ཆུ་ཚད་མཐོན་པོས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱས།
2022.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་བརྒྱུད་རིམ་ཕྱེད་ཙམ་ཚར་ཡོད་པ་དང་། འགྲན་བསྡུར་སྣ་རེ་རེ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་མོད། འོན་ཀྱང་། ཆུ་ཚད་མཐོན་པོས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཕྱོགས་བསྡུས་སྲུང་སྐྱེལ་བྱེད་རྒྱུ་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས “ལེགས་གཉེར”བྱེད་པའི་བརྗོད་དོན་གཙོ་བོ་རེད། ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། 2022ལོའི་པེ་ཅིན་གསར་འགྱུར་ལྟེ་གནས་ཀྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་དང་རྒྱལ་ཁབ་པར་དབང་དོ་དམ་ཅུའུ། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། པེ་ཅིང་གྲོང་ཁྱེར་ཤེས་བྱའི་ཐོན་དབང་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ།

གསར་འགོད་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཆེད། ཀྲུང་གོ་སྲིད་གཞུང་གིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་ཧུར་ཐག་བྱས་ཏེ། རྒྱལ་ཁབ་པར་དབང་ཅུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་སོགས་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས། ཉེ་བའི་ལོ་འགའི་རིང་ལ། 《ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་།《ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྩ་གནད(2021ལོ་ནས་2035ལོའི་བར)》《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བེད་སྤྱོད་འཆར་འགོད》སོགས་སྲིད་ཇུས་གལ་ཆེན་གྱི་འཆར་འགོད་སྔ་རྗེས་སུ་བཏོན་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། སྦྲེལ་ཐག་ཧྲིལ་པོར་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྒྱལ་སྤྱིའི་མཉམ་ལས་བརྟན་པོའི་ངང་སྐུལ་འདེད་བཏང་བ། སྤྱི་ཚོགས་ཡོངས་ཀྱིས་གསར་སྐྲུན་ལ་བརྩི་འཇོག་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན་པ། ཚོང་གཉེར་ཁོར་ཡུག་དང་གསར་སྐྲུན་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད།

དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་འགྲན་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ་དང་འགྲན་ཚོགས་བདེ་བླག་ངང་གཉེར་བའི་བྱེད་ཐབས་གལ་ཆེན་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2002ལོར་ཁྱབ་བསྒྲགས་བྱས་པའི《ཨོ་ལིན་ཕིས་ཁུའི་མཚོན་རྟགས་སྲུང་སྐྱོབ་སྲོལ་ཡིག》གིས་པེ་ཅིང་གི2008ལོའི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྒྱུར་ནུས་པ་གལ་ཆེན་ཐོན། 2018ལོར། ཀྲུང་གོ་སྲིད་གཞུང་གིས་སྲོལ་ཡིག་འཐུས་ཚང་དང་བཟོ་བཅོས་བྱས་ཏེ། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་མཚོན་རྟགས་དེ་སྲུང་སྐྱོབ་ཁྱབ་ཁོངས་ནང་བཅུག་པ་རེད། མིག་སྔའི་བར་དུ། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་ཨོ་ལིན་ཕིས་ཁུའི་མཚོན་རྟགས་རེ་གསུམ་ཡོངས་བསྒྲགས་སྲུང་སྐྱོབ་བྱས་ནས་ཆོག་འཐུས་ཐོབ་མཁན་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་ཆེད་ཁེ་རེ་ཞུ་བཅུ་བཞི་དང་ཚོང་རྟགས་རེ་ཞུ་སུམ་བརྒྱ་རེ་ལྔ་ལ་སྲུང་སྐྱོབ་བྱས། རྒྱལ་ཁབ་པར་དབང་ཅུའུ་ཡིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་པར་དབང་ཐོ་འགོད་སྲུང་སྐྱོབ་ཀྱི་གེགས་མེད་ལམ་ཡངས་བསྐྲུན་ནས། ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་པར་དབང་བརྩམས་ཆོས་མགྱོགས་མྱུར་སྟབས་བདེ་བའི་པར་དབང་ཞབས་ཞུ་མཁོ་འདོན་བྱས་ཡོད། ད་ལྟའི་ཨོ་ལིན་ཕིས་ཁུའི་མཚོན་རྟགས་ལ་སྲུང་སྐྱོབ་ཐོབ་པ་མ་ཟད། ཆེད་ཁེ་དང་ཚོང་རྟགས། པར་དབང་བཅས་ཀྱི་སྲུང་སྐྱོབ་ཀྱང་ཐོབ་ཡོད།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་པའི་ཚུན་ལ། དུས་ལྟར་སྒྲུབ་པའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས། ཆེད་མངགས་ཚོགས་པས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་བྱ་བ་དོན་འཁྱོལ་བྱས་པ་རེད། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས《2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཨོ་ལིན་ཕིས་ཁུའི་མཚོན་རྟགས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས། རྒྱལ་ཁབ་པར་དབང་ཅུའུ་ཡིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུ་དང་མཉམ་འབྲེལ་བྱས་ཏེ། པེ་ཅིང་གི2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི“པར་དབང་སྲུང་སྐྱོབ་འཆར་གཞི”ཁྱབ་བསྒྲགས་བྱས་པ་དང་། དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་སོགས་སྡེ་ཁག་དྲུག་དང་མཉམ་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་པར་དབང་རྐུ་སྤྱོད་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཚོགས་ཆུང་བཙུགས་ནས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་པར་དབང་གཅིག་བསྡུས་སྒོས་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་མཉམ་འབྲེལ་སྒོས་སྤེལ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ལྷག་པར་དུ་པེ་ཅིང་དང་ཧི་པེ་ཡི་རྩ་འཛུགས་ཀྱིས་ཆེད་དོན་བྱ་སྤྱོད་ནན་ཏན་སྒོས་སྤེལ་ནས། ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་ཁེ་དབང་ལ་བཙན་གནོད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་རྡུང་རྡེག་ནན་མོ་བཏང་སྟེ། “བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་ཐོག་ནས་ཨོ་ལིན་ཕིས་ཁུའི་ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བཏང་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།