མཛེས་སྡུག་ལྡན་པའི་འབྲོག་པའི་ཁྱིམ་གཞིས།
2022.01.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

རྨ་ཆེན་གངས་རིའི་འདབས་རོལ ། 

རྨ་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་ཅིང་། གནས་དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བ་ཡིན་ལ་ཆ་སྙོམས་ཀྱི་མཚོ་འཕང་ལ་རྨིད་བཞི་སྟོང་ཉིས་བརྒྱ་ཡོད།  ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེའི་སྟེང་དུ་འཚོ་བ་རོལ་བཞིན་པའི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དེ་རང་བྱུང་ཁམས་དང་ཆུ་དང་འོ་མ་ལྟར་གཞི་གཅིག་ཏུ་འདྲེས་ནས་མི་རྣམས་འཚོ་སྡོད་ཀྱི་ཁོར་ཡུག་ཡག་པོ་ཞིག་གྲུབ་ཡོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན།

ཉེ་བའི་ལོ་ཤས་རིང་རྨ་ཆེན་རྫོང་གིས“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་གསལ་བོར་བཅངས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་ཅིང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་གྲུབ་པར་བྱས།

དགུན་དུས་སུ་གསར་འགོད་པ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ཉི་མ་ལུང་སྡེ་བར་ཐོན། གནས་དེ་ནས་རྒྱང་དུ་བལྟས་ཚེ།  རི་ལྡེབས་སུ་ཆགས་པའི་འབྲོག་ཁྱིམ་དེ་དག་གངས་རི་དང་རྩྭ་ཐང་དང་གཞི་གཅིག་ཏུ་འདྲེས་པས་གངས་ལྗོངས་མཐོ་སྒང་གི་ཡུལ་གྲུ་དེ་སྣུམ་ཚོན་གྱི་རི་མོ་ཞིག་དང་འདྲ་བར་མིག་ལ་ཤིན་ཏུ་མཛེས།

“ད་སྐབས་ཁོར་ཡུག་འདི་འདྲ་ཡིན་པ་མ་གཏོགས།  སྔོན་ཆད་ལམ་གྱི་གཡས་གཡོན་ཐམས་ཅད་འགྱིག་དམ་དང་ཤེལ་ཆག  འཚོ་བའི་གད་སྙིགས་སྣ་ཚོགས་ཀྱིས་ཁེངས་ཡོད། ལོ་འདི་དག་གི་རིང་ལ་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོར་སོང་བ་དང་བསྟུན་ནས་སྔོན་ཆད་ཀྱི་ཁོར་ཡུག་རྫོད་པོ་དེ་འདྲ་ད་ལྟ་གཞི་ནས་མཐོང་རྒྱུ་མེད། ”ཅེས་ཉི་མ་ལུང་སྡེ་བའི་སྡེ་མི་ཚེ་གཟུངས་ཀྱིས་དགའ་སྤྲོ་དང་བཅས་ཏེ་བཤད།

2019ལོར་རྨ་ཆེན་རྫོང་གིས་ཅན་བཅུའི་ཏང་འཛུགས་སྐྲུན་བྱེད་སྟངས་དེ་ཏང་འཛུགས་སྐྲུན་བྱ་བ་ལམ་ལུགས་ཅན་དང་སྤྱི་དམངས་ཅན། ས་ཁོངས་ཅན། གོ་བདེ་ཅན། ཐོན་སྐྱེད་ཅན། འཚོ་བ་ཅན། གནད་འཁེལ་ཅན། ཞིབ་ཕྲ་ཅན། དུས་རབས་ཅན། དངོས་ཕན་ཅན་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་བཅུ་ཁྱབ་གདལ་དུ་བཏང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་རིམ་པ་གཉིས་སུ་ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་བཅས་ཐུན་མོང་གིས་གྲུབ་པའི་ཁོར་ཡུག་སྲུང་སྐྱོབ་དང་འཕྲོད་བསྟེན་དཔྱད་འཇོག་གི་ཆེད་དོན་བྱ་བའི་ཚོ་ཆུང་བཙུགས་ནས།  རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བར་ཕྱོགས་གཉིས་ནས་དམ་འཛིན་ཡག་པོ་བྱས་ཏེ།  སྐྱེ་ཁམས་ཁོར་ཡུག་དང་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཚ་རླབས་ཤིག་ཁྱོན་ཡོངས་ནས་བསླངས།

ཉི་མ་ལུང་སྡེ་བར་སླེབས་སྐབས་གཙང་ཞིང་གྲལ་དག་པའི་སྡེ་མིའི་སྡོད་ཁང་དེ་གསར་འགོད་པའི་བག་ཆགས་ཁྲོད་ཀྱི་འབྲོག་པའི་ཁྱིམ་ཚང་དང་ཅུང་མི་འདྲ་བར་འདུག   སྡེ་མི་ཚོས“ཉེ་བའི་ལོ་གཉིས་ཀྱི་ནང་དུ་སྡེ་བའི་ཁོར་ཡུག་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སོང་།”ཟེར།

སངས་རྒྱས་སྒྲོལ་མ་ཚང་གི་ཁྱིམ་དུ་ཐོན་སྐབས་མོས་དགའ་སྤྲོ་དང་བཅས་ཏེ་གསར་འགོད་པར་སྣེ་ལེན་བྱས་བྱུང་།  ཁོ་མོའི་ཁྱིམ་དུ་སོང་བ་ན་སྒོ་རའི་ཕྱི་ནང་ཐམས་ཆད་གཙང་ཞིང་གྲལ་དག་པ་དང་། ཁང་པའི་ནང་གི་ཁྱིམ་ཆས་སྣ་ཚོགས་ལེགས་པོར་བསྒྲིགས་འདུག་ལ་ཆ་སྒམ་ནང་གི་དཀར་ཡོལ་རེ་རེར་འོད་མདངས་འཕྲོ་བཞིན་འདུག་ལ་སྐོར་སྐྱོད་འཕྲོད་བསྟེན་གྱི་དར་དམར་ཞིག་ཀྱང་ཁྱིམ་གྱི་གྱང་ངོས་སུ་བཀལ་འདུག་པ་མིག་ལ་ཤིན་ཏུ་གསལ་བོར་སྣང་།  “ང་ཚོ་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་གད་སྙིགས་ལྡུག་སའི་ཆེད་སྤྱོད་སྣོད་བཞག་ཡོད། སྡེ་བའི་ནང་དུ་དུས་ཚོད་གཏན་འཁེལ་གྱིས་གད་སྙིགས་འདྲུད་མཁན་གྱི་རླངས་འཁོར་ཡོང་བཞིན་ཡོད་པས། ང་ཚོས་སྐབས་དེར་རང་རང་གི་ཁྱིམ་ཚང་གི་གད་སྙིགས་སྣ་ཚོགས་རླངས་འཁོར་ནང་དུ་བཞག་ཆོག་ཅེས་སངས་རྒྱས་སྒྲོལ་མས་བཤད།

“སྔོན་ཆད་འབྲོག་ཁྱིམ་གྱི་སྒོ་ར་ཀུན་ཏུ་ཕྱུགས་ལུད་དང་གད་སྙིགས་སྣ་ཚོགས་ཀྱིས་ཁེངས་ཤིང་། ནངས་མོར་མལ་ལས་ལངས་རྗེས་སུ་མལ་ཆས་ལྟེབ་པའི་གོམས་གཤིས་ཀྱང་མེད་ལ་ཕྱོགས་ཟས་སྟབས་བདེ་ཞིག་ཟོས་རྗེས་སུ་ནོར་ལུག་འཚོ་སྐྱོང་བྱེད་དུ་འགྲོ་དགོས་ཀྱི་ཡོད།  མི་སྒེར་གྱི་འཕྲོད་བསྟེན་དང་ཁྱིམ་གྱི་ཁོར་ཡུག་ལ་གཙང་སྤྲ་བྱེད་རྒྱུར་དོ་སྣང་དེ་འདྲ་བྱེད་ཀྱི་མེད”ཅེས་རྟ་བོ་གྲོང་རྡལ་གྱི་གྲོང་གཙོ་སྒྲོལ་མས་བཤད།

ལོ་གཉིས་ཀྱི་རིང་དུ་སངས་རྒྱས་སྒྲོལ་མའི་ཁྱིམ་དང་འདྲ་བར་རྨ་ཆེན་རྫོང་གི་འབྲོག་པ་མང་པོ་ཞིག་གི་སྡོད་ཁང་གི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་བས་ས་དེའི་འབྲོག་པ་རྣམས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་འདུག

ཉེ་བའི་ལོ་ཤས་རིང་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཁྲོད་དུ་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱེད་ཆེད།  ས་གནས་དེའི་སྡོད་དམངས་ཀྱིས་ནུས་པ་ཆེན་པོ་ཐོན་ཞིང་། མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་གསར་སྐྲུན་བྱེད་རྒྱུ་དེ་མི་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་ཆེད། རྨ་ཆེན་རྫོང་གིས་ཁྱིམ་ཚང་དང་མི་སྒེར་བཅས་ཀྱི་འཕྲོད་བསྟེན་ལ་དཔྱད་བསྡུར་བྱེད་པའི་གཟེངས་བསྟོད་བྱ་འགུལ་སྤེལ།  ཟླ་རེར་སྐོར་སྐྱོད་དར་དམར་དང་འདྲ་པར་ཡོངས་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཕྱོགས་གཅིག་ནས་དཔེ་མཚོན་མི་སྣ་སྐྱེད་སྲིང་བྱས་ཏེ་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་བར་སྐུལ་འདེད་བྱེད་པའི་རྣམ་པ་ཞིག་གྲུབ་པར་བྱས་པར་མ་ཟད། ཁོར་ཡུག་འཕྲོད་བསྟེན་སྐོར་གྱི་བཙོག་ཟིང་ཞན་གསུམ་གྱི་གནས་ཚུལ་གསལ་རྗེན་དུ་བཏོན་ནས་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པའི་མང་ཚོགས་རྣམས་ལ་རང་འགུལ་ངང་འཕྲོད་བསྟེན་བདེ་ཐང་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་བཏང་།

སངས་རྒྱས་སྒྲོལ་མའི་ཁྱིམ་གྱི་སྔོན་ཆད་ཀྱི་འཚོ་བའི་གོམས་གཤིས་དེར་ད་ལྟ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ།“ཁྱིམ་དུ་གཙང་སྤྲ་བྱེད་ཐེངས་མང་བ་དང་ཁྱིམ་གྱི་ཁོར་ཡུག་དང་འཚོ་བའི་ཡོ་བྱད་སྣ་ཚོགས་གཙང་ཞིང་གྲལ་དག་པ་དང་། རྒན་པ་དང་བྱིས་པ་ཚང་མར་ལག་པ་འཁྲུ་བའི་གོམས་གཤིས་ཤིག་ཀྱང་ཆགས་ཡོད།  དེ་ལྟར་འཚོ་བའི་ཁྲོད་དུ་གཙང་སྤྲར་དོ་སྣང་བྱས་ཚེ་མི་དང་ནོར་ལུག་ཚང་མར་ནད་རིགས་སྣ་ཚོགས་མི་འབྱུང”ཞེས་སངས་རྒྱས་སྒྲོལ་མས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཕན་འབྲས་ཀྱི་འགག་རྩ་ནི་མང་ཚོགས་ལ་ཐུག་ཡོད།  འབྲོག་པའི་ཁྱིམ་ཚང་རེ་རེ་ཁ་འཐོར་དུ་གནས་པར་གཞིགས་ནས་རྨ་ཆེན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁག་གིས་མྱུར་དུ་བུད་མེད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་དང་རྟ་ཐོག་དྲིལ་སྒྲོག་རུ་ཁག  འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་སོགས་སྔ་རྗེས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་ཚོ་ཆུང་མང་པོ་བཙུགས་ཏེ་འབྲོག་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཕྲོད་བསྟེན་བདེ་ཐང་དྲིལ་སྒྲོག་སྐོར་གྱི་བྱ་བ་སྤེལ།

“ང་ཚོས་འཚོ་སྐྱོང་བྱེད་བཞིན་པའི་ཕྱུགས་རིགས་ཀྱིས་ང་ཚོས་དོ་དམ་མ་བྱས་པར་གང་བྱུང་དུ་དོར་བའི་གད་སྙིགས་སྣ་ཚོགས་ཟོས་ཚེ་ཕྱུགས་ཟོག་ལ་ནད་རིགས་སྣ་ཚོགས་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད། དེ་བས་དུས་རྒྱུན་དུ་ཁོར་ཡུག་གི་གད་སྙིགས་ལ་གཙང་སྤྲ་བྱེད་པ་ནི་རང་ཉིད་ཀྱི་ཕྱུགས་ཟོག་ལ་སྲུང་སྐྱོབ་བྱས་པ་ཡིན་ཞེས་དྲིལ་སྒྲོག་མི་སྣ་རྣམས་སྡེ་བ་དང་ཁྱིམ་ཚང་རེ་རེར་སོང་ནས་གོ་བདེ་བའི་དཔེ་ཡི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཚུལ་སྐོར་གྱི་གནས་ལུགས་རྒྱས་བཤད་ཡང་ཡང་བྱས་ཏེ་སྡེ་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཤེས་སུ་བཅུག་པས་སྡེ་མི་རྣམས་ཀྱང་རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཧུར་བརྩོན་གྱིས་ཞུགས།

ཏང་ཡོན་ལས་བྱེད་པས་རྒྱུན་མཐུད་ངང་བྱ་བ་བསྒྲུབས་པར་བརྟེན།  རྨ་ཆེན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁག་གི་མང་ཚོགས་ཀྱི་བསམ་བློར་སྔར་ལས་འགྱུར་ལྡོག་བྱུང་ནས་རང་གི་ཁྱིམ་ཚང་གི་སྒོ་ཁ་རང་གིས་ཕྱགས་བཞིན་ཡོད་པ་དང་། མང་ཚོགས་ཀྱི་ཟབ་ཞུགས་རང་བཞིན་ལ་དགེ་མཚན་ལྡན་པའི་སྒོ་ནས་སྐུལ་སྐུལ་སློང་བྱས་ནས། གྲོང་རྡལ་དང་སྡེ་བ་སོ་སོའི་ནང་དུ་དུས་ངེས་གཏན་གྱི་ནང་དུ་ཁོར་ཡུག་གཙང་སྤྲའི་བྱ་བ་ལེགས་སྒྲིག་བྱས་པ་མ་ཟད།   ད་དུང་མང་ཚོགས་སྐུལ་སློང་བྱས་ནས་རྫོང་ཁོངས་ཀྱི་གད་སྙིགས་གཙང་སེལ་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་གཉིས་མཉམ་དུ་སྒྲུབ་པར་དམ་འཛིན་བྱས།

“ད་ལྟ་ང་ཚོ་འབྲོག་པ་རྣམས་ལ་རང་འགུལ་ངང་གད་སྙིགས་གཙང་སེལ་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད།  གལ་སྲིད་མི་གཅིག་གིས་ཐག་གཅོད་བྱེད་མི་ཐུབ་པའི་གནས་ཚུལ་ལ་འཕྲད་ཚེ། ཁོས་པར་བླངས་ནས་སྡེ་བའི་ཚོགས་པར་བསྐུར་ན་ང་ཚོས་ཅན་བཅུའི་ཏང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་པའི་མི་སྣ་རྣམས་བསྡུ་རུབ་བྱས་ནས་མཉམ་དུ་ཐག་གཅོད་བྱས་ཆོག ”ཅེས་རྟ་བོ་གྲོང་རྡལ་གྱི་གྲོང་གཙོ་སྒྲོལ་མས་བཤད།

རྨ་ཆེན་རྫོང་གི་ཅན་བཅུའི་ཏང་འཛུགས་སྐྲུན་གྱི་ནུས་པའི་འོག ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུ་དེ་ས་གནས་དེའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་བའི་ཁྲོད་རྒྱུན་རྣམ་ཅན་གྱི་ནང་དོན་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་དེའི་རིགས་རྨ་ཆེན་རྫོང་ཁོངས་སུ་རྒྱུན་དུ་མཐོང་ཐུབ་ཀྱི་ཡོད།

བརྗིད་ཉམས་ལྡན་པའི་རྨ་ཆེན་གངས་རིའི་འདབས་སུ་ཅན་བཅུའི་ཏང་འཛུགས་སྐྲུན་གྱི་ཆེད་དོན་བྱ་བའི་ཚོ་ཆུང་གི་ཁོངས་མི་དང་ནགས་ཚལ་དོ་དམ་པ། རྩྭ་ཐང་དང་གཞུང་ལམ་སྟེང་གི་གད་སྙིགས་གཙང་སེལ་བྱེད་མཁན་སོགས་མང་པོ་ཞིག་རྒྱུན་དུ་མི་རྣམས་ཀྱི་མིག་ལམ་དུ་མངོན་ཐུབ་ཀྱི་ཡོད།

ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་འགུལ་ངང་གད་སྙིགས་སྣ་ཚོགས་འཐུ་བཞིན་ཡོད།  ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་སྐུལ་འདེད་བྱེད་པའི་ཁྲོད། རྨ་ཆེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་གནད་དོན་མང་པོ་ཞིག་རིམ་བཞིན་ཇེ་ཉུང་དུ་སོང་བ་དང་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་གྱིས་ཇེ་ཆེར་སོང་ལ།  རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་པའི་རང་རྟོགས་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་རྣམ་པ་བཟང་བོ་རིམ་བཞིན་ཆགས་ཡོད་པ་རེད།

“མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས”ཞེས་པའི་འདུ་ཤེས་དེ་རྨ་ཆེན་རྫོང་གི་མི་རེ་རེའི་སེམས་སུ་ཟུག་ཡོད་པས་ཁོ་ཚོས་རང་ཉིད་ཀྱི་ཁྱིམ་གཞིས་དེ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ཆེད་འབད་བརྩོན་ཆེན་པོ་བྱེད་ཀྱིན་འདུག

                                                                           ཡིག་སྒྱུར་བ། གཡང་འབུམ་རྒྱལ།