“ནུབ་རྒྱུད་ཆུ་མཛོད་ཆུང་བ” ལ་ལྟ་སྲུང་བྱས་པ།
2022.01.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་ནུབ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཏུ་ཆགས་ཡོད་ལ། དེ་ནི་མཚོ་སྔོན་པོའི་ཆུ་ཁུངས་གསོག་ཁུལ་གལ་ཆེན་ཞིག་དང་། རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་སྟེ་ཙོང་ཆུ་དང་། རིམ་པ་གཉིས་པའི་ཆུ་ལག་སྟེ་འཇུ་ལག་ཆུ་བོ་དང་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་སྐམ་སའི་ནང་ལོགས་ཆུ་བོ་ཆེན་པོ་གཉིས་པ་སྟེ་བ་ལྡིང་ཆུ་བོ་བཅས་ཀྱི་མགོ་ཁུངས་ཡིན་པས། “ནུབ་རྒྱུད་ཆུ་མཛོད་ཆུང་བའི”མཚན་སྙན་ཐོབ་ཡོད། ཁུལ་ཡོངས་ཀྱི་མངའ་ཁོངས་སུ་མདོ་ལ་རི་བོའི་ཆུ་ཁུངས་གསོག་ཁུལ་དང་མཚོ་སྔོན་པོའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཡོད་ལ། རང་རེའི་ཞིང་ཆེན་གྱི“སྲུང་ཡོལ་གཅིག་དང་ས་ཁུལ་གཉིས”ཀྱི་སྐྱེ་ཁམས་བདེ་འཇགས་གནས་སྟངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་འཐབ་ཇུས་གནད་ས་ཞིག་ཀྱང་ཡིན།

ལོ་འདི་དག་གི་རིང་ལ། མཚོ་བྱང་ཁུལ་གྱིས་མཚོ་བྱང་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཚོ་བྱང་གི་མཐོ་སྒང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲོད་འགན་འཁྲི་ཆེན་པོ་ཕྲག་ཏུ་ཁུར་ཏེ། འབད་པ་ལྷོད་མེད་བྱས། མཚོ་བོད་མཐོ་སྒང་སྟེང་གི “ནུབ་རྒྱུད་ཆུ་མཛོད་ཆུང་བ”ལ་སྲུང་སྐྱོབ་ལེགས་པོ་བྱས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། “ཆུ་གྲོན་ཆུང་དམིགས་བསལ་གྱིས་སྔོན་དུ་འཇོག་པ་དང་། བར་སྟོང་སྙོམས་སྒྲིག་བྱེད་པ། མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པ། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ནུས་པ་དང་སྲིད་གཞུང་གིས་ནུས་པ་སྔར་ལས་འདོན་པའི་ཤུགས་གཉིས་འདོན་སྤེལ”གྱི་དུས་རབས་གསར་པའི་ཆུ་བཅོས་སྐྱོང་བྱེད་ཐབས་ལྟར་དང་། “ཆུ་བེད་བཟོ་འགོད་ཀྱིས་ཞན་ཆ་གསབ་པ་དང་། ཆུ་བེད་ལས་རིགས་ཀྱིས་ལྟ་སྐུལ་ལ་ཤུགས་སྣོན་པ”ཡི་བྱ་བའི་སྤྱིའི་བླང་བྱ་ལྟར། ཆུ་ཁུངས་སྲུང་སྐྱོབ་དེ་གཙོ་སྙིང་དུ་བཞག་པ་དང་། ཆུ་ཡི་བདེ་འཇགས་དམིགས་ཡུལ་དུ་བཟུང་ནས། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་ཞིང་། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་ཏན་ཏིག་གིས་སྐུལ་འདེད་བཏང་།

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་། ས་ནི་འཚོ་གནས་ཀྱི་མ་རྩ་ཡིན། ལོ་འདི་དག་རིང་། མཚོ་བྱང་གིས་དུས་དང་རྣམ་པ་ཀུན་ཏུ“སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ”ཡི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ས་ཆུ་སྲུང་འཛིན་བྱེད་པའི་བྱ་བར་ཚད་མཐོའི་མཐོང་ཆེན་དང་གནས་མཐོའི་སྐུལ་འདེད་བཏང་། “ལོ་ལྔའི་འཆར་འགོད་བཅུ་གསུམ”པའི་སྐབས་སུ། འཛུགས་སྐྲུན་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ཧུར་ཐག་གིས་བརྩོན་ལེན་བྱས་ཤིང་། རྐང་ཚ་རྫོང་འོམ་ཆུའི་བཞུར་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་དང་། ཆི་ལེན་རྫོང་འཁྱག་ལུང་བཞུར་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་སོགས་བཞུར་ཁོངས་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི18དང་མདོ་ལའི་རི་ཆུའི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལག་ལེན་དུ་བསྟར་བ་དང་། ལུང་ཤུར་སྐས་རགས710ལས་ཤིང་། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་ལྔ་ལྔ་བརྒྱ་དང་བཅུ་གཉིས་ལ་གསར་དུ་བཅོས་སྐྱོང་བྱས་པ་དང་། ས་ཆུ་སྲུང་འཛིན་སྔོན་འགོག་ལྟ་སྐུལ་བྱ་བར་གྲུབ་འབྲས་ཅུང་ཡག་པོ་ཐོབ་པ་དང་། ཁུལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་ནུས་པ་སྔར་ལས་ཇེ་མཐོར་ཕྱིན།

སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་། རི་ཆུ་ནགས་གསུམ་དང་མཚོ་དང་མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་བྱང་ཁུལ་གྱིས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཁྲོད། རྒྱལ་ཡོངས་གཅིག་གྱུར་གྱི་ཁྱོན་ཡོངས་འདུ་ཤེས་བརྟན་པོ་བཙུགས་ནས། ཆུའི་ཐོན་ཁུངས་དོ་དམ་ཤུགས་ཚད་ཟུང་འཛིན་གྱི་དམིགས་འབེན་ནུས་ཤུགས་ཡོད་རྒུས་ལག་བསྟར་དང་། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་འགུལ་སྐྱོད་ལག་བསྟར་ཤུགས་ཆེན་བྱས་པ། ཆུ་སྤྱོད་ཤུགས་ཚད་ཚོད་འཛིན་དང་ཆུ་སྤྱོད་སྤྱི་འབོར་དོ་དམ་ལག་བསྟར། ཆུ་རིན་བཅོས་བསྒྱུར་དང་ཆུའི་ཐོན་ཁུངས་རིན་ཡོད་བཀོལ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་བ། སྐྱེ་ཁམས་བཞུར་ཚད་དོ་དམ་ནན་མོ་བྱས་པ། སྲིད་འཛིན་ཁྲིམས་བསྟར་ནུས་པ་ཇེ་ཆེར་བཏང་བ། ཆུའི་ཐོན་ཁུངས་དོ་དམ་དཔྱད་དཔོག་ལ་ཤུགས་བསྣན་པ། ནུས་ཤུགས་གང་ཡོད་ཀྱིས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བཅས་བྱས་ཏེ། “ནུབ་རྒྱུད་ཆུ་མཛོད་ཆུང་བའི”ཆུའི་ཁོར་ཡུག་མུ་མཐུད་ནས་བཟང་ཕྱོགས་སུ་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།

                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།