ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དགེ་འདུན་རྒྱལ་གྱིས་བཤད་རྒྱུར། 2022ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་སྔོན་ལ་ལག་བསྟར་དང་ཚོད་ལྟ”བྱེད་རྒྱུར་དམ་པོར་དམིགས་ཏེ། རྟེན་གཞི་ཆེན་པོའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གཙང་མའི་དྲོད་འདོན་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་ས་འོག་གི་ཚ་ནུས་ཀྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྗང་མདོག་གློག་ཤུགས་གསར་སྐྲུན་བྱས་པ་བརྒྱུད། སྐྱེ་ཁམས་དང་དཔལ་འབྱོར་ཕྱོགས་གཉིས་ཐད་ནས་ཕན་འབྲས་ཐོབ་པར་འབད་པ་བྱ་རྒྱུ་ཡིན་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཞིང་སྡེའི་དཔལ་འབྱོར་བདག་གཉེར་ཞབས་ཞུ་ས་ཚིགས་ཀྱི་འགོ་གཙོ་ལི་གོ་ཞིག་གིས་བཤད་རྒྱུར། སྔར་ལས་ལྷག་པར་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་བགྲོད་ལམ་ཇེ་ཡངས་སུ་བཏང་སྟེ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ལ་དམིགས་པ་དང་ཞིང་ལས་ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་དུ་གཏོང་བ། སྒྲིག་བཀོད་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་ཞིང་ལས་ཚན་རྩལ་ལས་ཐོན་པའི་ཕན་བདེ་ལོངས་སྤྱོད་བྱེད་ཐུབ་པར་འབད་པ་བྱེད་དགོས་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ལས་བྱེད་མི་སྣ་རིན་ཆེན་སྒྲོལ་མས་བཤད་རྒྱུར། སྔར་ལས་ལྷག་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕྱི་ཕྱོགས་སུ་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་གནས་སྐོར་ལྗོངས་རྒྱུ་བྱེད་པར་ཕེབས་པ་དང་། གཏིང་ཟབ་མོའི་ངང་རྨ་ལྷོའི་རིག་གནས་ཉམས་ལེན་བྱེད་པ། ནུས་ཡོད་སྒོས་འཛད་སྤྱོད་ཆུ་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ། “རབ་མཛེས་མཚོ་སྔོན·ངོ་མཚར་སྟོང་གི་རྨ་ལྷོ”ཡི་ཟོང་རྟགས་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཟེར།
ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཞའོ་མའེ་ཡིས་བཤད་རྒྱུར། སྒོ་འབྱེད་མཉམ་ལས་ཀྱི་ཤུགས་ཚད་ཆེ་རུ་བཏང་སྟེ། ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་ཀྱི་གཉིས་ཕན་རྐྱེ་སྲོལ་བཙུགས་ཏེ། “འོད་ནུས་དང་སྐྱེ་ཁམས་ཐོན་ལས”ཟུང་འབྲེལ་འཕེལ་རྒྱས་གཏོང་བ་བརྒྱུད། འོད་ནུས་བར་སྟོང་གི་ཐོན་ཁུངས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཝུན་ཅེ་ཡིས་བཤད་རྒྱུར། ང་ཚོས་ཧུར་ཐག་སྒོས་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པ་དང་ཞབས་ཞུ་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པ་དང་། དབང་བའི་ལམ་ལུགས་མི་འདྲ་བའི་དཔལ་འབྱོར་རྩ་འཛུགས་ལ་སྐུལ་སློང་བྱས་ནས་ཚ་ཚ་འུར་འུར་གྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཞུགས་ཐུབ་པར་བྱེད་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་མ་ཅིན་ཀང་གིས་བཤད་རྒྱུར། འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་ནས་སྲོལ་རྒྱུན་གྱི“ཐོན་ཁུངས་ལྟ་བའི”རྒྱུན་ལྡན་རང་བཞིན་གྱི་བསམ་གཞིག་ལས་བརྒལ་ཏེ། སྲོལ་རྒྱུན་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་ལས་ཕྱིར་འབུད་བྱེད་དགོས་པ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་རྣམ་པ་གསར་པ་བཏོད་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྲུན་དགོས་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་འབྲུ་སྣུམ་ཀུང་ཟིའི་ལས་འཛིན་པ་ལྷ་སྒྲོན་གྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང་དམངས་ཚིས་འགན་སྲུང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཇེ་བཟང་དུ་ཕྱིན་པ། བདེ་སྣང་དང་སྐྱིད་སྣང་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ནས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་བ་ཞིག་གིས་གཞི་རིམ་གྱི་དམངས་ཚིས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་དང་ལྷག་པར་དུ་རོང་འབྲོག་ཁུལ་གྱི་མང་ཚོགས་ལ་སྔར་ལས་ལེགས་པའི་སྨན་བཅོས་དང་སློབ་གསོའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱེད་པའི་རེ་བ་བཅངས་ཡོད་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྨན་བཅོས་ཉེན་ཚབ་ཅུའི་ཅུས་ཀྲང་བདེ་མཆོག་སྐྱིད་ཀྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་སྨན་བཅོས་ཉེན་ཚབ་ཀྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་ཕྱིན་པ་དང་སྨན་བཅོས་ཆ་རྐྱེན་རིམ་བཞིན་ཇེ་ལེགས་སུ་སོང་བ་ལས་རོང་འབྲོག་མང་ཚོགས་ལ་སྟབས་བདེ་ལེགས་པོ་བསྐྲུན་པར་མྱོང་ཚོར་ཟབ་མོ་བྱུང་། རོང་འབྲོག་པའི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏོང་ཐུབ་པ་དང་ཆབས་ཅིག ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྫས་ཁག་གཅིག་རྒྱལ་ཁབ་ཀྱི་སྨན་བཅོས་ཉེན་ཚབ་སྨན་རྫས་ཀྱི་དཀར་ཆག་ཁྲོད་བཅུག་ནས་མང་ཚོགས་ཀྱིས་ནད་ལ་བལྟ་བར་སྔར་ལས་སྟབས་བདེ་ཡོང་བ་བྱེད་དགོས་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གངས་ལྗོངས་ནོར་གཡང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགོ་གཙོ་ཆོས་འབུམ་རྒྱལ་གྱིས་བཤད་རྒྱུར། ཉེ་འཁོར་གྱི་སྡེ་མི་རྣམས་ང་ཚོའི་ཆེད་ལས་མཉམ་ལས་ཁང་དུ་ལས་ཀ་བྱེད་དུ་ཡོང་བ་བརྒྱུད། ཁོ་ཚོའི་ཡོང་འབབ་ཇེ་མང་དུ་སོང་བ་དང་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་ཡོད། སྡེ་མི་ཚོས་གཅིག་རྗེས་གཉིས་མཐུད་སྒོས་ཏང་གི་སྲིད་ཇུས་བཟང་པོར་བཀའ་དྲིན་ཞུ་བཞིན་ཡོད། སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་ཆེད་ལས་མཉམ་ལས་ཁང་ལ་སྔར་ལས་མང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་སྔར་ལས་གཟིགས་སྐྱོང་གི་སྲིད་ཇུས་མཁོ་འདོན་བྱས་ཏེ། ཕྱུགས་ལས་ཐོན་ལས་ཀྱིས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འདྲེན་ཡུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས། གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ། རོང་འབྲོག་པའི་ཡོང་འབབ་མུ་མཐུད་དུ་ཇེ་མང་དུ་གཏོང་བ་བཅས་ཀྱི་གྲོས་གཞི་འདོན་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཆ་ཚང་སློབ་ཆུང་གི་དགེ་རྒན་ཅ་ཡུས་ལན་གྱིས་བཤད་རྒྱུར། ཁྱིམ་ཚང་གིས་བྱིས་པར་རྒྱང་རིང་གི་ཕུགས་བསམ་དང་རིན་ཐང་གི་ལྟ་བ་ཡང་དག་འཛུགས་པར་ཁྲིད་སྟོན་དང་རོགས་རམ་བྱེད་པའི་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད། འབྲོག་པ་མང་ཚོགས་ཀྱིས་གོ་སླ་བའི་བྱེད་ཐབས་སྤྱད་དེ་ཁྱིམ་ཚང་གི་སློབ་གསོའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ན་གཞོན་ཕ་མ་བྱིས་པའི་སློབ་གསོའི་ཁྲོད་ཞུགས་རྒྱུ་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། བྱེད་ཐབས་སྣ་མང་སྤྱད་དེ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚད་ཇེ་མཐོར་གཏོང་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ་ན་གོར་མོ་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཅིས་ཧོང་ཧྭ་ཡིས་བཤད་རྒྱུར། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། མི་དམངས་མང་ཚོགས་ཀྱི་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཡོད། ནད་ཡང་མོ་རྫོང་སྨན་ཁང་ནས་སྨན་བཅོས་བྱེད་ཐུབ་པ་དང་། ནད་ལྕི་མོ་ཞིང་ཆེན་སྨན་ཁང་ནས་སྨན་བཅོས་བྱེད་ཐུབ་པའི་གནད་འགག་ནི་མི་ལ་ཐུག་ཡོད་པས། ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་འཁྱུར་ངལ་གསོ་བྱས་པའི་ས་གནས་ཀྱི་མཐོ་རིམ་ལག་རྩལ་མི་སྣ་བསྐྱར་དུ་གདན་འདྲེན་ཞུ་བའི་རྐྱེན་སྲོལ་ལེགས་བཅོས་བྱེད་པ། འབྲིང་རིམ་གོ་མིང་ཡན་གྱི་རྐང་འཛིན་ལག་རྩལ་མི་སྣར་དམིགས་ནས་སྐུལ་ལྕག་རྐྱེན་སྲོལ་རབ་དང་རིམ་པ་བཟོས་ཏེ། ཁོ་ཚོས་ས་གནས་མང་ཚོགས་ལ་མུ་མཐུད་དུ་ཞབས་འདེགས་ཞུ་བར་སྐུལ་མ་གཏོང་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ་ཟི་ལིང་ཀོང་ཚེ་མེན་ཐེན་བྱིས་པའི་མིག་ནད་སྨན་ཁང་འཛུགས་མཁན་བང་ཐུང་ལིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་བྱིས་པའི་མིག་ནད་སྣ་ཚོགས་ཀྱིས་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད། དེར་བརྟེན་ཆེད་དོན་ཞིབ་འཇུག་བྱ་གཞི་བཙུགས་ནས་བྱིས་པའི་མིག་གི་བདེ་ཐང་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། སྔ་མོ་ནས་མིག་ནད་སྔོན་འགོག་བྱེད་རྒྱུ་ནི་ཕན་ནུས་ལྡན་པའི་བྱེད་ཐབས་བཟང་བོ་ཞིག་ཡིན་པས། མིག་ཤེད་བདེ་ཐང་སྔོན་འགོག་གི་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་དགོས་ཟེར།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།