ས་ཡོམ་བྱུང་སའི་ཡུལ་དངོས་སུ་བྲེལ་བ་ཆེ་བའི་འགྲིམ་འགྲུལ་ཉེན་རྟོག་མི་སྣ།
2022.01.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ལམ་འདིར་སེར་ཀ་གས་པའི་ཞེང་ཚད་ལ་ལིས་རྨིད་སུམ་ཅུ་ལྷག་འདུག བརྙན་ལམ་ནས་དེ་འདྲའི་གསལ་བོ་ཞིག་མི་མཐོང་ཡང་ཡུལ་དངོས་ནས་བལྟས་ན་ཅུང་ཚབས་ཆེན་པོ་རེད། ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཞིང་སྡེའི་གཞུང་ལམ་བདག་སྐྱོང་རུ་ཁག་གི་རུ་གཙོ་མ་རུའུ་ཅོན་གྱིས་ཁ་པར་གྱིས་བརྙན་བླངས་པའི་ས་ཡོམ་རྗེས་ཀྱི་གཞུང་ལམ་སྐོར་ཞིག་གི་གནས་ཚུལ་གསར་འགོད་པར་སྟོན་བཞིན་དེ་ལྟར་བཤད།

མ་རུའུ་ཅོན་དང་སྡེ་ཁག་གཞན་པའི་འགྲིམ་འགྲུལ་ཉེན་རྟོག་མི་སྣས་ཞིབ་བཤེར་བྱས་རྗེས་སུ།  ལུག་ཧོང་ལུང་པའི་གཞུང་ལམ་གྱི་སྤྱི་ལེ་བཅོ་ལྔ་ལྷག་ཙམ་གྱི་ལམ་ངོས་བརྡིབས་འདུག་པར་མ་ཟད་དར་ཆགས་པ་དང་སེར་ཀ་གས་པ་སོགས་ཀྱི་གནས་ཚུལ་འདུག ཆེད་ལས་མི་སྣ་རྣམས་ཀྱིས་མྱུར་དུ་ཞིག་གསོ་བྱས་པར་བརྟེན་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་གཞུང་ལམ་དེའི་སྟེང་དུ་འགྲིམ་འགྲུལ་སྣ་ཚོགས་ཤར་སྐྱོད་བྱེད་ཐུབ་པར་གྱུར།

དུས་རྒྱུན་དུ་གཞུང་ལམ་དེའི་སྟེང་དུ་འགྲོ་འོང་བྱེད་པའི་རླངས་འཁོར་དང་མི་སྣ་སོགས་མང་པོ་མེད། ཡིན་ནའང་ས་དེའི་ཆུ་བེད་ལྟེ་གནས་ཀྱི་མི་སྣ་སྐོར་ཞིག་ཐེངས་འདིའི་ས་ཡོམ་གྱིས་ལམ་ངོས་བརྡིབས་པའི་རྐྱེན་གྱིས་ཕྱིར་འབུད་པར་དཀའ་ངལ་ལ་འཕྲད་ཡོད་པ་རེད། ང་ཚོས་ལམ་རྒྱུད་ཀྱི་བཀག་རྐྱེན་སྣ་ཚོགས་གཙང་སེལ་བྱས་རྗེས་སུ་རླངས་འཁོར་ཆེ་ཆུང་ཚང་མ་བཟོ་སྐྲུན་ལས་ཡུལ་གྱི་སྒོ་ཁར་ཐོན་དུས། ཁོ་ཚོས་སྒོ་མོ་ཕྱེས་ནས་མིག་མཐར་མཆི་མར་འཁོར་བཞིན་ང་ཚོར་དགའ་བསུ་བྱས་བྱུང་། ལུག་ཧོང་ལུང་པའི་གཞུང་ལམ་ཞིག་གསོ་བྱ་བར་ཞུགས་པའི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཅུའུ་ཀྲང་སྐར་མ་ཚེ་རིང་གིས་ཚོར་སྣང་ཟབ་མོ་དང་བཅས་ཏེ་གསར་འགོད་པར་དེ་ལྟར་བཤད།

དེ་ཙམ་དུ་མ་ཟད། གཞུང་ལམ་དེ་ཤར་གཏོང་ཐུབ་རྗེས་སུ་ཞིབ་འཇུག་མི་སྣ་རྣམས་བདེ་བླག་ངང་ས་ངོས་གས་ཁུལ་དུ་སོང་ནས་ཞིབ་འཇུག་བྱ་བ་ལེགས་པོར་བསྒྲུབ་ཐུབ།

ས་ཡོམ་བྱུང་རྗེས་སུ།  གོང་རིམ་གྱི་རེ་བ་ལྟར་དུ་རྒྱལ་ལམ་ཡོད་ཚད་དུས་ཚོད་ཉེར་བཞིའི་ནང་ཞིག་གསོ་བྱེད་དགོས་པ་དང་ཞིང་ཆེན་དང་རྫོང་གི་ལམ་ཚང་མ་དུས་ཚོད་བཅུ་གཉིས་ནང་སླར་གསོ་བྱེད་དགོས།  ལུག་ཧོང་ལུང་པའི་གཞུང་ལམ་ལ་མཚོན་ན་ས་ཡོམ་ཁུལ་དང་ཐག་ཉེ་ཞིང་། གཞུང་ལམ་ལ་གཏོར་བརླག་ཐེབས་ཚད་ཅུང་ཚབས་ཆེ་བའི་ས་ཁུལ་ཡིན་མོད། ཡིན་ནའང་བྱ་བའི་རུ་ཁག་གི་འབད་བརྩོན་ལ་བརྟེན་ནས་དུས་ཚོད་བརྒྱད་ཀྱི་ནང་དུ་གཞུང་ལམ་སླར་གསོ་བྱས་ཏེ་འགྲིམ་འགྲུལ་ཤར་གཏོང་བྱེད་ཐུབ་པ་བྱུང་སོང་ཞེས་སྐར་མ་ཚེ་རིང་གི་ཅུང་ཡིད་ཆེས་དང་བཅས་ཏེ་གསར་འགོད་པར་དེ་ལྟར་བཤད།  ཡིད་ཆེས་དེ་ཡང་གཙོ་བོ་ཁོ་ཚོར་དཀའ་སྤྱད་འབད་བརྩོན་བྱེད་ཕོད་པའི་རུ་ཁག་ཅིག་ཡོད་པས་རེད།

སྐར་མ་ཚེ་རིང་ལ་མཚོན་ན་སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་དབྱར་ཀར་ཁུལ་རིམ་པའི་ས་ཡོམ་སྐོར་གྱི་སྦྱོང་བརྡར་ཞིག་ལ་ཞུགས་མྱོང་། སྦྱོང་བརྡར་དེ་དག་གིས་སྐར་མ་ཚེ་རིང་དང་ཁོའི་ལས་གྲོགས་རྣམས་ལ་ཐེངས་འདིའི་ས་ཡོམ་གྱི་ཡུལ་དངོས་སུ་རོགས་སྐྱོར་གྱི་ནུས་པ་ཆེན་པོ་ཐོན་སོང་། ཁོ་ཚོ་དུས་སྐབས་དང་པོའི་ནང་ས་ཡོམ་གྱི་ཡུལ་དངོས་སུ་སོང་སྟེ་གཞུང་ལམ་རེ་གཉིས་ཞིག་གསོ་བྱེད་པའི་སྐབས་སུ།  ད་དུང་ཡོམ་འཕྲོ་རིམ་བཞིན་རྒྱུན་མི་ཆད་པས་རི་མགོ་ནས་རྡོ་བ་ཆེ་ཆུང་མང་པོ་མར་འགྲིལ་གྱིན་འདུག་ནའང་འགྲུམ་འགྲུལ་མྱུར་སྐྱོབ་ཀྱི་རུ་ཁག་དེ་ཅུང་ཙམ་ཡང་ཕྱིར་ནུར་མི་བྱེད་པར་མདུན་དུ་བསྐྱོད།

སྐར་མ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར།  ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བརྒྱད་ཀྱི་བར་དུ་སྡོམ་པས་ཞིང་སྡེའི་གཞུང་ལམ་སྤྱི་ལེ་སྟོང་གཉིས་དང་ཉིས་བརྒྱ་གྱ་ལྔ་ཞིག་གསོ་བྱས་པ་དང་། དེའི་ནང་དུ་ཞིང་ཆེན་གྱི་ལམ་སྤྱི་ལེ་སུམ་བརྒྱ་བཞི་བཅུ་ལྷག་དང་ཆེད་སྤྱོད་གཞུང་ལམ་སྤྱི་ལེ་བཅུ་བདུན། ཡུལ་ཚོ་དང་སྡེ་བའི་ལམ་སྤྱི་ལེ་སྟོང་གཅིག་དང་དགུ་བརྒྱ་ཉེར་བདུན་དང་གཞན་ཟམ་པ་བརྒྱ་དང་བཅོ་བརྒྱད་བཅས་འདུ་ཞིང་། ས་ཡོམ་རྗེས་ཀྱི་འགྲིམ་འགྲུལ་རོགས་སྐྱོར་ཉེན་སེལ་གྱི་དཔྱད་འཇོག་ད་ལྟ་གཞི་ནས་ལེགས་འགྲུབ་བྱུང་ཡོད། མུ་མཐུད་དུ་ང་ཚོས་བྱ་བ་རེ་རེ་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་པས་ཚང་མས་སེམས་བདེ་མོ་བྱོས་ཟེར།

                                                                 ཡིག་སྒྱུར་བ། གཡང་འབུམ་རྒྱལ།