རིག་གནས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་ལ་སྐུལ་འདེད་བཏང་བ།
2022.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་རྒོ་རྩེ་སྡེ་བའི་ཆོས་སྒྲོན་ཚང་ནི་རྨ་ཆུའི་འགོ་ཁུངས་དང་ཐག་ཆེས་ཉེ་བའི་ཁྱིམ་ཚང་ཞིག་རེད། ཆོས་སྒྲོན་ལ་མཚོན་ནས་བཤད་ན། ཆུ་མིག་དེ་གནས་གང་དུ་བཞུར་བཞིན་པ་མི་ཤེས་མོད། འོན་ཀྱང་། ཁོ་མོས་བློ་ངོར་ཡལ་ཐབས་མེད་པ་ནི་ཁོ་མོ་ཚང་གིས་སྔ་མོ་ནས་བཟུང་ཆུ་མིག་དེ་འཁུར་ནས་འཐུང་བཞིནཡོད།

“ང་ཚོ་མི་རབས་ནས་མི་རབས་བར་འདི་གར་འཚོ་སྡོད་བྱེད་ཀྱིན་ཡོད། ཆུ་མིག་འདིའི་ང་ཚོ་གསོ་སྐྱོང་བྱས་ཡོད་པས། ང་ཚོས་དེ་ལ་སྲུང་སྐྱོབ་བཟང་པོ་བྱེད་འོས།” ལྟ་སྲུང་བྱེད་པའི་སྒུལ་ཤུགས་ནི་རྨ་ཆུའི་འགོ་ཁུངས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་དང་འབྲེལ་བ་ཞིག་ཡིན་པ་མ་ཟད། རང་བྱུང་ཁམས་ཆེན་མོར་བརྩི་མཐོང་བྱས་པ་དང་། གནས་དེའི་རི་བོ་རེ་རེ་དང་ཆུ་བོ་རེ་རེ། རྩྭ་རྩི་ཤིང་ཐམས་ཅད་ལ་བརྩི་མཐོང་བྱས་པ་ཞིག་ཀྱང་རེད།

རྨ་ཆུའི་བཞུར་རྒྱུད་དུ་སྤྱི་ལེ་ཆིག་སྟོང་ཡོད་པའི་ཡུས་ཝང་འགག་ནི་རྨ་ཆུ་མཚོ་སྔོན་དུ་བཞུར་བའི་ཆེས་མཐར་མཇུག་གི་གྲོག་རོང་རེད། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཞ་ཁུག་སྡེ་བའི་པ་ཙི་རུ་ཁག་གི་མ་ཅིན་ཚའེ་ནི་ལོ་བཞི་བཅུ་ལྷག་ཡིན་པ་དང་། འདས་ཟིན་པའི་ལོ20ལྷག་གི་རིང་ལ། ཁོས་བྱ་བ་སྣ་གཅིག་བསྒྲུབས་ཏེ་ཡུས་ཝང་འགག་ཏུ་སྡོང་བོ་བཙུགས་པ་རེད། མི་རྣམས་ཀྱིས་ཁོ་ལ་སྡོང་བོ་འཛུགས་དོན་འདྲི་སྐབས། ཁོས་བསམ་བློ་ཅི་ཡང་མི་གཏོང་བར་དེ་ནི་ང་རང་ནར་སོན་སའི་གནས་ཡིན་པས། གནས་འདིའི་རི་བོ་སྔོ་ལྗང་དུ་འགྱུར་དུ་འཇུག་བསམ་པ་ཡིན་ཞེས་བཤད།

གནས་ཚུལ་དེ་གཉིས་ནི་གཅིག་རྒྱུན་གཅིག་འཛིན་ཡིན་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རེད།

སྐྱེ་ཁམས་དར་ན་དཔལ་ཡོན་དར། ཚང་མས་ཤེས་གསལ་ལྟར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རིག་གནས་བླ་སྲོག་ཏུ་འཛིན་རྒྱུ་མེད་དུ་མི་རུང་བ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ”བཅས་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ་བཅས་བྱས་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མཉེན་པའི་སྟོབས་ཤུགས་ལྡན་པའི་མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས་ཀྱིས་ཀྱང་དེའི་གཏིང་ཟབ་པའི་ནང་དོན་མངོན་པ་དང་། གདེང་ཚོད་ཟབ་མོ་བརྒྱུད་སྤྲོད་བྱས་ཏེ་གསོན་ཤུགས་ཆེན་པོ་མངོན་པར་བྱས།

གནའ་དེང་གི་གནས་ཚུལ་ལ་བལྟས་ན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བློ་གྲོས་དེ་ལོ་ངོ་སྟོང་ལ་རྒྱུན་བསྲིངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་རེད།

རང་བྱུང་ཁམས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཞིང་ལས་དཔལ་ཡོན་དེ་བཟོ་ལས་དཔལ་ཡོན་དུ་བསྒྱུར་བ་དང་། མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་བྱ་འཕུར་བ་ལྟར་ཡར་ཐོན་ཡོང་བ། རང་བྱུང་ཁམས་དབང་དུ་བསྡུ་བ་དང་བསྒྱུར་བཀོད་བྱེད་པའི་ནུས་པ་མགྱོགས་མྱུར་གྱིས་མདུན་དུ་སྐྱོད་པ་བཅས་རེད། འོན་ཀྱང་དེ་དང་བསྟུན་ནས་བྱུང་བའི་ཐོན་ཁུངས་ཀྱི་ཉམས་ཉེན་དང་ཁོར་ཡུག་གི་ཉམས་ཉེན་གྱིས་མིའི་རིགས་ལ་སྤྱི་ཚོགས་ཡར་ཐོན་གྱི་ཁེ་ཕན་ཐོབ་རྗེས་དྲོད་ལུམས་ནུས་འབྲས་ཇེ་སྡུག་ཏུ་འགྲོ་བ་དང་། དྲི་ངན་དབྱང་རླུང་བང་རིམ་ཟད་པ། ཆུའི་ཐོན་ཁུངས་ཉམས་ཉེན་སོགས་སྐྱེ་ཁམས་ཀྱི་གནད་དོན་རབ་དང་རིམ་པ་འབྱུང་སྲིད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་འཐབ་ཇུས་སྤྱིའི་བཀོད་སྒྲིག་གི་མཐོ་ཚད་ཐོག་བཞག་ནས། རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་བསྐྱོད་པ་རེད།

2015ལོའི་ཟླ5པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད“སྐྱེ་ཁམས་རིག་གནས་སྐྱེད་སྲིང་བྱ་རྒྱུ་དེ་འདེགས་སྐྱོར་གལ་ཆེན་དུ་བརྩི་དགོས”ཞེས་ཐོག་མར་བཏོན་པ་རེད།

མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་དམིགས་བསལ་ཡིན་ལ་གལ་འགངས་ཆེ་བ་དང་། སྐྱེ་ཁམས་འགན་འཁྲི་ལྕི་ལ་དཀའ་ཚེགས་ཆེ་བས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་འགན་གལ་ཆེན་ཁུར་ཡོད། བརྒྱུད་རིམ་འདིར་རིག་གནས་ཀྱི་ཁྲིད་ཕྱོགས་དང་བསྔགས་སྐུལ། གོང་བུར་འགྲིལ་བ་སོགས་ཀྱི་ནུས་པ་བརྒྱུད་ནས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མི་རེ་རེའི་རང་རྟོགས་ཀྱི་སྤྱི་ཚོགས་འགན་འཁྲི་དང་འདུ་ཤེས་བྱ་སྤྱོད་དུ་འགྱུར་བར་བྱ་དགོས། མཚོ་སྔོན་ཞིང་ཆེན་ལ་མཚོན་ནས་བཤད་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རིག་གནས་དང་རྨ་ཙོང་རིག་གནས། རེབ་གོང་རིག་གནས། ཁུ་ནུ་རིག་གནས་སོགས་སྲོལ་རྒྱུན་རིག་གནས་ལ་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཀྱི་བློ་གྲོས་ལྡན་ཡོད། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིག་གནས་དེ་དག་མི་རྣམས་ཀྱི་སེམས་ནང་ཆགས་པའི་སྔར་ཡོད་ཀྱི་འདུ་ཤེས་དང་བསམ་བློའི་དད་སེམས་དེ་ས་ཆ་དེ་གའི་ས་ཆུ་སྲུང་སྐྱོབ་བྱེད་པའི་རང་རྟོགས་རང་བཞིན་དུ་འགྱུར་སྲིད། སྲོལ་རྒྱུན་གྱི་སྐྱེ་ཁམས་རིག་གནས་རྒྱུན་འཛིན་བྱས་པ་དེས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་སྟོབས་ཆེ་བ་དང་རྒྱུན་སྲིང་གི་སྟོབས་ཤུགས་ལྡན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྡོད་དམངས་ཚོ་རང་བྱུང་ཁམས་ཆེན་མོ་དང་ཡུན་རིང་མཉམ་གནས་བྱེད་པའི་བརྒྱུད་རིམ་ཁྲོད། རང་བྱུང་དང་མི་ཚེའི་སྐོར་གྱི་གཞི་རྩའི་འདུ་ཤེས་དང་འཚོ་བ་རོལ་སྟངས་ཤིག་ཆགས་པ་དང་། རང་བྱུང་ཁམས་ལ་སྲུང་སྐྱོབ་དང་ཚེ་སྲོག་ལ་གཅེས་སྤྲས་བྱ་རྒྱུ་ནི་ས་གནས་དེ་གའི་སྐྱེ་ཁམས་རིག་གནས་ཀྱི་གཞི་རྩའི་ཁྱད་ཆོས་ཤིག་རེད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་བྱས་ནས་དགོས་ངེས་ཀྱི་ཁོར་ཡུག་སློབ་གསོའི་རིན་ཐང་རྒྱུན་འཛིན་དང་སྔོག་འདོན་བྱེད་པ་དང་། ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས།

རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ཆ་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ནི་མཚོ་སྔོན་ཞིང་ཆེན་གྱིས“སྐྱེ་ཁམས་སྲུང་སྐྱོབ”དང“ཐོན་ལས་འཕེལ་རྒྱས”ཀྱི་འགན་འཁྲི་གལ་ཆེན་གཉིས་ལ་གཞིགས་ནས་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་རེད། མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་བ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་ལག་རྟགས་བླངས་ནས་ལས་གནས་སུ་བྱ་བ་སྒྲུབ་བཞིན་ཡོད། ས་གནས་དེ་གར་སྐྱེས་པའི་སྐྱེ་ཁམས་བདག་སྐྱོང་བ་དག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་ཐད་མི་འདང་ས་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་ལས་གནས་སྟེང་འབད་བརྩོན་ཆེན་པོ་བྱེད་ཀྱིན་ཡོད། རང་ཉིད་ཀྱི་ཕ་ཡུལ་སྲུང་སྐྱོབ་ཡག་པོ་བྱ་ཆེད། མི་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་མ་དངུལ་བྱིན་ནས་ཆེད་ལས་ཀྱི་པར་ཆས་དང་རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པའི་སྨན་རྫས་ཉོ་བཞིན་ཡོད། གལ་སྲིད་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་བརྩེ་བ་ཟབ་མོ་བཅངས་བ་མིན་ཚེ་ཟླ་རེའི་གླ་ཕོགས་ལ་བརྟེན་ནས་འཚོ་བ་རོལ་དགོས་ན་དཀའ་ཁག་ཆེན་པོ་ཡོད།

སྲོལ་རྒྱུན་རིག་གནས་ཀྱི་རྩ་བའི་ཁྲོད་ནས་འཚོ་བཅུད་བསྡུ་ལེན་བྱས་ཡོད་ལ། ད་ལྟའི་སྐྱེ་ཁམས་རིག་གནས་འཕེལ་རྒྱས་ཕྱིན་པ་དེས་རྗེས་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གསོན་ཤུགས་སྦྱིན་ཡོད། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བར“ལྗང་མདོག”ཅན་གྱི་རྣམ་འགྱུར་དང་དད་སེམས། རིན་ཐང་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས། སྐྱེ་ཁམས་རིག་གནས་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འདུ་ཤེས་སུ་འགྱུར་དུ་འཇུག་པར་ང་ཚོས་ཡུན་རིང་འབད་བརྩོན་ལྷོད་མེད་བྱེད་དགོས།

པན་ཡན་སྡེ་བའི་འཚེམ་དྲུབ“སྣེ་ཁྲིད་པ”ཞིག་ཡིན་པའི་ཆ་ནས། ད་ལོ་ལོ་ལྔ་བཅུ་ལྷག་ལ་སླེབས་པའི་ཀྲང་སྒྲོལ་མ་སྐྱིད་ལ་ལས་རིགས་ཁྲོད་སྐད་གྲགས་ཆེན་པོ་ཡོད། སྡེ་བའི་ནང་འཚེམ་དྲུབ་གླིང་དེ་བཙུགས་པ་ནས་བཟུང་། ཁོ་མོས་བུད་མེད་ཚོའི་སྣེ་འཁྲིད་དེ་གསོ་སྦྱོང་ནང་ཧུར་ཐག་གིས་ཞུགས་པ་དང་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་བྱ་བ་གཉེར། ཧོར་རིགས་ཀྱི་འཚེམ་དྲུབ་འདུས་པའི་མཚོ་སྔོན་འཚེམ་དྲུབ་ནི་མཚོ་སྔོན་ཞིང་ཆེན་གྱི“འཐེན་ཐུག་དཔལ་འབྱོར”དང་དཔུང་པ་མཉམ་གཤིབ་བྱས་ཆོག་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་ཤིག་རེད། གཞི་གྲངས་ལས་མངོན་པ་ལྟར་ན། ན་ནིང་བར་མཚོ་སྔོན་ཞིང་ཆེན་དུ་མི་འབུམ་གསུམ་ཙམ་འཚེམ་དྲུབ་ལས་རིགས་ནང་ཞུགས་ཡོད་པ་རེད།

བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ་དེ་འཚེམ་དྲུབ་ཁོ་ན་ག་ལ་ཡིན། བོད་ལུགས་ས་གདན་དང་ཐང་ག འཇིམ་བཟོ། དངུལ་ཟངས་ཆས་ལས་སྣོན། ཤིང་བརྐོས། མི་རིགས་གཙགས་དྲུབ་སོགས་མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་བཟོ་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིགས་སྣ་མང་བ། མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་མངོན་དུ་གསལ་པ་བཅས་ཡོད་པས་མི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་རིན་ཐང་གི་འདུ་ཤེས་དང་། སྤྱང་གྲུང་དང་བློ་གྲོས་ཀྱི་འདུ་ཤེས། ལག་ལེན་གྱི་ཉམས་མྱོང་བཅས་ལྡན་པ་མ་ཟད། མཚོ་སྔོན་གྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལ། དེང་རབས་ཀྱི་གསར་སྐྲུན་དང་ལས་སྐྲུན་གྱི་ཐོན་ཁུངས་བཟང་པོའང་རེད། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཐོན་ལས་གསུམ་པས་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་རྒྱུན་མི་ཆད་པར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། རིག་གནས་ཐོན་ལས་ཀྱིས་ཚབ་བྱེད་ཐབས་བྲལ་བའི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ལྷག་པར་དུ་མི་རིགས་ཀྱི་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དེས་ས་ཁོངས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་སྲུང་འཛིན་བྱེད་པ། མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ། མི་རིགས་ཀྱི་རིག་གནས་སྣ་མང་རང་བཞིན་དང་དམིགས་བསལ་རང་བཞིན་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

རིག་གནས་ཐོན་ལས་ནི་གནའ་བོའི་ཐོན་ལས་ཡིན་ལ། གསར་དར་ཐོན་ལས་ཀྱང་ཡིན་ཞེས་བཤད་ཆོག གོ་སྐབས་ཀྱི་མདུན་དུ་རང་ཞིང་གིས་སྲོལ་རྒྱུན་གྱི་བཟོ་རྩལ་རིག་གནས་ཐོན་ལས་ཐད་འབད་བརྩོན་བྱས་ནས་ཡག་པོ་སྒྲུབ་ཀྱིན་ཡོད།

ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་ནས་མགོ་བརྩམས་དགོས། ལག་རྩལ་རྩེར་སོན་དང་ཆ་རྐྱེན་འཛོམས་པའི་ན་གཞོན་རྒྱུན་འཛིན་པས་ཡིག་ཐོག་སྙན་ཞུ་འབུལ་བ་དང་རིམ་པ་སོ་སོའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། བཟོ་རྩལ་མཛེས་རྩལ་ལ་མཁས་པའི་དཔུང་ཁག་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ་ལུགས་མཐུན་གྱི་སྐས་རིམ་ལྟ་བུའི་རུ་ཁག་ཅིག་ཆགས་པ་བྱས་ནས། ན་གཞོན་མི་རབས་ཀྱིས་སྲོལ་རྒྱུན་གྱི་བཟོ་རྩལ་གཉེར་བའི་ཧུར་བརྩོན་རང་བཞིན་གྱིས་ཆུ་ཚད་ངེས་ཅན་ལྡན་པའི་ལག་ཤེས་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། ཞིང་ཆེན་ཕྱི་ནང་གི་མཐོ་སློབ་ལ་བརྟེན་ནས་ཐང་ག་དང་གཙགས་དྲུབ། རྡོ་བརྐོས། དངུལ་ཟངས་ཆས། མི་རིགས་ཀྱི་རྒྱན་གོས་སོགས་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་རྒྱུན་འཛིན་པའི་མི་ཚོགས་ལ་གཙོ་གནད་སྒོས་གསོ་སྦྱོང་བྱས་ཏེ། རྒྱུན་འཛིན་པའི “རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གསོ་སྦྱོང་བྱེད་ཚད་ཇེ་མང་དུ་གཏོང་བ། མཐོང་རྒྱ་ཆེ་རུ་གཏོང་བ”བཅས་ཀྱི་ཐོག་ནས་རྒྱུན་འཛིན་ནུས་པ་ཆེ་རུ་གཏོང་བ་དང་རྒྱུན་འཛིན་གྱི་གཏིང་ཤུགས་ཆེ་རུ་བཏང་ཡོད།

རིམ་པ་མང་བའི་བརྗེ་རེས་འགྲེམས་ཚོང་གི་ལས་སྟེགས་བསྐྲུན་པ་ནས་མགོ་རྩོམ་དགོས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་འགྲེམས་ཚོགས་གལ་ཆེན་ཐོག་སྲོལ་རྒྱུན་གྱི་བཟོ་རྩལ་ཆེད་མངགས་ཁུལ་བཙུགས་ཡོད། བོད་ལུགས་ས་གདན་འགྲེམས་སྟོན་དང་དེ་མིན་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས། མི་རིགས་ཀྱི་གྱོན་ཆས། མི་རིགས་ཀྱི་གཙགས་དྲུབ་སོགས་སྲོལ་རྒྱུན་བཟོ་རྩལ་གྱི་ཆེད་དོན་འགྲེམས་སྟོན་ཡག་པོ་གཉེར་ནས། སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྗེ་རེས་དང་འགྲེམས་སྟོན་གྱི་ལས་སྟེགས་སྔར་ལས་མང་པོ་བསྐྲུན་དགོས། སྲོལ་རྒྱུན་གྱི་བཟོ་རྩལ་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་ཀྱི་འགྲེམས་སྟོན་བྱ་འགུལ་དུ་ཞུགས་རྒྱུར་སྒྲིག་འཛུགས་བྱ་དགོས། “མཉམ་འབྲེལ་དྲ་རྒྱ”བེད་སྤྱད་དེ་སྲོལ་རྒྱུན་གྱི་བཟོ་རྩལ་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་དགོས། སྲོལ་རྒྱུན་གྱི་དམངས་ཁྲོད་དུས་ཆེན་ལ་བརྟེན་ནས་སྲོལ་རྒྱུན་གྱི་བཟོ་རྩལ་འགྲེམས་སྟོན་བྱས་ཏེ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་ཧུར་ཐག་གིས་བསྐྲུན་དགོས།

ཁྱད་སྟོབས་ལྡན་པའི་སྲོལ་རྒྱུན་གྱི་བཟོ་རྩལ་དར་རྒྱས་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་ནས་མགོ་རྩོམ་དགོས། མཚོ་སྔོན་གྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་དཀར་ཆག་ཁྲོད་ཁྱད་སྟོབས་ལྡན་ལ་ཆ་རྐྱེན་འཛོམས་པའི་སྲོལ་རྒྱུན་གྱི་བཟོ་རྩལ་རྣམ་གྲངས་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱེད་དགོས། སྐད་གྲགས་ཆོད་པའི་ཐང་ག་དང་འཇིམ་བཟོ་སོགས་སྲོལ་རྒྱུན་གྱི་བཟོ་རྩལ་ཐོན་རྫས་རྩེ་གྲས་ལས་པ་དང་། མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཉམས་འགྱུར་ལྡན་པའི་རིག་གནས་སྤུས་རྟགས་བསྐྲུན་པ། ཕྱོགས་བསྡུས་དངོས་ཤུགས་ཆེ་བ་གསོ་སྤེལ་དང་ཞིབ་འཇུག་གསར་སྤེལ་གྱི་ཇུས་འགོད་ནུས་པ་འབུར་དུ་དོད་པ། ཤེས་ལྡན་མི་སྣའི་ཁྱད་སྟོབས་མངོན་གསལ་ཡིན་པ། སྣེ་ཁྲིད་ནུས་པ་མངོན་གསལ་ཡིན་པ་བཅས་ཀྱི་སྣེ་འདྲེན་རྐང་འཛིན་ཁེ་ལས་སྐྱེད་སྲིང་བཅས་བྱེད་དགོས། སྲོལ་རྒྱུན་གྱི་བཟོ་རྩལ་སྔོག་འདོན་དང་ཟིན་བྲིས་ལེགས་སྒྲིག་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས་ལ། ལོ་རྒྱུས་ཀྱི་དོན་སྙིང་དམིགས་བསལ་ལྡན་པའི་འཇིག་ཉེན་ཆེ་བའི་སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས་ལ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཐབས་དོན་འཁྱོལ་བྱེད་དགོས།

དུས་རབས15པར་རོང་བོ་དགུ་ཆུའི་འབབ་རྒྱུད་ནས་བྱུང་བའི་རེབ་གོང་རིག་གནས་སྒྱུ་རྩལ་དེ་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་མིང་གཞུང་དང་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད། སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད། བརྙན་རིས་དང་ཡི་གེའི་ཐོག་ནས་རེབ་གོང་གི་དྲུག་པའི་ཀླུ་རོལ་དང་ཧོར་རིགས་ཀྱི་བུའུ་ཐུའུ་ཡི་རྣམ་པ་གཙོ་བོ་དང་དེའི་ནང་དོན། དེ་བཞིན་འབྲེལ་ཡོད་ཀྱི་བརྒྱུད་རིམ་སོགས་མངོན་འགྱུར་བྱུང་ནས་ཆ་ཚང་དང་དོན་དངོས་བཅས་ཀྱི་ཐོག་ནས་ཐོ་འགོད་བྱས་པ་མ་ཟད། ད་དུང་ཚད་ལྡན་གྱི་བརྙན་ཕབ་དང་ཡི་གེའི་དཔྱད་ཡིག་ཀྱང་གྲུབ་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཡུན་རིང་ཉར་ཚགས་དང་བརྒྱུད་སྤེལ་བྱེད་བདེ་བ་རེད།

2021ལོའི་ཟླ་དྲུག་པར། ཟི་ལིང་གྲོང་ཁྱེར་གྱིས་བསྡུས་པའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམ་སྟོན་ཚོགས་འདུ་སྐབས་དང་པོས་མཚོ་སྔོན་ལ་སྐྱེ་ཁམས་གནས་བབ་དང་སྐྱེ་དངོས་སྣ་མང་རང་བཞིན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཐད་ཐོབ་པའི་གྲུབ་འབྲས་མངོན་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་དང་ཐབས་ལམ་གསར་པ། ཉམས་མྱོང་གསར་པ་བཅས་འཚོལ་ཞིབ་དང་མཉམ་སྤྱོད་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློ་གྲོས་གསར་པ་འདོན་སྤྲོད་བྱས།

ཉེ་བའི་ལོ་འགའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརྗིད་ཉམས་ཆེ་ལ་ཡིད་དབང་འཕྲོག་པའི་རྣམ་པ་སྔར་ལས་ལེགས་པའི་སྒོ་ནས་མངོན་ཆེད། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་ཕྱི་འབྲེལ་པུའུ་མཚོ་སྔོན་གོ་ལ་ཧྲིལ་པོར་འོས་སྦྱོར་ངོ་སྤྲོད་བྱ་འགུལ་དང་། པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་འགྲེམས་ཚོགས། མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་ངོ་བདུན་ཅུ་འཁོར་བ། “འཛམ་གླིང་ཁོར་ཡུག་ཉིན་མོ”སོགས་ཀྱི་བྱ་འགུལ་སྤེལ་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཟུགས་བརྙན་ཁྱོན་ཡོངས་ནས་མངོན་པར་བྱས་པས་སྤྱི་ཚོགས་ཐོག་ཚུར་སྣང་དྲག་པོ་བྱུང་།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། མི་ཚང་མ་ལག་ལེན་བསྟར་མཁན་དང་སྐུལ་འདེད་གཏོང་མཁན་ཡིན། ཟི་ལིང་གྲོང་ཁྱེར་གྱིས་སྐྱེ་ཁམས་རིག་གནས་སྐྱེད་སྲིང་བྱ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདེགས་སྐྱོར་གལ་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་དཔལ་ཡོན་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་དང་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཏུ་འགྱུར་བ་བྱས་ཡོད། ལྗང་མདོག་གི་སློབ་གྲྭ་དང་སྡོད་ཁུལ། ཁྱིམ་ཚང་སོགས་ལྗང་མདོག་ཕྲ་ཕུང་གསར་སྐྲུན་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྐྱེ་ཁམས་རིག་གནས་ཐོན་རྫས་ཁག་ཅིག་འདོན་པ་དང་། ལྗང་མདོག་འཚོ་བའི་ཞབས་ཞུའི་ལས་སྟེགས་གསར་སྤེལ་བྱེད་པ། ལྗང་མདོག་འཛད་སྤྱོད་དར་སྤེལ་བྱེད་པ། ལྗང་མདོག་བཟོ་སྐྲུན་ཁྱབ་སྤེལ་བཅས་བྱས་ཏེ། གྲོན་ཆུང་ཚད་རན་པ་དང་ལྗང་མདོག་ཐཱན་དམའ། དཔལ་ཡོན་བདེ་ཐང་བཅས་ཀྱི་འཚོ་བ་རོལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས།

ཡུས་ཧྲུའུ་ཁུལ་གྱིས་ལས་བྱེད་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་བ་བརྒྱུད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་སློབ་ཁྲིད་སྐབས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་བཅུག་ནས། སྐྱེ་ཁམས་ལ་སྣང་ཆེན་དང་སྐྱེ་ཁམས་ལ་སློབ་སྦྱོང་། སྐྱེ་ཁམས་ལ་དགའ་ཞེན། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད། མང་ཚོགས་ཀྱི་ངོས་ནས“རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བུད་མེད་ཀྱིས་སྲུང་སྐྱོབ་བྱ་སྤྱོད་སྤེལ་བཞིན་པ”དང་། “མཛེས་སྡུག་ལྡན་པའི་རྩྭ་ཐང་ནི་ངའི་ཕ་ཡུལ་ཡིན།” “གད་སྙིགས་ཡིག་ཆས་ལ་བརྗེ་བ”སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། སྔོ་ལྗང་ལ་དགའ་བ་དང་སྔོ་ལྗང་སྲུང་སྐྱོབ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭངས་གཙང་གི་སྐྱེ་ཁམས་འདུ་ཤེས་དང་བྱ་སྤྱོད་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རང་འགུལ་བྱ་སྤྱོད་དུ་གྱུར་ཡོད་པ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“དྲུག་ལྔའི”ཁོར་ཡུག་ཉིན་མོ་དང་ཐཱན་ཉུང་ཉིན་མོ་སོགས་སུ་སྣ་མང་ཕུན་སུམ་ཚོགས་པའི་དྲ་ཐོག་དང་ཡུལ་དངོས་ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཞིང་། དེ་དང་ཆབས་ཅིག གཙོ་རྒྱུན་སྨྱན་བྱད་གཙོ་གནད་དུ་བཟུང་ནས་གནས་ཚུལ་དངོས་དྲིལ་བསྒྲགས་བྱས་པ་དང་། དྲིལ་བསྒྲགས་གལ་ཆེན“སྒྲ་གདངས་མཐོ་དཀྲོལ”དང་དུས་རྒྱུན་དྲིལ་བསྒྲགས་བྱེད་པའི“ནང་དོན་ཕུན་སུམ་ཚོགས་པའི”འགན་ལེན་བྱས་པ་རེད། དྲིལ་བསྒྲགས་བྱས་པ་བརྒྱུད། སྤྱི་ཚོགས་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔེ་སྟོན་ཁུལ་བསྐྲུན་པའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་ལ་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་བསྐྲུན་པར་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།

ནམ་མཁའ་སྔར་ལས་སྔོ་བ་དང་ས་གཞི་སྔར་ལས་ལྗང་པ། ཆུ་བོ་སྔར་ལས་དྭངས་པ། ཁོར་ཡུག་སྔར་ལས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུ་དེ་མི་ཚང་མའི་སེམས་ནང་གི་རེ་འདུན་ནས་མི་རེ་རེའི་རང་འགུལ་གྱི་བྱ་སྤྱོད་དུ་འགྱུར་བཞིན་ཡོད་པ་དང་། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྔོན་ལ་བསྐྲུན་ཏེ། ལག་གདང་སྦྲེལ་ནས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་གིས་བསྐྲུན་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།