དམངས་ཀྱི་ཆེད་དུ་ཐབས་འདོན་ཇུས་འབུལ་བྱེད།
2022.01.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

 མཚོ་སྔོན་ཞིང་ཆེན་གྱི2022ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། འཐུས་མི་དང་ཨུ་ཡོན་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དོ་ཁུར་བྱས་ཡོད། ཁོ་ཚོས་སྔར་ལས་མང་པའི་དངོས་གཉེར་དང་གནད་འཁེལ་གཏམ་བཟང་བརྒྱུད་དེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་བསྐྲུན་པར་ཐབས་འདོན་ཇུས་འབུལ་བྱས་པ་རེད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་བཤད་རྒྱུར།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པའི་ལྟེ་བའི་ཁུལ་ཞིག་ཡིན་པའི་ཆ་ནས།  ཞིན་ཧེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།  རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་པ་དང་།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ས་ཁུལ་བཞིའི་འཛུགས་སྐྲུན་ལ་དམིགས་པ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་གཞི་ཚུགས་པ།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་དམག་མི་བརྩོན་ལེན་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་པ་ཡག་པོ་བྱེད་རྒྱུ་ཡིན་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་ཀང་ཧྥུའུ་ཡིས་བཤད་རྒྱུར། ཧི་ནན་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་།  སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བཟང་བོ་བྱེད་པ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་དམིགས་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་པ། བསམ་བློའི་འདུ་ཤེས་བཅོས་སྒྱུར་བྱེད་པ། སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཐོན་སྐྱེད་བྱེད་སྟངས་ལེགས་སྒྱུར་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ནས།   སྐྱེ་ཁམས་དཔལ་ཡོན་དེ་མིང་དོན་མཚུངས་པའི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཏུ་འགྱུར་བ་བཅས་བྱེད་དགོས་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞང་ཧ་ལུང་སྡེ་བའི་སྡེ་མི་ཚེ་རིང་སྒྲོལ་མས་བཤད་རྒྱུར། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཧུར་ཐག་གིས་ཞུགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུར་གཞི་ཚུགས་པ་དང་། རང་དཔེ་གཞན་སྟོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩ་ཆེ་བའི་རི་ཆུ་ནགས་གསུམ་དང་རྩྭ་ཐང་དང་སྐྱེ་དངོས་མཐའ་དག་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་ལ། ཉེ་འགྲམ་གྱི་མང་ཚོགས་སྔར་ལས་མང་བ་རང་རྟོགས་ངང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་མཁན་བྱེད་པར་ཁྲིད་སྟོན་བྱས་ནས།  སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཅིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ།ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་འགན་ཨུ་ཡོན་གཞོན་པ་ཚའོ་ཧའེ་ལིན་གྱིས་བཤད་རྒྱུར།  མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་ནི་གོ་སྐབས་རང་བཞིན་དང་། བསྐྱར་སྐྲུན་རང་བཞིན། དགོས་གཏུག་རང་བཞིན་བཅས་ཀྱི་འཕོ་འགྱུར་ཞིག་ཡིན་པས། སྔར་བྱུང་མྱོང་མེད་པའི་དཀའ་གནད་མང་པོ་སེལ་དགོས་པ་དང་ལྷག་པར་དུ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་འོག སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་བ་སེལ་དགོས། དེར་བརྟེན་མཚོ་སྔོན་འདི་ཉིད་སྐྱེ་ཁམས་ཀྱི་དམིགས་བསལ་ཁུལ་དུ་བརྩིས་ནས་འཛུགས་སྐྲུན་བྱེད་པ་དང་། དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་སྲིད་ཇུས་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ།  སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་སྐྲུན་དང་བཅོས་སྒྱུར་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཚའོ་ཀོང་ཁྲའོ་ཡིས་བཤད་རྒྱུར། ང་ཚོས་ཁྱད་སྟོབས་ཆེ་རུ་གཏོང་བ་དང་ཞན་ཆ་སེལ་ནས། སྔར་ལས་ཚད་ལྡན་དང་ཕན་འབྲས་ཆེ་བའི་དོ་དམ་སྒྲིག་སྲོལ་འཛུགས་པ་དང་། སྲིད་གཞུང་དང་སྤྱི་ཚོགས། སྡོད་དམངས་བཅས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་འཁོར་སྐྱོད་རྐྱེན་སྲོལ་གསར་སྐྲུན་བྱེད་དགོས་པ་དང་། ཁྲིམས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། སྐྱེ་ཁམས་ཉམས་ཞིབ་དང་རང་བྱུང་སློབ་གསོ། ཐོན་ལས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་བྱ་བར་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་བྱེད་པ་ཟུང་འབྲེལ་དམ་པོ་དང་། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པར་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཡུས་ཀྱིས་བཤད་རྒྱུར།  རི་ཆུ་རིག་གནས་དེ་མདོ་དབུས་མཐོ་སྒང་དུ་རྩ་བ་ཚུགས་ཏེ་ས་ཁོངས་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་མི་རིགས་རིག་གནས། ཆོས་ལུགས་རིག་གནས། སྤྱི་ཚོགས་དཔལ་འབྱོར་བཅས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། སྔོན་ཆད་ཀྱི་རི་ཆུར་མཐོང་ཆེན་མི་བྱེད་པའི་སྣང་ཚུལ་མེད་པར་བཟོས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རིའི་ཐོན་ཁུངས་ལེགས་བཅོས་བྱས་ཏེ། དེའི་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་ནུས་པ་དང་དོན་དངོས་ཀྱི་རིག་གནས་རིན་ཐང་ལ་ཞིབ་འཇུག་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཉམས་ལེན་བྱ་དགོས་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།