དངོས་གཉེར་དམ་འཛིན་བྱས་ནས་དུས་རིམ་གསར་པའི“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་དགོས།
2022.02.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་སྤེལ་བའི་དཔྱད་བརྗོད།

ཉེ་ལམ་ཞིང་ཆེན་ཏང་ཨུའི་རོང་འབྲོག་ས་ཁུལ་གྱི་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་།དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་་གཉིས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ།2021ལོའི་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་བྱ་བར་སྤྱི་སྡོམ་དང་རང་ཞིང་གི“ཞིང་གསུམ”བྱ་བར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ།2022ལོའི་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་བྱ་བར་བཀོད་སྒྲིག་བྱས། མི་རིགས་བསྐྱར་དར་ཡོང་དགོས་ན་ངེས་པར་དུ་གྲོང་གསེབ་དར་རྒྱས་ཡོང་བར་བྱེད་དགོས།ང་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱས་ཏེ།ཆོད་སེམས་སྔར་ལས་ཆེ་བ་དང་དམིགས་ཚད་སྔར་ལས་གསལ་བ།བྱེད་ཐབས་དེ་བས་ནུས་ལྡན་ཡིན་པ་བཅས་ཀྱི་ཐོག་ནས་ཞིང་ཕྱུགས་ལས་ཁྱོན་ཡོངས་ནས་རིམ་སྤོར་དང་ཕྱོགས་ཡོངས་ནས་གྲོང་གསེབ་ཡར་ཐོན་ཡོང་བ།རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།

ཞིང་ལས་ནི་གནམ་འོག་གི་བྱ་གཞག་ཆེན་པོ་ཞིག་ཡིན། “ཞིང་གསུམ་”གནད་དོན་ནི་རྒྱལ་ཇུས་དམངས་འཚོར་ཐུག་པའི་རྩ་བའི་རང་བཞིན་ལྡན་པའི་གནད་དོན་ཞིག་རེད། “ཞིང་གསུམ”བྱ་བ་ནི་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་རེད། ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་“ཞིང་གསུམ་”བྱ་བའི་གཙོ་གནད་ལ་དམིགས་པ་དང་། རིམས་ནད་ཀྱི་གནོད་འཚེ་སོགས་འགལ་རྐྱེན་སྣ་ཚོགས་སེལ་གང་ཐུབ་བྱས་པ་དང་། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་བརྟན་འཇགས་ངང་གོང་དུ་འཕེལ་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་སྤྱིའི་ཆ་ནས་གོ་རིམ་ལྡན་པ།རོང་འབྲོག་ས་ཁུལ་གྱི་བྱ་བ་སྣ་ཚོགས་འཕེལ་རྒྱས་སུ་སོང་བ་བཅས་མངོན་འགྱུར་བྱུང་ནས།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བྱས་ནས་སྤྱི་ཡོངས་ཀྱི་བརྟན་འཇགས་དང་འཕེལ་རྒྱས་ཀྱི་ཆ་ལ་ནུས་པ་ཆེན་པོ་ཐོན།

ཞིང་ལས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པ་དང་རྩ་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཡིན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོག་པའི་ལོ་ཡིན་པར་མ་ཟད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གནད་འགག་གི་ལོ་ཞིག་ཀྱང་རེད། དེ་བས་“ཞིང་གསུམ་”བྱ་བ་ལེགས་པོ་བསྒྲུབ་པ་དང་“ཞིང་གསུམ་”གྱི་གཞི་རྩ་ཇེ་བརྟན་དུ་གཏོང་བ། བརྟན་འཇགས་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་ཅིག་དང་རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་སྡོད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་རྒྱུན་འཁྱོངས་བྱེད་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ང་ཚོས་ཏང་གིས་ཞིང་ཕྱུགས་ལས་ས་ཁུལ་གྱི་བྱ་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་གཅིག་འདོམས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ།  འབྲུ་རིགས་སོགས་ཞིང་ཕྱུགས་ཐོན་རྫས་གཙོ་བོ་ཐོན་སྐྱེད་དང་མཁོ་སྤྲོད་བརྟན་པོ་ཡོང་བར་བྱ་རྒྱུ་དམིགས་འབེན་དུ་འཛིན་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱི་འདྲེན་བྱེད་པའི་ཚོང་ལམ་བཙལ་རྒྱུ་དམ་འཛིན་བྱེད་པ།  འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་ལྡན་པའི་དབུལ་བོ་བསྐྱར་ལོག་མི་འབྱུང་བ།རྨོ་ཞིང་སྲུང་སྐྱོབ་བཅས་ཀྱི་མ་མཐའི་མཚམས་ཐིག་གསུམ་བརྟན་པོར་སྲུང་ནས།“ཞིང་གསུམ་བྱ་བའི་བྱ་སྤྱོད་ཆེན་པོ་བརྒྱད་ལག་བསྟར་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་དང་།གྲོང་གསེབ་འཛུགས་སྐྲུན།གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་བྱ་བའི་གཙོ་གནད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།ཞིང་ཕྱུགས་ལས་ཀྱི་བརྟན་འཇགས་མཁོ་སྤྲོད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བ།རོང་འབྲོག་ཁུལ་འཆམ་མཐུན་བརྟན་འཇགས་ཡོང་བ་བཅས་ལ་འགན་ལེན་བྱས་ནས་དུས་རབས་གསར་པའི“ཞིང་གསུམ”བྱ་བའི་ལེའུ་གསར་པ་ཞིག་འབྲི་དགོས།

བརྟན་འཇགས་ཀྱི་ཁྲོད་ནས་ཡར་ཐོན་བརྩོན་ལེན་བྱས་ནས“ཞིང་གསུམ”གྱི་གཞི་རྩ་ཇེ་བརྟན་དུ་གཏོང་བར་ངེས་པར་དུ་བྱ་བའི་གཙོ་གནད་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུ་འདོན་དགོས། མིག་སྔར་དཔྱིད་འདེབས་ཀྱི་བྱ་བ་སྣ་ཚོགས་གྲ་སྒྲིག་ཡག་པོ་བྱས་ནས་འབྲུ་རིགས་སྣ་ཚོགས་དུས་ཐོག་ཏུ་སོན་འདེབས་བྱེད་ཐུབ་པར་འགན་ལེན་བྱེད་དགོས། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཅས་ཀྱི་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས། གལ་ཆེའི་དུས་མཚམས་ལ་དམ་པོར་དམིགས་ཏེ་གྲོང་གསེབ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་གནད་དོན་ཆུང་དུས་ནས་ཐག་གཅོད་བྱེད་པ་དང་རྩ་བ་ནས་ཐག་གཅོད་བྱེད་དགོས། ལས་བྱེད་པ་མང་པོ་གཞི་རིམ་དུ་སོང་སྟེ་སྒྲོག་འགྲེལ་བྱེད་པའི་བྱ་བ་རྩ་འཛུགས་ཡག་པོ་བྱས་ནས། སྲིད་ཇུས་ཀྱི་གསལ་ཐོ་དང་ལས་འགན་གསལ་ཐོ།གནད་དོན་གསལ་ཐོ་བཅས་ཞིབ་བསྡུར་བྱས་ཏེ་སྲིད་ཇུས་གསལ་པོ་བཤད་པ་དང་གནས་ཚུལ་ལ་གསལ་རྟོགས་བྱེད་པ།བྱ་བ་དངོས་ཡག་པོར་སྒྲུབ་པ་བཅས་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བའི་བྱ་བ་དེ་སྔར་བཞིན་གྲོང་གསེབ་ཏུ་གནས་ལ་ཆེས་རྒྱ་ཆེ་ཤོས་དང་ཆེས་གཏིང་ཟབ་ཤོས་ཀྱི་རྨང་གཞི་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། ཏང་གིས“ཞིང་གསུམ”བྱ་བ་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་སྟེ།ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ།གྲོང་གསེབ་ཏུ་སྡོད་རྒྱུར་འཚམ་པ་དང་བྱ་གཞག་ལ་འཚམ་པ།རོང་འབྲོག་མང་ཚོགས་ཕྱུག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྲུ་རིགས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་དང་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་བརྟན་པ།སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་ཡོང་བ་བཅས་བྱེད་དགོས།

                                                        ཡིག་སྒྱུར་བ། གཡང་འབུམ་རྒྱལ།