《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2022.02.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

 ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཟླ2པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཞི་བའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་དར་ན་མི་རིགས་དར་ཞིང་། ཁྲིམས་སྐྱོང་ལྡན་ན་རྒྱལ་ཁབ་སྟོབས། མིག་སྔར། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཟབ་སྤེལ་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྔོན་དཔག་ལ་དམ་པོར་དམིགས་པ། རྒྱང་རིང་ལ་ཕན་པར་བྱེད་པའི་བྱེད་ནུས་འདོན་སྤེལ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་དགོས་ལ། མ་ལག་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཕྱོགས་ཡོངས་ལ་སྐུལ་འདེད་གང་ལེགས་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏན་འཁེལ་འདི་དམ་འཛིན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་དགོས་ལ། ཡང་དག་པའི་སྒོ་ནས་ཆབ་སྲིད་དང་ཁྲིམས་སྐྱོང་། བཅོས་བསྒྱུར་དང་ཁྲིམས་སྐྱོང་། ཁྲིམས་ལྟར་རྒྱལ་སྐྱོང་དང་ཀུན་སྤྱོད་ལྟར་རྒྱལ་སྐྱོང་། ཁྲིམས་ལྟར་རྒྱལ་སྐྱོང་དང་སྒྲིག་ལམ་ལྟར་ཏང་སྐྱོང་བ་བཅས་བར་གྱི་འབྲེལ་བ་ཐག་གཅོད་བྱས་ཏེ། ཏང་གི་ཁྱོན་ཡོངས་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་ལ་ཁག་ཐེག་བྱེད་པ་སོགས་གལ་ཆེའི་གནད་དོན་སྟེང་བློ་རིག་གསལ་བོ་དང་ལངས་ཕྱོགས་ལྷག་ཏུ་བརྟན་པོ་བྱེད་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོའི་རིག་གནས་ལ་གཞི་ཚུགས་དགོས་པ་དང་ཀྲུང་གོའི་རྒྱལ་ཁབ་གནས་ཚུལ་ལ་རྐང་འཛུགས་དགོས་ཤིང་། ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་པའི་ཁྲིམས་སྐྱོང་མ་ལག་ཡོད་དགོས་པ་ལས། ནུབ་ཕྱོགས་ཀྱི་ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་ལ་གཡོལ་དགོས།

རྩོམ་ཡིག་ནང་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་བསྣན་ཏེ། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་བརྩོན་གྱིས་རྒྱལ་ཁབ་བཅོས་སྐྱོང་གི་དགོས་མཁོ་དང་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་བའི་དགོས་ངེས་ཀྱི་ཁྲིམས་ལུགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྒྲིག་ལམ་ལྟར་ཏང་སྐྱོང་བ་ཡིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ཐེབས་པའི་ཆབ་སྲིད་ཀྱི་འགན་སྲུང་བྱེད་ནུས་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཏང་གི་སྒྲིག་ལམ་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་པའི་རྣམ་པ་ཆགས་པར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཇེ་ཟབ་དུ་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་ཁྲིམས་ལུགས་ལམ་ལུགས་རེ་རེ་དང་ཁྲིམས་འཛིན་ཐག་གཅོད་རེ་རེ། ཁྲིམས་འཛིན་གྱོད་དོན་རེ་རེ་བཅས་ཀྱི་ཁྲོད་དྲང་གཞག་དྲང་བདེན་རོལ་མྱོང་བྱེད་ཐུབ་པའི་དམིགས་འབེན་འདི་ལ་དམིགས་ནས། ཁྲིམས་འཛིན་རྐྱེན་སྲོལ་གྱི་ཕྱོགས་བསྡུས་ཆ་ཚང་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། དྲང་བདེན་དང་ནུས་མཐོ། དབང་གྲགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་རྐྱེན་སྲོལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་བཅོས་བསྒྱུར་གྱི་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་དྲག་པས་ངེས་པར་དུ་རྩ་དོན་ཁོང་དུ་ཆུད་པ་དང་མཐའ་ཚད་བརྟན་སྲུང་བྱེད་པ་ལས། བཅོས་བསྒྱུར་དེ་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་མ་ལག་ལ་དཔེ་བསྡུར་དང་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་ལག་ལེན་ལ་རྗེས་འབྲང་བྱེད་མི་རུང་།

རྩོམ་ཡིག་ནང་བསྟན་དོན། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་རྒྱལ་སྤྱིའི་འཐབ་རྩོད་སྤེལ་དགོས། རྒྱལ་ནང་གི་ཁྲིམས་སྐྱོང་དང་རྒྱལ་ཕྱིའི་ཁྲིམས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཕྱི་རྒྱལ་གྱི་ཁྱབ་ཁོངས་དང་འབྲེལ་བའི་ཁྲིམས་འཛུགས་ལ་ཤུགས་བསྣན་ནས་སྔར་ལས་ལྷག་པའི་སྒོ་ནས་བཀག་སྡོམ་ལ་རྒོལ་བ་དང་ཐེ་ཇུས་ལ་རྒོལ་བ། ནང་སྲིད་ལ་ཐེ་གཏོགས་བྱེད་པར་རྒོལ་བ་བཅས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། རང་རྒྱལ་ཁྲིམས་ཁོངས་ཕྱི་ནས་སྤྱོད་པའི་ཁྲིམས་ལུགས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། ཁྲིམས་སྐྱོང་རིག་གཞུང་ཞིབ་འཇུག་དང་དྲིལ་སྒྲོག་ལ་ཤུགས་བསྣོན་དགོས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བསམ་བློ་དེ་ཁྲིམས་ལུགས་རིག་པའི་རིག་ཚན་ཁག་སོ་སོའི་བསླབ་གཞི་རྩོམ་སྒྲིག་དང་སློབ་ཁྲིད་བྱ་བའི་ཁྲོད་དངོས་འབེབས་བྱས་ཏེ། བསླབ་གཞི་དང་སློབ་ཁྲིད། མི་སེམས་བཅས་སུ་ཕྱོགས་པར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་ཁྲིམས་བརྩི་ལ་སྐུལ་འདེད་གཏོང་བ་དེ་རྨང་གཞིའི་བཟོ་འགོད་དུ་བརྩིས་ནས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཀྱིས་ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་བརྩི། ཁྲིམས་སྤྱོད་བཅས་ལ་སྣེ་ཁྲིད་བྱེད་དགོས། ཀྲུང་གོའི་ཁྲིམས་སྐྱོང་གི་གཏམ་རྒྱུད་ལེགས་པོར་བརྗོད་ནས། རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་གཞུང་ལུགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཚད་དང་གཏམ་བཤད་དབང་ཆ་མཐོར་འདེགས་སུ་གཏོང་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།