ས་ཡོམ་འགོག་པའི་འཐབ་ཕྱོགས་དང་པོ་རུ་ཏང་རྟགས་འོད་ལམ་ལམ་དུ་འཕྲོ་བར་བྱེད།
2022.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཞོགས་པའི་ཉི་གཞོན་གྱིས་རྒྱང་ཐག་རིང་བའི་གངས་རི་གསེར་མདོག་ཏུ་བསྒྱུར་བ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཆིན་ཧྲི་ཙོས་གྲོང་རྡལ་དུ་རྒྱུན་མ་ཆད་པར་བཞུར་བཞིན་པའི་རྨ་ཆུའི་ཆུ་ལག་ཧའོ་མིན་ཆུ་བོ་གནས་འདི་བརྒྱུད་ནས་བཞུར་བཞིན་ཡོད། ལྷིང་འཇགས་ཀྱི་གྲོང་རྡལ་རུ་དུ་བ་ལྷོག་ལྷོག་དུ་འཕྱུར་བྱུང་བ་དང་། ཚད་རིམ6.9ཡི་ས་ཡོམ་ཐེབས་པའི་མང་ཚོགས་རྣམས་ཀྱིས་ཉིན་གསར་བ་ཞིག་བསུས་བྱུང་།

ས་ཡོམ་བྱུང་བའི་ཉིན་མོར་ཕྱིར་དྲན་བྱེད་སྐབས། དུས་ཚོད་དང་པོའི་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བྲེལ་མྱུར་བཀོད་སྒྲིག་བྱས་ཤིང་། ཏང་ཡོན་ལས་བྱེད་པ་འཐབ་ཕྱོགས་དང་པོར་བསྐྱོད། གློ་བུར་དུ་བྱུང་བའི་གནོད་འཚེའི་མདུན་དུ་གུང་ཁྲན་ཏང་ཡོན་སྔོན་ལ་རྒྱུགས།

“ས་ཡོམ་བྱུང་སོང་” “ཚང་མ་འཚབ་མི་དགོས། འཚབ་མི་དགོས། གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་དགོས། དྲོད་སྲུང་ལ་དོ་སྣང་བྱེད་དགོས” ཟླ་དང་པོའི་ཚེས་བརྒྱད་ཉིན། གཉིད་དུ་ཡུར་བའི་མིན་ཡོན་རྫོང་ཆིན་ཧྲི་ཙོས་གྲོང་རྡལ་ཉིན་ཀྲང་ལམ་སྡོད་ཁུལ་གྱི་ཧྲུའུ་ཅི་གཞོན་པ་ལིག་ཧྥུན་གཉིད་ཀྱི་ཞིང་ཁམས་འགྲིམས་པའི་སྐབས་སུ་གཡོ་འགུལ་དྲག་པོ་ཞིག་ལས་གཉིད་ལས་སད་དུ་བཅུག་པ་དང་།  ཁོ་མོས་ཐོག་དང་པོར་སེམས་ལ་དྲན་པ་ནི་མྱུར་མོར་སྡོད་ཁུལ་མང་ཚོགས་ཀྱི་སྐད་འཕྲིན་ཚོགས་པའི་ནང་ས་ཡོམ་བྱུང་བའི་གནས་ཚུལ་བསྐུར་བ་དང་། དེའི་འཕྲོར་དུས་ཚོད་དང་པོའི་ནང་སྡོད་ཁུལ་གྱི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བའི་ནང་ཞུགས།

སྡོད་ཁུལ་གྱི་ཏང་ཡོན་ལས་བྱེད་པ་མྱུར་མོར་འདུ་འཛོམས་བྱུང་ཏེ། ཕྱོགས་གཅིག་ནས་ཁྱིམ་ཚང་དུ་བསྐྱོད་དེ་གནོད་འཚེའི་གནས་ཚུལ་གྲལ་བཤེར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྐད་འཕྲིན་དང་སྤྱི་རྟགས་སོགས་བརྒྱུད་དེ་གནོད་འཚེའི་གནས་ཚུལ་བརྒྱུད་སྤེལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སྡོད་མིའི་དུས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་པ་བྱས། གང་དུ་ཉེན་ཁ་ཡོད་ན་དེར་གུང་ཁྲན་ཏང་ཡོན་ཡོད། མིན་ཡོན་རྫོང་ཆིན་ཧྲི་ཙོས་གྲོང་རྡལ་ཉིན་ཀྲང་ལམ་སྡོད་ཁུལ་གྱི་ཏང་ཡོན་དགུ་ཡིས་བྲང་ཁར་ཏང་རྟགས་བཏགས་ནས་སྡོད་ཁུལ་དུ་ཡོང་སྟེ། ཁྱིམ་ཚང་རེ་རེར་སོང་ནས་སྡོད་དམངས་ལ་ས་ཡོམ་འགོག་པའི་རྒྱུན་ཤེས་འགྲེལ་བཤད་བྱས་ནས་ས་ཡོམ་རྗེས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ལ་རྒྱུས་ལོན་བྱས།

སྔོན་ཆད་ཀྱི་མདོ་ལ་རིང་མོའི་ཟངས་གཏེར་རླངས་འཁོར་རུ་ཁག་དེ་ད་ལྟ་རླངས་འཁོར་ཞིག་གསོ་བཟོ་གྲྭ་རུ་བསྒྱུར་ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་རྒན་པོ་ཞུའུ་ཧྥུའུ་ཧྲིན་གྱིས་ཚོགས་རའི་ནང་གི་བྱ་བ་མཐའ་དག་ལ་དོ་དམ་བྱེད་པའི་འགན་འཁུར་བཞིན་ཡོད། ས་ཡོམ་བྱུང་རྗེས་ལིག་ཧྥིན་གྱི་སེམས་ལ་ནམ་ཡང་ཁོ་དྲན་གྱིན་ཡོད། ས་ཡོམ་བྱུང་ནས་ཏག་ཏག་སྔ་དྲོ་ཞིག་གི་དུས་ཚོད་འདས་སོང་། ལིག་ཧྥིན་གྱིས་སྡོད་ཁུལ་གྱི་ལས་བྱེད་མི་སྣ་འགའ་ཁྲིད་དེ་བཟོ་གྲྭའི་ནང་ཡོང་ཞིང་། གཅིག་ནས་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གཉིས་ནས་ས་ཡོམ་འགོག་པའི་གྲ་སྒྲིག་དང་དྲིལ་སྒྲོག་བྱ་བ་བཟང་སྒྲུབ་སྟེ། རྒན་པོ་ཁོང་ལ་དུས་ཚོད་འདིའི་རིང་ལ་བཟོ་གྲྭར་མི་ཡོང་རྒྱུའི་མངགས་བཅོལ་བྱས།

སྡོད་ཁུལ་གྱི་དྲིལ་སྒྲོག་ཨུ་ཡོན་ཚེ་བརྟན་སྒྲོལ་མས་བཤད་རྒྱུར། ས་ཡོམ་བྱུང་རྗེས་སྡོད་ཁུལ་གྱི་ཏང་ཡོན་དང་དྲ་མིག་ཅན་གྱི་དོ་དམ་པ་རང་འགུལ་ངང་སྡོད་ཁུལ་དུ་ལས་འགན་ལེན་པར་ཡོང་། ཉིན་གཉིས་ཀྱི་སྔོན་ལ་ཚང་མ་ཕལ་ཆེར་གཉིད་མ་ཁུག་པ་དང་མཚན་མཐུད་དེ་གནོད་འཚེའི་གནས་ཚུལ་སྤྱི་བསྡོམས་བྱས་པ་དང་། སྡོད་དམངས་ཀྱི་བྱ་བ་ཐག་གཅོད་བྱས་པ། སྡོད་ཁུལ་གྱི་གནོད་འཚེའི་གནས་ཚུལ་གྲལ་བཤེར་བཅས་བྱས། ས་ཡོམ་བྱུང་རྗེས་ཚང་མས་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ཆུང་བསྐྱུར་ནས་སེམས་རྩེ་གཅིག་གིས་སྡོད་ཁུལ་གྱི་རྒྱ་ཆེའི་སྡོད་དམངས་ཀྱི་བདེ་འཇགས་བསམ་བཞིན་ཡོད་ཟེར།

“ཉིན་འདིར་འགར་ནམ་ཟླ་འཁྱག་པ་དང་། ཆིན་ཧྲི་ཙོས་གྲོང་རྡལ་གྱི་ས་ཁོངས་རྒྱ་ཁྱོན་ཆེ་ལ། མིན་ཡོན་རྫོང་གི་གྲོང་རྡལ་ཆེས་ཆེ་བ་ཞིག་ཡིན་པའི་ཆ་ནས་སྡོད་དམངས་ཁ་ཤས་ཁ་ཐོར་ངང་བསྡད་ཡོད་པ་དང་། ང་ཚོས་སྡོད་ཁུལ་གྱི་ལས་བྱེད་མི་སྣས་ཉེ་འགྲམ་ས་ཁུལ་ཚང་མར་སྡོམ་རྩིས་བྱས་པ་དང་། ཐག་ཅུང་རིང་བའི་སྡོད་དམངས་ཡོད་ས་རུ་ཁ་པར་ལས་ཁང་བ་རྡིབ་པ་དང་། མི་སྣར་ཤི་རྨས་བྱུང་མེད་པ་ཤེས་ཡང་། ངེས་པར་ཡུལ་དངོས་སུ་སོང་ནས་ལྟ་ཞིབ་བྱས་ཚེ། ད་གཟོད་སེམས་བདེ་ལ་འབབ་ཐུབ་ཅེས་ལིག་ཧྥིན་གྱིས་དེ་ལྟར་བཤད། ས་ཡོམ་བྱུང་བའི་ཉིན་དེར། ཁོ་ཚོས་ཆེས་མགྱོགས་པའི་མྱུར་ཚད་ཀྱིས་སྡོད་ཁང་ལ་གཏོར་བརླག་དང་མི་སྣར་ཤི་རྨས་བྱུང་ཡོད་མེད་ཀྱི་གནས་ཚུལ་སྡོམ་རྩིས་བྱས་པ་མ་ཟད། ད་དུང་སྡོད་དམངས་བར་ཏང་ཡོན་གྱི་སྣེ་ཁྲིད་འོག་ཕན་ཚུན་ལ་རོགས་རམ་བྱས་ཏེ། དུས་ཐོག་ཏུ་ཕན་ནུས་ལྡན་པའི་སྒོ་ནས་གནོད་འཚེ་འགོག་པའི་བྱ་བ་མང་པོ་བསྒྲུབས།

དགུན་དུས་ཀྱི་ཧའོ་མིན་ཞིང་ར་གསེར་མདོག་གི་མདངས་ལ་འཁུ་ཞིང་། ནུབ་ཁའི་ཉི་འོད་ཀྱི་བཀྲག་མདངས་འོག་ཏུ་སྡོད་ཁུལ་གྱི་ཏང་ཡོན་ཚོའི་བྲང་ཁའི་ཏང་རྟགས་ལ་འོད་དམངས་འཕྲོ་བཞིན་འདུག ལིག་ཧྥིན་གྱིས་སྡོད་ཁུལ་གྱི་ལས་བྱེད་མི་སྣ་འགའ་ཁྲིད་དེ་སྡོད་ཁུལ་གྱི་ཁྱིམ་ཚང་ལ་འབྲེལ་འདྲིས་བྱས་པ་དང་། ཁྱིམ་ཚང་རེ་རེར་སོང་ནས་ལྟ་རྟོག་བྱས་ཏེ། དུས་ཐོག་ཏུ་ཁོ་ཚོའི་དཀའ་ངལ་ཐག་གཅོད་རོགས་བྱས། ཁོས་བཤད་པའི་སྐད་ཆ་ལྟར་ན“དེ་ནི་ཏང་ཡོན་ཞིག་གི་འགན་འཁྲི་ཡིན་ལ། ཏང་ཡོན་ཞིག་ཉེ་འགྲམ་དུ་ཡོད་ན། མང་ཚོགས་ད་གཟོད་སེམས་བདེ་མོར་བསྡད་ཆོག”ཅེས་པ་དེ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།