མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་དཔུང་བ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱེད་དགོས།
2022.01.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཟླ1ཚེས8ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ6.9བྱུང་བ་རེད།  གནོད་འཚེ་ནི་བཀའ་རྒྱ་ཡིན་ལ་དུས་ཚོད་ནི་ཚེ་སྲོག་ཡིན། ས་ཡོམ་བྱུང་རྗེས་འཕྲལ་སྒྲུབ་དང་། སྤྱི་བདེ། མེ་གསོད། འགྲིམ་འགྲུལ། གློག་ཤུགས། དམངས་སྲིད་སོགས་སྡེ་ཁག་དང་ལས་ཁུངས་ཀྱིས་སྟོབས་ཤུགས་མཉམ་འདོན་བྱས་ནས།  མི་ཤུགས་དང་སྒྲིག་ཆས་འབོར་ཆེན་བཀོད་སྒྲིག་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ།   གནོད་འཚེའི་གནས་ཚུལ་ལ་དཔྱད་ཞིབ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

ས་ཡོམ་བྱུང་རྗེས་མིན་ཡོན་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་རོགས་ལས་ཉེན་རྟོག་པ་204རྩ་འཛུགས་བྱས་ནས།   ས་ཡོམ་བྱུང་རྗེས་ཀྱི་འབྲེལ་ཡོད་ཐག་གཅོད་གནས་ཚུལ་ལ་དུས་ཐོག་ཏུ་རྒྱུས་ལོན་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།  གནོད་འཚེ་ལས་བྱུང་བའི་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཞིབ་བཤེར་བྱས་པར་མ་ཟད།  དྲ་ཐོག་དང་དྲ་ཕྱིའི་སྐོར་གཡེང་ཚོད་འཛིན་སོགས་ཀྱི་འཕྲལ་སྒྲུབ་ཐག་གཅོད་ལས་དོན་བཀོད་སྒྲིག་བྱས།  སྐབས་དེར་སྐད་འཕྲིན་དང་ཁ་པར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས།  མི་སྣའི་བདེ་འཇགས་དང་སྡོད་ཁང་ལ་གནོད་འཚེ་ཐེབས་པ་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་དང་། རང་འགུལ་ངང་མཛུབ་སྟོན་དང་རོགས་རམ། དུས་ཐོག་ཏུ་དྲན་སྐུལ་ཁྲིད་སྟོན་བཅས་བྱས་པ་དང་། སྤྱི་ཚོགས་ཐོག་གི་བདེ་འཇགས་འགྲིམ་འགྲུལ་སྒྲིག་ལམ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱས་ཏེ།  དུས་ཚོད་སྐར་མ20རེར་འགུལ་རྣམ་གྱི་ཆ་འཕྲིན་འཚོལ་བསྡུ་བྱས་ནས་ཡར་ཞུ་བྱས་པ་དང་།   སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་ནས་ས་ཡོམ་བྱུང་རྗེས་ཀྱི་གཞུང་ལམ་འགྲིམ་འགྲུལ་གནས་ཚུལ་དང་གནོད་ཐེབས་གནས་ཚུལ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པར་མ་ཟད། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་རང་འགུལ་ངང་ལན་སློག་པ་དང་། དྲ་ཐོག་གི་གླེང་ཕྱོགས་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་པ།  འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་མིན་ཡོམ་འགོག་ཤེས་བྱ་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་དཀྲོག་གཏམ་མི་བཤད་པ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ།  དཀྲོག་གཏམ་མི་སྤེལ་བ་བཅས་བྱེད་པར་ཁྲིད་སྟོན་བཟང་བོ་བྱས།

བདེ་འཇགས་སྡེ་ཁག་གིས་མངགས་གཏོང་ཁང་ལ་ཏང་སྲིད་ལས་ཁུངས་དང་། ཆུ་གློག་སྣུམ་རླངས།   ཉེན་ཁ་ཆེ་བའི་འབར་གས་དངོས་རྫས་བཅས་ཀྱི་ཁེ་ལས་སོགས་གཙོ་གནད་ལས་ཁུངས་སུ་མངོན་མེད་རྐྱེན་ངན་ཞིབ་བཤེར་གྱི་ལས་དོན་སྤེལ་དགོས་པའི་མཛུབ་སྟོན་བྱས་ནས།  ཞོར་ཐོན་གནོད་འཚེ་འབྱུང་བར་བཀག་འགོག་མཐའ་གཅིག་ཏུ་བྱས་པ་རེད།

མིག་སྔར་རྫོང་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་བཟང་བ་དང་མི་སྣ་ཤི་རྨས་དང་དེ་བཞིན་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་ཐེབས་པའི་སྙན་ཞུ་འབྱོར་མེད་པ་དང་། ས་ཡོམ་ལས་བྱུང་བའི་སྤྱི་པའི་བདེ་འཇགས་ཀྱི་དོན་རྐྱེན་དང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་མེད་པ་རེད། རྫོང་ཡོངས་ཀྱི་ཆུ་ཤུགས་གློག་ཁང་དང་། སྣུམ་སྣོན་ས་ཚིགས། དྲོད་རླངས་མཁོ་འདོན་མ་ལག་བཅས་ཚང་མ་རྒྱུན་ལྡན་ཡིན་པ་རེད།

ཟླ1ཚེས9ཉིན་མཚོ་བྱང་གི་མེ་གསོད་རོགས་སྐྱོབ་རུ་ཁག་གིས་རོགས་སྐྱོབ་ཡན་ལག་རུ་ཁག་བདུན་གྱི་བཀོད་འཐབ་པ་མིན་ཡོན་རྫོང་རྒྱལ་མཁར་སོག་རིགས་ཡུལ་ཚོར་མངགས་ནས།  རྒྱང་ཐག་རིང་བའི་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་སྤྱིའི་གནོད་ཐེབས་གནས་ཚུལ་ལ་གྲལ་བཤེར་བྱས།

ང་ཚོས་ཡུལ་དངོས་ནས་ཚན་ཆུང5བགོས་ཏེ་རྒྱལ་མཁར་ཡུལ་ཚོ་དང་རྟ་སྒར་སྡེ་བ།  ཞི་ཐན་སྡེ་བ།  པེ་ཧྲན་སྡེ་བ་སོགས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་སོང་ནས། འཚོལ་སྐྱོབ་ལས་དོན་སྤེལ་ཏེ།   སྟོབས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་ཅི་ཐུབ་བྱས་པ་ཡིན་ཞེས་ཡན་ལག་རུ་ཁག་གི་རུ་དཔོན་གཞོན་པ་ལོ་བརྒྱ་ཡིས་དེ་ལྟར་བཤད་བྱུང་།

ཆ་སྙོམས་མཚོ་འཕང་སྨི3000ལྷག་ཡོད་པའི་རྒྱལ་མཁར་ཡུལ་ཚོ་ནི་ས་ཡོམ་བྱུང་ས་དང་བར་ཐག་ཉེ་ཤོས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཞིག་ཡིན་པ་དང་། གནས་དེར་འབྲོག་པ་མང་ཚོགས2000ཙམ་འཚོ་སྡོད་བྱས་ཡོད།

མིག་སྔར་རྒྱལ་མཁར་ཡུལ་ཚོ་རྟ་སྒར་སྡེ་བའི་སྡེ་མི་རྣམས་ས་ཡོམ་གྱི་འཇིགས་སྐྲག་ལས་ཐར་ཏེ་སེམས་བདེ་མོས་ཐོན་སྐྱེད་དང་འཚོ་བ་རོལ་འགོ་བརྩམས་ཡོད།  མཚོ་བྱང་གི་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་རྒྱུན་ཆད་མེད་པར་མེ་ཟོན་ཞིབ་བཤེར་བྱས་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བར་མ་ཟད། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་བསྒྲུབས་པ་དང་། མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་ལེགས་པོ་བྱས་པ།  གནོད་ཐེབས་ས་ཁུལ་དུ་སྐོར་ཞིབ་དང་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བྱས་པ་རེད།

ཟླ1ཚེས་8ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་ཀྱི་སྟེང་། ས་ཡོམ་བྱུང་ནས་དུས་ཚོད་སྐར་མ15འགོར་རྗེས། མིན་ཡོན་རྫོང་གཞུང་ལམ་ལམ་དུམ་ས་ཚིགས་ཀྱི་འགོ་གཙོ་ལིས་ཧྥུའུ་ཀོས་ཀྱིས་ལས་གྲོགས20ལྷག་རྩ་འཛུགས་བྱས་ནས། ཚན་ཆུང6བགོས་ཏེ་རྒྱལ་ལམ227དང་318དུ་བསྐྱོད་དེ། ས་ཡོམ་བྱུང་རྗེས་ཀྱི་གཞུང་ལམ་ལ་གྲལ་བཤེར་བྱས་པ་རེད།

ལིས་ཧྥུའུ་ཀོས་དང་ལས་གྲོགས་ཚོས་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས།  མིན་ཡོན་མངའ་ཁོངས་ནང་གི་རྒྱལ་ལམ་ལ་གྲལ་བཤེར་བྱས་ནས། གཞུང་ལམ་ཚང་མ་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་རེད།

ས་ཡོམ་བྱུང་རྗེས་མིན་ཡོན་རྫོང་རྒྱལ་ཁབ་གློག་དྲ་གློག་ཤུགས་ཀུང་སིའི་ལས་བྱེད་མི་སྣས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མི་དམངས་གློག་ལས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི་དམིགས་ཡུལ་སེམས་སུ་བཟུང་ནས།  ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ཀྱི་གློག་མཁོ་སྤྲོད་འགན་ལེན་བྱས་པ་རེད།

ཟླ1ཚེས9ཉིན་མིན་ཡོན་རྫོང་དམངས་སྲིད་ཅུས་ཀྱི་ལས་བྱེད་མི་སྣས་སྲིང་བལ་ཉལ་ཐུལ40གནོད་ཐེབས་ས་ཁུལ་དུ་བསྐྱལ་བར་མ་ཟད། ས་ཡོམ་བྱུང་སའི་རྒྱལ་མཁར་ཡུལ་ཚོར་སོང་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་དང་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་ཞིབ་མོ་བྱས་པ་རེད།

མ་བུན་ཧྲིན་ནི་རྒྱལ་མཁར་ཡུལ་ཚོའི་རྟ་སྒར་སྡེ་བའི་འབྲོག་པ་ཞིག་ཡིན་ཞིང་། ས་ཡོམ་བྱུང་རྗེས་ཁོ་ཚང་གི་ཁང་པར་ཚད་མི་འདྲ་བའི་གས་སྲུབ་ཤོར་ཡོད། གནོད་སྐྱོན་ཐེབས་པའི་ཁང་པའི་མདུན་གྱི་གནོད་འགོག་རས་གུར་ནི་གནས་སྐབས་ཀྱི་སྡོད་ས་ཞིག་ཡིན་མོད། འོན་ཀྱང་འཚོ་བ་སྔར་བཞིན་སྐྱེལ་དགོས།    མིན་ཡོན་རྫོང་དམངས་སྲིད་ཅུས་ཀྱི་ཏང་ཡོན་ལས་བྱེད་མི་སྣས་གནོད་སེལ་དངོས་ཟོག་མ་བུན་ཧྲིན་ལ་སྟེར་ཞོར་དུ་འཚོ་བའི་ཁྲོད་དགོས་མཁོ་གང་ཞིག་ཡོད་ཚེ་མྱུར་དུ་ང་ཚོར་ཤོད་དང་། ཏང་དང་སྲིད་གཞུང་གིས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་ངེས་ཡིན། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་གནོད་འཚེ་མྱུར་དུ་སེལ་ཐུབ་པར་ཡིད་ཆེས་ཡོད་ཅེས་ཐུགས་ཁུར་གྱི་ཚུལ་དུ་དེ་ལྟར་བཤད་བྱུང་།

མིན་ཡོན་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཝུན་ཏུང་གིས་བཤད་རྒྱུར།     ས་ཡོམ་བྱུང་རྗེས་ཁོ་ཚོས་འཕྲལ་དུ་ཏང་ཡོན་ལས་བྱེད་པ་དང་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས། རྫོང་རྒན་གསོ་ཁང་དུ་སོང་ནས་མཚན་མོ་དེར་རས་གུར་ཕུབ་པར་མ་ཟད། སེམས་གསོ་བྱེད་པའི་བྱ་བ་ནན་ཏན་སྒོས་སྒྲུབ་པ་ཡིན་ཟེར།

གསར་འགོད་པ་མིན་ཡོན་རྫོང་སྐྱེ་དངོས་ཐོན་ལས་གླིང་ཁུལ་དུ་ཡོད་པའི་འཕྲལ་སྒྲུབ་དངོས་ཟོག་མཛོད་ཁང་དུ་བསྐྱོད་པ་ན། སྲིང་བལ་གྱི་རས་གུར་དང་། ལྟེབ་བརྩེགས་ཉལ་ཁྲི།  སྲིང་བལ་གྱི་གྱོན་གོས་དང་ཉལ་ཐུལ།  འཕྲལ་སྒྲུབ་གློག་ཁུངས་སོགས་དངོས་ཟོག་དག་རིགས་དབྱེ་ནས་བཞག་ཡོད་པ་མཐོང་།

མིག་སྔའི་གནས་ཚུལ་ལ་བལྟས་ན། ང་ཚོར་གསོག་འཇོག་འདང་ངེས་ཡོད་པས་དངོས་ཟོག་མི་འདང་བའི་སྣང་ཚུལ་འབྱུང་མི་སྲིད།  མིན་ཡོན་རྫོང་འཕྲལ་སྒྲུབ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཆིན་ཀྲུང་ཧུའེ་ཡིས་བཤད་རྒྱུར། ང་ཚོའི་དངོས་ཟོག་སྐོར་དང་པོ་དེ་ཞོགས་པའི་དུས་ཚོད7ཡས་མས་སུ་གནོད་འཚེ་ཚབས་ཆེན་ཐེབས་པའི་རྒྱལ་མཁར་ཡུལ་ཚོར་བསྐྱེལ་ཟིན་ཟེར།

ཉིན་དེར་གསར་འགོད་པས་རྟ་སྒར་སྡེ་བའི་སྡེ་མི་ཧྲི་ཅིས་ཁུའེ་ཡི་ཁྱིམ་གྱི་སྒོ་རའི་ནང་སྲིང་བལ་གྱི་རས་གུར་ཕུབ་ཡོད་པ་དང་།  ནང་དུ་མེ་ཐབ་དང་། ཉལ་ཁྲི། མདུན་ཅོག་བཅས་སྒྲིག་ཡོད་པ་མཐོང་།  ཧྲི་ཅིས་ཁུའེ་ཡིས་བཤད་རྒྱུར།  ཁང་པར་གས་སྲུབ་ཤོར་བས་ཁྱིམ་མི་ཚང་མ་སྐྲག་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར།  ཡིན་ནའང་སྲིད་གཞུང་གིས་ཚེས8ཉིན་གྱི་ཞོགས་པར་ང་ཚོར་རས་གུར་ཕུབ་བྱུང་བས་དངོས་གནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

ཏང་ཡོན་ལས་བྱེད་མི་སྣས་སྔར་བཞིན་གནོད་ཐེབས་ས་ཁུལ་གྱི་ལས་ཡུལ་དང་པོ་བརྟན་སྲུང་བྱས་ནས། གནོད་ཐེབས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ལས་བརྒལ་ཐུབ་པ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་མགྱོགས་མྱུར་ངང་སླར་གསོ་ཐུབ་པར་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།