ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་རྩ་བརྟན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ནས་སྤྱོད་གཙང་དང་གཞུང་དྲང་གི་རྣམ་པ་བཟང་པོ་བསྐྲུན་པ་དང་། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་འགན་ལེན་བརྟན་པོ་བྱས་ཡོད།
གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བཏང་།
2012ལོའི་ཟླ12ཚེས4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར་གཙོ་སྐྱོང་གནང་སྟེ་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
ཚོགས་འདུ་དེའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་མཛད་དེ་ཁས་ལེན་དང་འབོད་སྐུལ་འདི་ལྟར་གནང་བ་སྟེ།
ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པར་འགོ་ཁྲིད་ལས་བྱེད་པ་ནས་འགོ་བརྩམས་དགོས། འགོ་ཁྲིད་ལས་བྱེད་པ་ནས་འགོ་བརྩམས་པར་སྔོན་ལ་ཀྲུང་དབྱང་གི་འགོ་ཁྲིད་ནས་འགོ་བརྩམས་དགོས། དེ་ནི་ཆུ་འགོ་དྭངས་ན་ཆུ་རྔའང་དྭངས་ཞེས་པ་ལྟར་རེད།
དེ་ལྟར་སྤྱོད་ངན་གཙང་སེལ་དང་སྤྱོད་བཟང་དར་སྤེལ་གཏོང་བའི་དཔྱིད་རླུང་ཞིག་ཀྲུང་ཧྭའི་ས་གཞི་ཆེ་མོར་ལྡང་འགོ་བརྩམས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་གནང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་སྣེ་ཁྲིད་ནས་ལག་བསྟར་ནན་མོ་གནང་བ་དང་། བྱ་སྤྱོད་ལ་བརྟེན་ནས་མངོན་མེད་ཀྱི་བཀའ་རྒྱ་བཏང་ཞིང་། རང་ལ་རེ་བ་ནན་མོ་བཏོན་ནས་གཞན་ལ་མིག་དཔེ་བསྟན་ཏེ་ཏང་ཡོངས་ཀྱིས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་གནང་ཡོད།
གཞུང་དངུལ་སྤྱད་ནས་ཟླ་མཆོད་བག་ལེབ་ཉོ་མཁན་བཟུང་བ་ནས་གཞུང་དངུལ་སྤྱད་ནས་རྟེན་འབྲེལ་བྱང་བུ་བསྐུར་མཁན་བཟུང་བའི་བར་དང་། “ལྕེ་ཐོག་གི་ཆུད་ཟོས”བཀག་འགོག་བྱེད་པ་ནས“ ཅོག་ཙེ་ཐོག་གི་རྒྱས་སྤྲོས”ཡོ་བསྲང་བྱེད་པའི་བར་དང་། དེ་ནས“སྤྲོ་ཁང་ནང་གི་སྤྱོད་ངན”བཅོས་སྒྲིག་བྱེད་པ་སོགས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་བ་དང་། སྤྱོད་བཟང་སྒྲིག་ནན་ཡོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་པས། སྔོན་ཆད་བཀག་འགོག་བྱེད་མི་ཐུབ་པར་སྙམ་པའི་བྱ་ངན་སྤྱོད་ངན་ཡོད་ཚད་བཀག་འགོག་བྱུང་བ་དང་། ཡུན་རིང་ཐག་གཅོད་བྱེད་དགོས་བསམ་ཡང་ཐག་གཅོད་བྱེད་མ་ཐུབ་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་ཐུབ་པ་བྱུང་ཡོད།
2017ལོའི་ཟླ10ཚེས27ཉིན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་རྗེས་ཀྱི་ཉིན་གསུམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
གཏན་འབེབས་དོན་ཚན་བརྒྱད་ནས་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་བར་ནང་དོན་གཅིག་མཚུངས་ལ་ཞིབ་འཇུག་གནང་བ་དང་ཆབས་ཅིག སྔར་ལས་ཡང་དག་པ་དང་ཞིབ་རྒྱས་སུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྲུན་མཐར་ཕྱིན་པ་བྱ་རྒྱུའི་བརྡ་གསལ་པོ་བཏང་ཡོད།
བསུ་སྐྱེལ་མི་བྱེད་པ་དང་མགྲོན་འབོད་སྐྱེས་འབུལ་མི་བྱེད་པ། ཟ་རོགས་འཐུང་རོགས་མི་བྱེད་པ་སོགས་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཡོན་ལས་བྱེད་པར་དོ་དམ་བྱེད་ཐབས་ཤིག་ཡིན་ལ་སྲུང་སྐྱོབ་བྱེད་ཐབས་ཞིག་ཏུ་འང་གྱུར་ཡོད།
གཉེན་སྒྲིག་དང་འདས་མཆོད་སྟབས་བདེ་གཉེར་བ་དང་། འཕྲོ་བརླག་གཏོང་མི་རུང་བ་སོགས་ཏང་སྲོལ་སྲིད་སྲོལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱས་ཏེ། མི་དམངས་མང་ཚོགས་རྣམས་སྤྱོད་ཚུལ་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་ཕན་པ་ཐོབ་མཁན་དུ་གྱུར་ཡོད།
མི་མང་པོ་ཞིག་ལ་ཕོག་ཐུག་བཏང་ནའང་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ལ་ཕོག་ཐུག་གཏོང་མི་རུང་།
སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཐོག་མར་ཐོན་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ500ལྷག་ཙམ་ལ་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་གྱི་སྒོ་ནས་གསུང་བཤད་འདི་ལྟར་གནང་བ་སྟེ།
གནས་བབ་གསར་པར་རང་རེའི་ཏང་ལ་འགྲན་སློང་དྲག་པོ་མང་པོ་འཕྲད་ཡོད། ཏང་ནང་ཁུལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མང་པོ་གནས་ཡོད། ལྷག་པར་དུ་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་ཁྲོད་དུ་ཐོན་པའི་ལྐོག་རྔན་ལེན་པ་དང་རུལ་སུངས། མང་ཚོགས་དང་ཁ་བྲལ་བ། ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་དེ་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། དེ་ལ་ཏང་ཡོངས་ཀྱིས་ངེས་པར་དུ་དོགས་ཟོན་བྱེད་དགོས། དེ་ནི་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་ཞེས་པ་ལྟར་རེད།
ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་ཞེས་པ་ནི་གསོན་ཉམས་དོད་ལ་ནང་དོན་ཤིན་ཏུ་ཟབ་པ་ཞིག་རེད།
སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམ་བཅའ་བརྟན་པོ་གནང་བ་སྟེ། སྟག་སྦྲང་མཉམ་རྡུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་དེ་ཡིན།
ཁ་བཤད་ལག་བསྟར་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཆེན་པོ་སྤེལ་འགོ་བརྩམས་ཡོད།
འདི་ནི་འཛམ་གླིང་གི་མི་རྣམས་ཧང་སངས་དགོས་པའི་ཞུམ་མེད་ཐག་གཅོད་ཅིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བར་གྱི་ལོ་ལྔའི་རིང་། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱས་པའི་ཞིང་ཆེན་དང་ཆུས་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ440ཡོད། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ས་ཡ་གཅིག་འབུམ་ལྔ་ཁྲི་བཞི་ལྷག་ཐོ་འགོད་བྱས་པ་དང་མི་ས་ཡ་གཅིག་འབུམ་ལྔ་ཁྲི་གསུམ་སྟོང་བདུན་ལ་ཆད་པ་བཅད་པའི་ཁྲོད། ཐིན་དང་ཅུས་རིམ་པའི་ལས་བྱེད་པ8900ལྷག་ཙམ་དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་དྲུག་སྟོང་གསུམ། ཉེས་གསོག་དོགས་ཡོད་མི་སྣ་ཁྲི་ལྔ་སྟོང་བརྒྱད་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད།
མི་དམངས་ཀྱིས་དབང་ཆ་ང་ཚོར་སྤྲད་པས། ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་དང་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ཏེ། སྒྲུབ་དགོས་རིགས་ཀྱི་ལས་ཀ་སྒྲུབ་པ་དང་ཕོག་ཐུག་གཏོང་དགོས་རིགས་ལ་ཕོག་ཐུག་གཏོང་རྐྱང་བྱེད་དགོས། གལ་སྲིད་རུལ་སུངས་བ་མང་པོར་ཕོག་ཐུག་མ་བཏང་ཚེ། མི་དམངས་དུང་ཕྱུར་14ལ་ཕོག་ཐུག་གཏོང་སྲིད། དུ་བ་མེད་པའི་འཐབ་རྩོད་དེའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གསལ་སྟོན་གྱི་ལངས་ཕྱོགས་བརྟན་པོ་དང་བརྟན་བརླིང་འགྱུར་མེད་ངང་ཐག་གཅོད་གནང་བའི་དགོངས་ཚུལ་མངོན་ནས། རུལ་རྒོལ་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་ཆེད་སྐུལ་འདེད་བཏང་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་འགོ་བརྩམས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་སྲུང་སྐྱོབ་དམག་འཐབ་གཞན་ཞིག་ཀྱང་དུས་གཅིག་ཏུ་རྒྱག་འགོ་བརྩམས་ཡོད།
2015ལོའི་ཟླ11པར《དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》བཀྲམ་ཡོད།
2016ལོའི་ཟླ1པོར། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་གཞི་རིམ་ལ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས་པའི”བླང་བྱ་སླར་ཡང་བཏོན་སྟེ། “གཞི་རིམ་གྱི་ལྐོག་ཟ་ལྐོག་རྔན་དང་རུལ་སུངས། དེ་བཞིན་ཁྲིམས་འཛིན་གཞུང་དྲང་མེད་པ”སོགས་ཀྱི་གནད་དོན་ལ་ཡོ་བསྲང་ནན་ཏན་དང་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོབ་ཀྱིས་མང་ཚོགས་སྔར་ལས་མང་བར་རུལ་རྒོལ་གཙང་སྤེལ་གྱི་གྲུབ་འབྲས་དངོས་ཚོར་ཐུབ་པ་བྱེད་དགོས་ཞེས”ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དོན་འཁྱོལ་བྱ་ཆེད། ཐེངས་དེའི་ཀྲུང་དབྱང་སྒྲིག་ ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་འཕྲལ་དུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་སྲུང་སྐྱོབ་ཀྱི་འགན་འདེད་ལས་དོན་ལ་ཆེད་དོན་བཀོད་སྒྲིག་བྱས་ཏེ། སྒྲིག་ཁྲིམས་ནན་མོར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
2017ལོའི་ལོ་མཇུག་ཏུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས2018ལོ་ནས་2020ལོ་བར་གྱི་དུས་ཡུན་ལོ་གསུམ་རིང་གི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
ཁེ་བཟང་ཟ་གང་ཐུབ་དང་། བཀག་ཉར་དང་རྒྱུ་ནོར་ལྐོག་ཟ། ཟས་འཁྱེར་བཀག་གསུམ། ཉེ་དགའ་ཕྱོགས་ཞེན་སོགས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་དག་ལྟ་སྐུལ་བཅོས་སྒྲིག་དང་འགན་འདེད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཡོད།
2017ལོར་རྒྱལ་ཡོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི་བཞི་སྟོང་བརྒྱད་ལྷག་ཞིབ་བཤེར་ཐག་གཅོད་བྱས་པ་དང་། 2018ལོར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་འབུམ་གཅིག་ཁྲི་གསུམ་ལྷག་ཞིབ་བཤེར་ཐག་གཅོད་བྱས་པ། 2019ལོར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི་བརྒྱད་སྟོང་ལྔ་ཞིབ་བཤེར་ཐག་གཅོད་བྱས་པ། 2020ལོར་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི་དྲུག་སྟོང་ལྔ་བཤེར་ཐག་གཅོད་བཅས་བྱས་ཡོད། ཐོག་མཐའ་བར་གསུམ་དུ་གཞི་གྲངས་ཆེན་པོ་རྒྱུན་འཁྱོངས་ཐུབ་པ་དེ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཐོག་ལྟར་དྲག་ལ་གློག་ལྟར་མྱུར་བའི་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་དང་འབྲེལ་བ་དམ་པོ་ཡོད་པ་རེད།
སློབ་གསོ་སྨན་བཅོས་ནས་ལས་ཞུགས་ལས་སྐྲུན་བར་དང་། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ་ནས་ཁོར་ཡུག་སྲུང་སྐྱོབ་བར་བཅས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་ས་གང་དུ་ཡོད་ཚེ་སྤྱོད་བཟང་རུལ་རྒོལ་གྱི་དམིགས་ས་དེ་གར་གནས་ཡོད།
ནག་སེལ་ངན་འཇོམ་ནི་མི་དམངས་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།
2018ལོའི་ཟླ1པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྟེ། “ནག་སེལ་ངན་འཇོམ་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཟུང་འབྲེལ་བྱས་ནས། ནག་ཚོགས་དང་འབྲེལ་བའི་ཚོགས་པ་འཛིན་དགོས་ལ། དེའི་རྒྱབ་ཀྱི‘རྒྱབ་རྩ’ཡང་འཛིན་དགོས་པ” ནན་གྱིས་བསྟན་ཡོད།
ཟླ1པོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་བརྩམས་པ་རེད།
ནག་གཤེད་ཕྱོགས་གཏོགས་རྒྱ་ཡན་དུ་བཏང་བ་དང་འགེབས་སྲུང་བྱེད་མཁན“རྒྱབ་རྩ”མཐའ་གཅིག་ཏུ་མེད་པར་བཟོས་པ་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པར་འགོག་རྐྱེན་བཟོ་བའི“བཀག་རྡོ”མཐའ་གཅིག་ཏུ་རྩ་མེད་དུ་བཏང་བས། མི་དམངས་མང་ཚོགས་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་དངོས་གནས་ཚོར་ཐུབ།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།