ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད།
2022.02.08 ཁུངས། ཀློག་གྲངས། 30

 ཟླ2པའི་ཚེས2ཉིན་གྱི་སྔ་དྲོར། དཔལ་འབར་འཁྱེར་མཁན་ཆོས་འཕེལ་བཀྲ་ཤིས་གྱིས་ཨོ་ལིན་ཕིས་ཁི་ནགས་ཚལ་སྤྱི་གླིང་ནས་དཔལ་འབར་བརྒྱུད་སྤྲོད་བྱས།

ཟླ2ཚེས4ཉིན་གྱི་སྔ་དྲོར། དཔལ་འབར་འཁྱེར་མཁན་ཀྲའོ་ཞིན་ལུའུ་ཡིས་དབྱི་ཧོ་སྐྱེད་ཚལ་དུ་དཔལ་འབར་བརྒྱུད་སྤྲོད་བྱས།

དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་སུ། 2022ལོའི་པེ་ཅིན་གསར་འགྱུར་ལྟེ་གནས་ཀྱི“མཛེས་པའི་ཀྲུང་གོ”ཞེས་པའི་པར་རིས་འགྲེམས་སྟོན་ཁྲོད། པར་རིས་གཅིག་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཡིད་དབང་བཀུགས། པར་རིས་ངོས་སུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཙོད་འགའ་མཛེས་སྡུག་ལྡན་པའི་གཙོད་གནས་མཚེའུ་འགྲམ་དུ་དལ་གྱིས་སྐྱོད་བཞིན་འདུག

ཟླ2ཚེས2ཉིན། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་སྤྱི་གླིང་དུ་སྤེལ་བའི་པེ་ཅིན2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོའི་ཁྲོད། དཔལ་འབར་འཁྱེར་མཁན་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་གཙོད་གནས་མཚོ་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་ཆོས་འཕེལ་བཀྲ་ཤིས་བྱེད་སྒོའི་ནང་ཞུགས་པ་དེས་དུས་རབས་གསར་པའི་མཐོ་སྒང་གི་བུ་བུ་མོའི་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་ཀྱིས་མཚོན་བཞིན་ཡོད་པ་རེད།

ཟླ2ཚེས4ཉིན། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་པེ་ཅིན་དབྱི་ཧོ་སྐྱེད་ཚལ་དུ་བརྒྱུད་སྤྲོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་རིམ་པ་བཞི་བའི་མཐོ་རིམ་ཉེན་རྟོག་པ་ཀྲའོ་ཞིན་ལུའུ་ཡིས་བརྟན་བརླིང་གི་ངང་ནས་དཔལ་འབར་ཚུར་བླངས་ནས་ས་ཚིགས་རྗེས་མའི་ཕྱོགས་སུ་བསྐྱོད།

ལྟོས་ཚོད་ལ་འབྲེལ་བ་ཅི་ཡང་མེད་པའི་པར་རིས་གསུམ་པོ་དེས་འཛམ་གླིང་ཡོངས་ལ་མཚོ་སྔོན་གྱི་མི་རིགས་སོ་སོའི་བུ་བུ་མོ་ཚོས་ཐོག་མཐའ་བར་གསུམ་དུ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱག་ཡང་གསེར་རི་དངུལ་རི་ཡིན་པའི”སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་དང་། ལྗང་མདོག་དྲིན་ཚོར། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དཔའ་ངར་གྱི་རྣམ་པས་སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་སྟོབས་ཆེ་བ། སྔར་ལས་མཐུན་སྒྲིལ་ལྡན་པའི་ཨོ་ལིན་ཕིས་ཁི་སྙིང་སྟོབས་ཤིག་ཐུན་མོང་ཐོག་འགྲེལ་བརྗོད་བྱས་ཡོད།

ཨ་ཆེན་གངས་རྒྱབ་ནི་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁུལ་དུ་གནས་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ། འབྲི་ཆུ་དང་། རྨ་ཆུའི་འབྱུང་གནས་ཡིན་པ་དང་། རྫ་ཆུའི་འབྱུང་ཁུངས་ཡིན་པས།“ཀྲུང་ཧྭའི་ཆུ་མཛོད”དང་།“ཨེ་ཤ་ཡའི་ཆུ་མཛོད”ཀྱི་མིང་ཐོགས་ཡོད་ཅིང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་གཙང་པོའི་འབྱུང་ཁུངས་ཡིན་པ་དང་། འབབ་རྒྱུད་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡང་རེད། 2017ལོར་ཨ་ཆེན་གངས་རྒྱབ《འཛམ་གླིང་གི་ཤུལ་བཞག་མིང་ཐོའི》ནང་རྒྱལ་ཁའི་ངང་ཚུད་རྗེས། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ཤོས་དང་། ཆ་སྙོམས་མཚོ་འཕང་ཆེས་མཐོ་བ། མཚེའུ་གྲངས་ཀ་ཆེས་མང་བ་མ་ཟད། འོ་འཐུང་སྲོག་ཆགས་ཆེ་བའི་གནས་སྤོ་མཛེས་ལྗོངས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་རྒྱུན་མཐུད་པ་དང་། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བ་སྐྲུན་པའི“མིང་བྱང”ལྟ་བུར་འགྱུར་བར་སྐུལ་འདེད་གཏོང་བ་ཞིག་ཏུའང་གྱུར་ཡོད།

ཨ་ཆེན་གངས་རྒྱབ་དང་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱ་ཆེད། མཚོ་སྔོན་གྱི་མི་རབས་མང་པོས་ལང་ཚོ་དང་། རྔུལ་ཆུ། ཐ་ན་ཚེ་སྲོག་ཀྱང་ཕུལ་ཡོད། ཆོས་འཕེལ་བཀྲ་ཤིས་ཀྱི་ཨ་ཞང་དང་ཨ་ཕ་གཉིས་ཀྱིས་སྔ་གཞུག་ཏུ་རི་དྭགས་གཙོད་ལ་སྲུང་སྐྱོབ་བྱ་ཆེད་རང་སྲོག་བློས་བཏང་བ་དང་། ཁོ་རང་ཡང་ས་ཆ་དེ་ལ་དགའ་ཞེན་ཆེ་བའི་དབང་གིས་གནས་དེ་རུ་བསྡད་པ་དང་། མཐོ་སྒང་གི་གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པའི་གདུག་རྩུབ་ཆེ་བའི་ཁོར་ཡུག་ངན་པ་ཁྱད་བསལ་བྱས་ཏེ། ཤི་གསོན་ལ་མ་འཛེམ་པར་རི་དྭགས་ལྐོག་རྔོན་མཁན་དང་འཐབ་རྩོད་དྲག་པོ་བྱས་ཏེ། ཚེ་སྲོག་ལ་བརྟེན་ནས་ཁྱིམ་གཞིས་སྲུང་།

རང་ཉིད་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཁྱེར་མཁན་ལ་བདམས་པ་ཤེས་རྗེས་ཆོས་འཕེལ་བཀྲ་ཤིས་སེམས་འགུལ་ཚད་མེད་ཐེབས། ཁོང་གིས་མགྲིན་པ་ཅུང་བརྣངས་བཞིན“ང་རང་ལོ13ནས་བཟུང་ཨ་ཆེན་གངས་རྒྱབ་དང་བརྩེ་བ་ཟབ་མོ་ཆགས་ཡོད། ཨ་ཆེན་གངས་རྒྱབ་ལ་རྐྱེན་བྱས་ཏེ་ངས་ཀྱང་ཚེ་གང་བོར་རི་དྭགས་གཙོད་སྲུང་སྐྱོབ་བྱེད་པའི་འདུན་པ་བརྟན་སྲུང་བྱས་པ་ཡིན། ད་ཐེངས་པེ་ཅིན་གྱི2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ནང་ཞུགས་པ་དེའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་དང་ཁས་ལེན་བྱེད་བཞིན་པ་གང་ལེགས་ཀྱིས་མཚོན་ཡོད། འདི་ནི་ང་མི་སྒེར་གྱི་ངོས་ནས་བརྗོད་ན་སྐུལ་འདེད་ཞིག་ཡིན་ལ་སྐུལ་ལྕག་ཞིག་ཀྱང་རེད། རྗེས་ཕྱོགས་ངས་ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་པའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་དང་རྒྱུན་འཛིན་ཡག་པོ་བྱས་ནས་མེས་རྒྱལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་དང་ཨོ་ལིན་ཕིས་ཁི་ཡི་སྙིང་སྟོབས་དེ་སྔར་ལས་ཀྱང་རང་ཉིད་ཀྱི་བྱ་བའི་ནང་འདྲེས་སུ་བཅུག་ནས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། རི་སྔོ་ཆུ་དྭངས་དེ་མཚོ་སྔོན་གྱི་མིང་བྱང་ལྟ་བུ་དང་ང་རྒྱལ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

1996ལོར་ཀྲའོ་ཞིན་ལུའུ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་བསྐོར་བསྐྱོད་རུ་མིའི་གྲལ་དུ་ཞུགས། མཚོ་འཕང་ལ་མུས་སྟོང་ལྔ་ཙམ་ཡོད་པའི་དཀའ་སྡུག་ཆེ་བའི་ཁོར་ཡུག་དུ་ལོ་ཉི་ཤུ་ལྷག་ཙམ་ལ་བྱ་བ་སྒྲུབ། ཁོ་དང་འཐབ་གྲོགས་ཚོས་མཉམ་དུ་ཟ་མ་ཟ་བ་དང་། ཕར་རྒྱུག་ཚུར་རྒྱུག་བྱེད་པ། འཁྱགས་བགྲོད་གངས་ཉལ་བྱེད་པ། ཤི་གསོན་གྱི་ཉམས་ཚོད་བརྒྱུད་དེ། མི་དཀྱུས་མ་ཞིག་གིས་ཐེག་དཀའ་བའི་དཀའ་ངལ་ཁྱད་བསད་བྱས་ནས་ཏང་གི་ཆེད་དུ་ལྗང་མདོག་སྲུང་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་ལྗང་མདོག་གཏོད་པ། མི་དམངས་ཀྱི་ཆེད་དུ་ལྗང་མདོག་སྲུང་བའི་ཐོག་མའི་བསམ་འདུན་དང་ལས་འགན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས་ཁྲག་དྲོན་ལ་བརྟེན་ནས་མཛེས་པའི་ཀྲུང་གོ་བསྐྲུན་རྒྱུའི་བརྗིད་ཆེའི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད།

ལྗིད་ཏིག་ཏིག་གི་དཔལ་འབར་ཚུར་ལེན་པའི་སྐབས་དེར། ཀྲའོ་ཞིན་ལུའུ་ཡི་སེམས་སུ་དགའ་སྤྲོ་དང་གཟི་བརྗིད་དཔག་མེད་ཅིག་སྐྱེས་པ་དང་།“ཨོ་ལིན་ཕིས་ཁི་ཡིས་སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་སྟོབས་ཆེ་བ། སྔར་ལས་མཐུན་སྒྲིལ་ལྡན་པ་བརྒྱུད་སྒྲོག་བྱེད་བཞིན་ཡོད་པ་དང་། དོན་དངོས་སུ་ཡང་ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་པའི་སྙིང་སྟོབས་ཤིག་ཀྱང་མཚོན་བཞིན་ཡོད་ལ། ཨ་ཆེན་གངས་རྒྱབ་ལ་དགའ་ཞེན་ཆེ་བའི་མི་ཚང་མ་ང་དང་མྱོང་ཚོར་གཅིག་འདྲ་ཡིན་པར་ང་རང་ཡིད་ཆེས་ཡོད། ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་པ་དང་། ང་ཚོའི་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ལ་སྲུང་སྐྱོབ་བྱེད་པ་དེ་ནི་ཉིན་གཅིག་གཉིས་ལ་འགྲུབ་ཐུབ་པའི་བྱ་བ་ཞིག་མ་ཡིན་པར་ལོ་རེ་རེར་རྒྱུན་འཁྱོངས་དང་། མི་རབས་ནས་མི་རབས་བར་དཔལ་འབར་བརྒྱུད་སྤྲོད་བྱེད་པ་དང་འདྲ་བར་མི་མང་པོའི་སྟོབས་ཤུགས་ལ་བརྟེན་དགོས། ང་ཚོས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ཡག་པོ་བྱེད་དགོས་ལ། ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་ཡག་པོ་དང་། རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པའི‘དཔལ་འབར’དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།