ལྗང་མདོག་གསར་སྐྲུན་ལག་ལེན་བྱས་ནས་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་མངོན།
2022.02.17 ཁུངས། མི་དམངས་དྲ་བ། ཀློག་གྲངས། 16

 རྒྱལ་ཁབ་མང་པོའི་སྨྱན་བྱད་ཀྱིས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གདེང་འཇོག་གང་ལེགས་བྱས།

པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྣ་ཚོགས་ཛ་དྲག་ངང་སྤེལ་བའི་སྐབས་སུ་རྒྱལ་ཁབ་མང་པོའི་སྨྱན་བྱད་ཀྱིས་ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལྗང་མདོག་དང་།  ཚན་རྩལ།   རིག་གནས་ལྡན་པ་བཅས་ལ་གདེང་འཇོག་གང་ལེགས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་། མཐོ་གསར་ཚན་རྩལ། ཀྲུང་གོའི་གཞི་རྒྱུ་བཅས་ལ་བསྔགས་བརྗོད་བྱས་པ་རེད།

ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱ་ཁྱབ་ཏུ་སྤྱད་པ།

ནེའུ་ཙི་ལན་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་ལྗང་མདོག་ཨོ་རྩལ་འགྲན་ཚོགས་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱི་ཐཱན་སྙོམས་སྦྱོར་སྒོས་འགྲན་བསྡུར་གཉེར་རྒྱུའི་དམ་བཅའ་དེར་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། བྱ་ཚང་དང་ཆུ་རྐྱལ་ཁང་གིས2008ལོའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔང་པོ་བྱས་ཡོད་ལ། 2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུའང་བེད་སྤྱོད་བྱས་ཡོད། རྒྱལ་སའི་ངར་ལྕགས་ཚོགས་པའི་གངས་ཤུད་མཆོང་སྟེགས་ཆེན་པོ་ནི་འཛམ་གླིང་ཐོག་ཡུན་རིང་ཉར་ཚགས་བྱས་པའི་མཆོང་སྟེགས་ཆེན་པོ་དང་པོ་ཞིག་ཡིན་པས་ལུས་རྩལ་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

འཇར་པན་གྱི《ཉི་གཞོན་གསར་འགྱུར》ནང་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་མང་པོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་ངོ་སྤྲོད་བྱས་པ་དང་། ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱགས་རར་སྤྱད་པའི་དབྱང་གཉིས་ཐཱན་འགྱུར་འཁྱགས་བཟོའི་ལག་རྩལ་ནི་ཨོ་རྩལ་འགྲན་ཚོགས་སྟེང་ཐེངས་དང་པོར་སྤྱད་པའི་ཆེས་སྔོན་ཐོན་གྱི་འཁྱགས་བཟོའི་ལག་རྩལ་གསར་ཤོས་ཤིག་ཡིན་པས།  དྲོད་ཁང་གི་རླངས་པ་ཇེ་ཉུང་དུ་གཏོང་བའི་ནུས་པ་ལྡན།  གཞན་ཡང་འགྲན་རའི་གློག་ཤུགས་ཚང་མ་སླར་སྐྱེས་ཐུབ་པའི་ནུས་ཁུངས་སོགས་ནས་ཐོན་པ་དེས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཚོན་ཡོད་པ་རེད།

སི་ཕེན་གྱི《ཨ་སི་ཉིན་རེའི་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། འདི་ནི་པེ་ཅིན་དུ་ཨོ་རྩལ་འགྲན་ཚོགས་གཉེར་ཐེངས་གཉིས་པ་ཡིན་པ་དང་ཀྲུང་གོས་མ་རྩ་ཇེ་དམའ་རུ་གཏོང་ཆེད་ཡང་བསྐྱར་སྤྱོད་པའི་རྣམ་པ་བསྐྲུན་ནས2008ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་མང་པོར་སྒྱུར་བཀོད་བྱས་ཡོད། “དར་ཆིངས་མ”ཞེས་བརྗོད་པའི་རྒྱལ་ཁབ་མྱུར་བགྲོད་འཁྱགས་ཤུད་ཁང་ནི2008ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་དབྱུག་ཀྱོག་སྤོ་ལོ་དང་མདའ་འཕེན་རྣམ་གྲངས་ཀྱི་གནས་སྐབས་འགྲན་ར་བེད་སྤྱད་ནས་བསྐྲུན་པ་ཞིག་ཡིན་ཞིང་། དེའི་མཚོན་བྱེད་རང་བཞིན་གྱི་དར་ཆིངས་དབྱིབས་ཀྱི་ཤེལ་སྒོའི་གྱང་ལས་ཡིད་དབང་འཕྲོག་པའི་དེང་རབས་འཛུགས་སྐྲུན་གྱི་མཛེས་སྡུག་མངོན་པར་མ་ཟད།  ད་དུང་ནུས་ཆེའི་གློག་གཏོང་ནུས་པ་ཡང་ལྡན་ཡོད།

ལག་རྩལ་ལ་བརྟེན་ནས་གསར་སྐྲུན་བྱས་པ།

དབྱི་ཐ་ལིའི་རྒྱལ་ཁབ་རླུང་འཕྲིན་ལས་ཁུངས་ཀྱིས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྔོན་ཐོན་སྲ་ཆས་སྒྲིག་བཀོད་ངོ་སྤྲོད་བྱས་ཤིང་། གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིན་དང་ཀྲང་ཅ་ཁིག་བར་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཟིན་པའི་མྱུར་བགྲོད་ལྕགས་ལམ་འཁོར་སྐྱོད་བྱས་པས་ལུས་རྩལ་པ་དང་། གསར་འགོད་པ། ལྟད་མོ་བ་བཅས་ས་ཆ་གཉིས་སུ་མགྱོགས་མྱུར་ངང་འགྲོ་འོང་བྱེད་ཐུབ་ཀྱི་ཡོད་པ་རེད།  མེ་འཁོར་ནང་ཀྲུང་གོའི་ཆེས་གསར་ཤོས་ཀྱི5Gདྲ་རྒྱ་ཡོད་པ་དང་འགྲུལ་པ་མང་པོ་ཞིག་གིས་མེ་འཁོར་སྟེང་4Kཆེས་གསལ་བའི་བརྙན་ཕབ་ལ་ལྟ་ཆོག་པར་མ་ཟད། སྨྱན་བྱད་ཀྱི་གསར་འགོད་པས་སྤུས་ཚད་མཐོ་བའི་གསར་འགྱུར་པར་རིས་བརྒྱུད་གཏོང་བྱེད་ཆོག་པ་རེད།

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཀུང་སིའི་གསར་འགྱུར་ལེ་ཚན་ལུས་རྩལ་པར་ངོས་སྟེང་ སྨྱན་བྱད་གཙོ་བོའི་ལྟེ་གནས་ནི་འཕྲུལ་ཆས་ཀྱི་མིས་ཟ་མ་གཡོས་སྦྱོར་དང་སྐྱེལ་བའི་རིག་ལྡན་ཟ་ཁང་ཞིག་ཡིན་པ་ངོ་སྤྲོད་བྱས་ཡོད། གནས་ཚུལ་སྤེལ་བ་ལྟར་ན། ཟ་མ་ཟ་ས་ནི་ཚན་རིག་དང་མཐུན་པའི་རྟོག་བཟོའི་གློག་བརྙན་གྱི་རྣམ་པ་དང་འདྲ་བར་མཁའ་དབྱིངས་སྤྲིན་ཟམ་ནས་ཟ་མ་བསྐྱལ་དེ་མི་སྣ་དང་འབྲེལ་འདྲིས་བྱེད་པ་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཡོད་པ་རེད།

པར་ཙིར་གྱི《དུས་རབས》དུས་དེབ་ཀྱི་རྩོམ་ཡིག་ནང་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ལུས་རྩལ་ལས་རིགས་ཀྱི་གསར་བརྗེའི་རང་བཞིན་གྱི་གསར་སྐྲུན་ནང་འདྲེན་བྱས་ཡོད་ཅེས་བཀོད་ཡོད། རྩོམ་ཡིག་ནང་མི་སྣ་དང་འབྲེལ་འདྲིས་བྱེད་པ་ཇེ་ཉུང་དུ་གཏོང་བའི་འཕྲུལ་ཆས་ཀྱི་མི་དང་། རིག་ནུས་ཉལ་གདན། ཨོ་རྩལ་འགྲན་ཚོགས་གྲོང་ཚོའི་5Gཁེབས་ཁྱོན་དང་གློག་རྡུལ་དངུལ་ལོར་བེད་སྤྱོད་སོགས་ངོ་སྤྲོད་ཞིབ་རྒྱས་བྱས་ཡོད་པ་རེད།

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་པ་ཏ་མ.ལིས་སི་བ་ཏན་ཀུང་གིས་ཐེ་ལན་གྱི《ཞན་ལུའོ་ཞོགས་པའི་ཚགས་པར》གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་བདེ་འཇགས་དང་ཁྱད་དུ་འཕགས་པའི་ལུས་རྩལ་གྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་མིའི་ཐབས་ཀྱི་རིག་ནུས་དང་། མཐོང་ཚོར་ལག་རྩལ།  5Gགཞི་གྲངས་ཆེ་མོ་སོགས་ཚན་རིག་ལག་རྩལ་མཐོ་བའི་བྱེད་ཐབས་སྤྱད་པ་དང་འབྲེལ་གྲུབ་འབྲས་ཐོབ་པ་དེ་ལས། ལུས་རྩལ་འགྲན་བསྡུར་ཐད་ཚན་རྩལ་གྱི་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་རྒྱུ་ཡིན་པ་མཚོན་ཡོད་ཟེར།

ཀྲུང་གོའི་གཞི་རྒྱུ་འཛམ་གླིང་ལ་ཁྱབ་པ།

《ཨུ་རུ་སུའི་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། གླེང་རིན་ཡོད་པ་ཞིག་ནི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་འཆར་འགོད་འཛུགས་སྐྲུན་ནང་ཀྲུང་གོའི་གཞི་རྒྱུ་མང་པོ་མཉམ་འདྲེས་བྱས་ཡོད་པ་སྟེ། དཔེར་ན།  རྒྱལ་སའི་ངར་ལྕགས་ཚོགས་པའི་གངས་ཤུད་མཆོང་སྟེགས་ཆེན་པོའི་མིང་ལ“ཁ་བའི་ལྷ་མོ”དང་།  རྒྱལ་ཁབ་ཀྱི་གངས་འཁོར་གངས་ཐེར་ལྟེ་གནས་ཀྱི་མིང་ལ“ཁ་བའི་འཁྱུག་འབྲུག” རྒྱལ་ཁབ་ཀྱི་མཆོང་སྟེགས་གངས་ཤུད་ལྟེ་གནས་ཀྱི་མིང་ལ“ཁ་བའི་དར་མདུད”བཅས་བརྗོད་པ་རེད། མཛེས་སྡུག་ལྡན་པའི་རིག་གནས་ཀྱི་གཞི་རྒྱུ་དེ་དག་ལས་ཀྲུང་གོའི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་མངོན་ཡོད།

《འཇར་པན་དཔལ་འབྱོར་གསར་འགྱུར》གྱིས་སྤེལ་བའི་ཁ་ཡིག་ལ《དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་ལ་བརྟེན་ནས་ཀྲུང་གོའི་རིག་གནས་དར་སྤེལ་གཏོང་བ》ཞེས་པའི་རྩོམ་ཡིག་ནང་། རྒྱལ་ཁབ་ཁག་གི་སྨྱན་བྱད་གཅིག་ཏུ་བསྡུས་པའི་སྨྱན་བྱད་གཙོ་བོའི་ལྟེ་གནས་ཀྱིས་གནམ་གང་ཉིན་མོར་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་ཡུལ་དངོས་ནས་ཤོག་དྲས་དང་ཡིག་གཟུགས་སོགས་ཁྱད་ལྡན་ཉམས་ལེན་བྱེད་ས་བཀོད་སྒྲིག་བྱས་ཡོད་ཅེས་བཀོད་ཡོད། ཨ་རིའི་གསར་འགོད་པ་ཞིག་གིས་བཤད་རྒྱུར།  ངས་སྤུ་སྨྱུག་གིས་ཡི་གེ་འབྲི་བའི་ཚོད་ལྟ་ཐེངས་དང་པོ་བྱས་པ་ཡིན་ལ།  འདི་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་པར་དངོས་གནས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ཟེར།

མོ་ཞི་ཁོའི《དངུལ་རྩ་མཁས་ཅན་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།  ཐེངས་འདིའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟས་རིགས678ནང་ཀྲུང་གོའི་ཟས་རིགས་དང་ཕྱི་གླིང་བའི་ཟས་རིགས་ཀྱི་བསྡུར་གྲངས 3:7ཡིན་པ་དེ།  ལུས་རྩལ་པ་ཚང་མས་ཀྲུང་གོའི་ཁྱད་ལྡན་ཞིམ་ཟས་མྱོང་རོལ་བྱེད་ཐུབ་པའི་ཆེད་དུ་ཡིན་པ་རེད། གཞན་ཡང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཏག་ཏག་ཀྲུང་གོའི་སྲོལ་རྒྱུན་གྱི་དཔྱིད་གསར་དུས་ཆེན་དང་འཁེལ་ཡོད་པས། ཚལ་ཐོའི་ནང་དཔྱིད་གསར་དུས་ཆེན་དང་འབྲེལ་བ་ཡོད་པའི་ཁྱད་ལྡན་ཞིམ་ཟས་མང་པོ་མཐོང་རྒྱུ་ཡོད་པ་རེད།

ཧྥ་རན་སིའི《བཅིངས་འགྲོལ་ཚགས་པར》གྱི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་ནོར་པང་ཏུན་ཏུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་དྲིལ་བསྒྲགས་ལ་རང་ཉིད་ཀྱི་བྱས་རྗེས་ཆེན་པོ་བཞག་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།