སྡོད་ཉེན་བསམ་ཡིད་ལ་བཅངས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་དཔའ་བོའི་བློ་སྟོབས་རྒྱུན་འཁྱོངས་བྱས་ཏེ།  ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། རང་གཤིས་མི་འགྱུར་བ་བཅས་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད། ང་ཚོས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་རྒྱུན་ཆད་མེད་པར་གཙང་སེལ་དང་། ཏང་གི་དྭངས་གཙང་ལ་བསླད་སྐྱོན་གཏོང་བའི་ནད་དུག་མཐའ་དག་རྒྱུན་ཆད་མེད་པར་གཙང་སེལ་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་ཚེ། རང་རེའི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་ཐུབ་པ་དང་། ནམ་ཡང་མི་ཕམ་པའི་གནས་སུ་ལངས་ནས། ཏང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་བྱེད་ཐུབ།

དུས་རབས་གཅིག་ལ་སྐྱིད་སྡུག་མཉམ་མྱོང་བྱས། ལེ་བར་ཁྲི་དགུར་བདེན་དོན་བྱ་སྤྱོད་སྤེལ། དུས་རབས་ནི་རྒྱུགས་ཤོག་འདོན་མཁན་དང་། ང་ཚོ་ནི་རྒྱུགས་ལན་འདེབས་མཁན། མི་དམངས་ནི་རྒྱུགས་ཤོག་བཅོས་མཁན་བཅས་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ་དང་།  འབད་འབུངས་ཆེར་སྐྱེད་དང་། བརྩོན་འགྲུས་ལྷོད་མེད། དུས་བསྟུན་འཕེལ་རྒྱས། རྒྱུན་མཐུད་འབད་འཐབ་བཅས་བྱས་ཚེ། ང་ཚོས་ཏང་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་གསར་བ་བསྐྲུན་ཐུབ་ངེས་ཡིན་ལ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་རྣམ་པ་གསར་བ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ཐུབ་ངེས་ཡིན།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།