མེ་ལོང་སྡེ་བའི“འགྱུར་ལྡོག”ལམ་བུ།
2022.01.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་བརྟེན་ནས“ལྷ་མཚོ”རྟགས་ཅན་གྱི་ནོར་ལུག་གི་ཤ་རླངས་འཁོར་ནང་བཞག་ནས་ས་ཆ་སོ་སོར་སྐྱེལ་འདྲེན་བྱེད་བཞིན་པ།

ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་མེ་ལོང་སྡེ་བའི་ལོ་རྒྱུས་ཁང་དུ་བསྐྱོད་པ་ན། འདྲ་པར་རེ་རེ་དང་། གཞི་གྲངས་མང་པོ་ཞིག་མིག་ལམ་དུ་འཆར་ཡོང་བ་སྟེ། ཉིས་སྟོང་ཉི་ཤུ་ལོར་སླེབས་སྐབས་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་ལྷག་ལ་སླེབས་པ་དང་། སྡེ་བའི་ཐུན་མོང་ཐོན་ལས་ཀྱི་ཐོན་རིན་སྒོར་མོ་ས་ཡ་བཞི་དང་འབུམ་དགུ་ཁྲི་དགུ་ལ་སླེབས་ཅིང་། སྡེ་མི་ཚང་མར་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་མོ་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱ་བཞི་བཅུར་སླེབས་ཡོད། དེ་སྔོན་སྐད་གྲགས་དེ་འདྲ་མེད་པའི་འབྲོག་ལས་སྡེ་བ་དེ་ཉིས་སྟོང་བརྒྱད་ལོར་ད་དུང་རྫོང་ཡོངས་ཀྱི་དཔེ་མཚོན་དབུལ་ཕོངས་སྡེ་བ་ཞིག་ཡིན་པ་རེད། རྗེས་སུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་སྒྲུབ་པ་ལ་བརྟེན་ནས་འབྲོག་པར་ཕན་འབྲས་ཐོབ་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི“གཉིས་རྒྱལ”རྣམ་པ་ཞིག་མངོན་འགྱུར་བྱུང་།

2021ལོ་ནི“མེ་ལོང་དཔེ་དབྱིབས”ཁྱབ་གདལ་བཏང་བའི་ལོ་བཅུ་གསུམ་པ་ཡིན་པ་དང་།  “ལོ་ལྔའི་འཆར་འགོད་བཅུ་བཞི་བ”མགོ་རྩོམ་པའི་ལོ་ཞིག་ཀྱང་རེད། དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། འབྲོག་པའི་འཚོ་བ་སྔར་ལས་ཕྱུག་པོར་གྱུར། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་ཏན་ཏིག་བྱེད་ཆེད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་བཟང་རྡོ་རྗེ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅོན་ཆིན་གཉིས་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་གཞུང་ལས་ཁང་དུ་བསྡད་དེ་གྲོས་བསྡུར་བྱེད་བཞིན་འདུག “གྲོང་གསེབ་དར་རྒྱས་ཁྲོད་རྩ་འཛུགས་དར་རྒྱས་དང་། ཐོན་ལས་དར་རྒྱས། སྐྱེ་ཁམས་དར་རྒྱས་སོགས་ཚང་མ་ང་ཚོ་དང་འབྲེལ་བ་ཡོད་པར་གླེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་ཐེངས་གཉིས་ལ་གཟིགས་ཞིབ་གནང་སྐབས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་དང་། སྐྱེ་ཁམས་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ལ། ད་དུང་ཡུལ་མི་རྣམས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པར་བྱེད་དགོས། ནོར་ལུག་གསོ་སྤེལ་ཁོ་ནར་མི་བརྟེན་པར་ད་དུང་ཐབས་ཤེས་ཤིག་བཙལ་ཏེ་ང་ཚོའི‘མེ་ལོང་དཔེ་དབྱིབས’རིམ་སྤར་བྱེད་དགོས”ཟེར།

ཀུན་བཟང་རྡོ་རྗེ་གྲོགས་པོ་དང་མཉམ་དུ་རྫོང་མཁར་དང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་རྟོག་དཔྱོད་ཞིབ་མོ་བྱས་པ་དང་། ལུག་རྫིའི་སེམས་ཤུགས་དེ་ཁྲོམ་རར་རྟོག་དཔྱོད་བྱེད་པའི་ཐོག་བཞག་སྟེ་བཟའ་བཏུང་དང་། རླངས་འཁོར་འཁྲུ་ས། མགྲོན་ཁང་། ཡུལ་སྐོར་སོགས་ཀྱི་ལས་རིགས་སུ་སོང་ནས་མཐའ་མཇུག་ཐོན་ལས་དང་པོར་བརྟེན་པ་དང་། ཐོན་ལས་གཉིས་པར་སྐུལ་ཁྲིད་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི”ཐོན་ལས་རིམ་སྤོར་གྱི2.0བསམ་ཕྱོགས་གཏན་འཁེལ་བྱས་པ་རེད།

“ཡུལ་མི་ཚོ་ཕྱུག་པོར་འགྱུར་མི་འགྱུར་དེ་ཡོད་ཚད་སྣེ་ཁྲིད་མཁན་ལ་རགས་ལས།” ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་སྡེ་བའི་ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། ཏང་ཡོན་ལ་དམངས་གཙོས་དཔྱད་གླེང་བྱེད་པ་སོགས་ཀྱི་རྩ་འཛུགས་འཚོ་བའི་ལམ་ལུགས་ནང་འདྲེས་པར་སྐུལ་འདེད་བཏང་ནས་སྡེ་བའི་ལས་བྱེད་པའི་བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོའི་འགན་གཅིག་ལྕོགས་སུ་འཁུར་བ་དང་།“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིས་ལས་འགན་བསྣོལ་མར་འཁུར་བ། ཏང་ཡོན་ལྟེ་བའི་ཁྱིམ་ཚང་གིས་ཕྱུག་འགྱུར་སྣེ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པའི་ཆེད་ལས་བྱང་ཚད་དང་དོ་དམ་ཆུ་ཚད་གཉིས་ཀ་ནན་མོ་ཡོང་བར་སྐུལ་འདེད་བཏང་ཡོད།

“སྡེ་བ་འཕེལ་རྒྱས་གཏོང་བར་འཇོན་ཐང་ཅན་གྱི་མི་སྣ་མང་པོ་དགོས་པ་དང་། དོ་དམ་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱ་ཆེད། ང་ཚོས་ད་དུང་ཤེས་ལྡན་མི་སྣར་བྱ་དགའ་སྟེར་བའི་གཏན་འབེབས་བཟོས་པ་དང་། ཉེ་བའི་ལོ་ཤས་རིང་རིམ་རྩིས་བྱས་ན་སྡེ་བའི་སློབ་གྲྭ་ཆེན་མོའི་སློབ་མར་བྱ་དགར་སྒོར་མོ་ཁྲི་གཉིས་བྱིན་པ་དང་སློབ་ཆེན་སློབ་མ་བདུན་ཕྱིར་མེ་ལོང་དུ་ལོག་ནས་བྱ་བ་སྒྲུབ། དེའི་ཁྲོད་མི་གསུམ་སྡེ་བ་རིམ་པའི་སྐབས་བརྗེའི་ཁྲོད‘ཨུ་ཡོན་ལྷན་ཁང་གཉིས’ནང་བདམས་པ་རེད” ཅེས་མེ་ལོང་སྡེ་བའི་ཏང་ཀྲི་པུའུ་ཨུ་ཡོན་མེ་དཔུང་སྐྱབས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།

འབྲོག་པའི་ཡོང་སྒོ་ཇེ་མང་དུ་ཕྱིན་པ་དང་། མེ་ལོང་སྡེ་བའི་འཕེལ་རྒྱས་ཀྱི་གདེང་ཚོད་དང་ཡིད་ཆེས་ཀྱང་སྔར་ལས་ཆེ་རུ་ཕྱིན། མེ་ལོང་གི་མི་ཡིས་དེང་རབས་ཀྱི་ཕྱུགས་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག ལས་གཉེར་མ་ལག ཞབས་ཞུའི་མ་ལག་སོགས་ཧུར་ཐག་གིས་སྐྲུན་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་རོགས་སྐྱོར་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ། འོད་ཤུགས་ཐོན་ལས་དང་“གཟན་རྩྭ”འདེབས་འཛུགས་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་རྣམ་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་མ་དངུལ་བཏང་སྟེ། བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ་དང་། འབྲོག་པའི་སྤྲོ་ཁྱིམ་ཁང་དང་མི་རིགས་ལག་ཤེས་བཟོ་རྩལ་སོགས་མི་རིགས་ཀྱི་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བ། ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་འཐུས་ཚང་དང་མཐོར་འདེགས་གཏོང་བ། སྤྲོ་གསེང་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་བཅས་བྱས་པས། མེ་ལོང་མཉམ་ལས་ཁང་གི་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད། སྡེ་མིས་གསོས་པའི་རྩྭ་གཟན་ལུག་ལ་ཁྲོམ་རའི་ནང་འཛད་སྤྱོད་པས་དགའ་བསུ་ཐོབ་ཆེད། མེ་ལོང་སྡེ་བས་ཧུའུ་ཡོན་ཕྱུགས་ལས་དང་མཉམ་ལས་བྱས་ནས་ནོར་ལུག་གི་ཤ་ལས་སྣོན་ཞིབ་ཚགས་བྱས་པས། “ཐེམ་ཆེན”རྟགས་ཅན་གྱི་ཐོན་རྫས་ཉོ་མཁན་ཇེ་མང་དུ་སོང་སྟེ། ས་གནས་རང་གི་མི་རྣམས་ཀྱི་གསོལ་ཅོག་སྟེང་གི་ཟས་རིགས་ཤིག་ཏུ་གྱུར།

“ང་ཚོས་སྡེ་བའི་ནང་ནོར་ལུག་གི་ཤ་མཁོ་མཁན་བར་ལ་གྲོས་མཐུན་བཞག་པ་དང་། ཚོང་ཁང་ནང་གི་ཁྱད་ལྡན་ཐོན་རྫས་ཚང་མ་ནི་མེ་ལོང་སྡེ་བའི་ནོར་ལུག་གི་ཤ་ཡིན་ཞིང་། དུས་མཚུངས་སུ་གྲོས་མཐུན་གཞིར་བཟུང་སྟེ། རྒྱ་ཁོག་ཟ་ཁང་གིས་ལོ་རེར་མཉམ་ལས་ཁང་ལ་འགན་གཙང་ལེན་གྱི་སྒོར་མོ་འབུམ་བཞི་དང་ཁྲི་གཅིག་ལྷག་སྟེར་བཞིན་ཡོད་ཅིང་། དེ་ལས་གཞན། ཚོང་ཁང་ནང་གི་ལས་བྱེད་མི་སྣ་བདུན་པོ་སྡེ་བའི་ནང་གི་མི་རེད། སྡེ་བའི་ཐུན་མོང་ཡོང་སྒོ་ཇེ་མང་དུ་སོང་བ་དང་ཆབས་ཅིག་སྡེ་མིའི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱས་ཡོད”ཅེས་མེ་ལོང་རྒྱ་ཁོག་ཟ་ཁང་གི་ལས་འཛིན་པ་བང་ཅང་བེ་ཡིས་དེ་ལྟར་མཚམས་སྦྱོར་བྱས།

མེ་ལོང་སྡེ་བས་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས“རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེར་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་འཕེལ་རྒྱས་གོ་སྐབས་དང་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟེགས་བུའི་ནང་བདམས་རྒྱུར་དམ་འཛིན་བྱས་ཏེ། ཕྱུགས་ལས་ཐོན་རྫས་ཉོ་ཚོང་གི་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་བཏང་བ་དེས་ཉིན་པའོ་ས་ཁུལ་གྱི་རྩྭ་གཟན་གྱི་ཤ་ཟ་རྒྱུར་དགའ་བའི་མི་རྣམས་ལ་སྟབས་བདེ་བཟོས་པ་མ་ཟད། ད་དུང་འབྲོག་པ་མང་ཚོགས་ལ་ཡོང་སྒོ་ཡང་ཡོད་པར་གྱུར། མེ་ལོང་ཏང་ཀྲི་པུའུ་ཡིས་རང་འགུལ་ངང་བསམ་ཕྱོགས་ལ་འགྱུར་བ་བཏང་ནས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཁེ་ལས། གློག་རྡུལ་ཚོང་དོན”བཅས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཤིག་འཚོལ་ཞིབ་བྱས་པ་དང་། མཉམ་ལས་ཁང་གི་སྣེ་ཁྲིད་དེ་རྫོང་གི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་དང་འབྲེལ་བ་བྱས་ནས་ཉོ་ཚོང་གྲོས་མཐུན་སྟེང་བདེ་བླག་གིས་མིང་ཐོ་བཀོད་དེ། ཐེན་མའོ་དང་། ཆིན་པའོ་ཚོང་ར། ཡུག་ཙན་སོགས་དྲ་ཚོང་སྟེགས་བུའི་སྟེང་ཕྱིར་འཚོང་བྱས་པ་ཤིན་ཏུ་བཟང་ལ། མེ་ལོང་སྡེ་བའི་ནོར་ལུག་གི་ཤ་ཡང་ས་ཐག་རིང་བོར་ཕྱིར་འཚོང་བྱེད་ཐུབ་པ་བྱུང་།

ལོ་རེ་རེར་མེ་ལོང་སྡེ་བའི་ཏང་ཀྲི་པུའུ་ཡིས་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་། ཧ་ལ་མཚེའུ་གངས་འཁྱགས་དཔའ་བོའི་ཚོགས་ཆེན་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ནས“ཐེམ་ཆེན”སོགས་ནོར་ལུག་གི་ཤའི་ཚོང་རྟགས་ཧུར་ཐག་གིས་དྲིལ་བསྒྲགས་དང་ཕྱིར་འཚོང་བྱས་པ་དང་། དྲ་ཐོག་དང་ཚོང་ཁང་གཉིས་ཀ་ནས་མངགས་ཐོ་མང་བས་ཀུན་བཟང་རྡོ་རྗེ་དགའ་སྤྲོས་ཁེངས་པར་གྱུར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།