བདེ་ཆེན་སྡེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ།
2022.02.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

 ཁ་བའི་རྗེས་ཀྱི་ཞོགས་པའི་བདེ་ཆེན་སྡེ་བ་ནི་རི་ཚོགས་ཀྱི་དབུས་སུ་ཁུ་སིམ་མེར་གནས་འདུག  ཁྱོད་ཀྱིས་ལྟོས་དང་འདི་ནི་ང་ཚོ་སྡེ་བའི་རིག་གནས་ཐང་ཆེན་ཡིན། རིག་གནས་ཐང་ཆེན་འདི་ནི་ཝང་ཧྲུའུ་ཅིས་ཕྱོགས་མང་པོ་ཞིག་ལ་མཐུན་སྦྱོར་བྱས་ནས་འཛུགས་སྐྲུན་བྱས་པ་རེད། འདི་ནི་ཝང་ཧྲུའུ་ཅི་ཡིས་ང་ཚོའི་སྡེ་བར་འཛུགས་སྐྲུན་བྱས་པའི་རླངས་འཁོར་འཇོག་ས་ཡིན། དེ་མིན་ད་དུང་ཏག་ཏག་འགྲུབ་མ་ཐག་པའི་སྡེ་བའི་ཨར་འདམ་ལམ་སོགས་མང་པོ་ཞིག་འཛུགས་སྐྲུན་བྱས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་སེམས་ཉིད་ཡུལ་ཚོ་བདེ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཙིན་ཞིན་ཨན་གྱིས་དེ་ལྟར་གསར་འགོད་པར་འགྲོ་ཞོར་དང་བཤད་ཞོར་བྱས་བྱུང་། ཁོས་བཤད་པའི་ཝང་ཧྲུའུ་ཅི་ནི་གཞན་ཞིག་མ་ཡིན་པར་ཁོ་ཚོ་སྡེ་བའི་ཧྲུའུ་ཅི་དང་པོ་ཝང་ཀྲན་ཁེ་རེད།

བདེ་ཆེན་སྡེ་བ་ནི་རི་ཁུལ་དུ་ཆགས་ཡོད་པ་དང་རྫོང་མཁར་དང་སྤྱི་ལེ་དགུ་བཅུའི་མཚམས་དང་ཡུལ་ཚོ་སྲིད་གཞུང་དང་སྤྱི་ལེ་བཞི་བཅུའི་ས་མཚམས་ན་ཡོད།  སྡེ་བ་ཡོངས་ལ་ཁྱིམ་ཚང་བརྒྱ་དང་བཅུ་ཡོད་པ་དང་མི་གྲངས་བཞི་བརྒྱ་དང་སུམ་ཅུ་ཡོད།

གསར་འགོད་པ་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་ལས་ཁང་དུ་ཐོན་དུས། ལྕགས་ཐབ་ནང་དུ་མེ་ཁ་གསོ་བཞིན་པའི་ཝང་ཀྲན་ཁེ་ཡིས་གསར་འགོད་པ་མཐོང་བྱུང་བས་མྱུར་དུ་གཞུང་ལས་ཁང་དུ་བསུས་པ་དང་། དེ་དང་མཉམ་དུ་ཁོས་དགོད་ཞོར་དུ་ད་ནངས་སྔ་མོར་སྐྱ་ཀ་ཁྲ་མོ་ཞིག་ཡང་ཡང་གྲགས་པ་དེ་མ་གཞིར་རྒྱང་རིང་གི་མགྲོན་པོ་ཁྱོད་ཚོ་ཡོང་བའི་བརྡ་མ་ཡིན་ནམ་ཞེས་དགོད་བཞིན་དུ་བཤད།

དེ་ནས་རིམ་བཞིན་ཁ་བརྡ་བྱས་པའི་གོ་རིམ་ཁྲོད་དུ་གསར་འགོད་པས་ཤེས་རྟོགས་བྱུང་བ་ནི། ཝང་ཀྲན་ཁེ་ནི་སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོར་གོང་རིམ་རྩ་འཛུགས་ཀྱིས་བདེ་ཆེན་སྡེ་བར་མངགས་པ་ཞིག་ཡིན་པར་མ་ཟད། མུ་མཐུད་དུ་གྲོང་གསེབ་དར་སྤེལ་གྱི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་ཞིག་ཀྱང་ཡིན་པས་ད་ལྟའི་བར་དུ་བསྡོམས་པས་ལོ་ལྔ་ཡི་རིང་ལ་སྡེ་བ་དེར་བསྡད་པ་རེད།

ཝང་ཀྲན་ཁེ་ཐོག་དང་པོར་སྡེ་བ་དེར་ཐོན་དུས་ཁོའི་མིག་ལམ་དུ་མངོན་པ་ནི་སྡེ་བའི་ལམ་འགྲམ་གཉིས་སུ་རྩྭ་ཤོག་མང་པོ་གོ་རིམ་མེད་པར་སྤུངས་འདུག་ཅིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ཡང་སྡེ་འགྲམ་གྱི་གྲམ་པའི་ནང་དུ་ཡོད་པས་གཞུང་ལས་ཁང་དུ་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱས་ཚེ་རྐང་ལྷམ་འདམ་གྱིས་སྦགས་འགྲོ་བ་དེ་རེད།

དུས་སྐབས་དེ་ནས་བཟུང་སྟེ། ཝང་ཀྲན་ཁེ་ཡི་སེམས་སུ་ཅི་ནས་ཀྱང་སྡེ་མི་རྣམས་ལ་ཅི་ཞིག་བསྒྲུབ་འདོད་ཀྱི་ཀུན་སློང་ཞིག་སེམས་ཀྱི་གཏིང་རིམ་ནས་ས་བོན་བཞིན་འབུས་མགོ་བརྩམས།

ཁོ་རང་བདེ་ཆེན་སྡེ་བར་ཐོན་པའི་ཉིན་དང་པོ་དེར་ཏག་ཏག་སྡེ་བའི་ནང་དུ་ཚོགས་འདུ་ཞིག་བསྡུས་ནས། དབུལ་སྐྱོར་མ་དངུལ་ཇི་ལྟར་བསྐྱི་བ་དང་བཀོལ་སྤྱོད་བྱེད་པའི་ཐད་ལ་ཞིབ་འཇུག་བྱེད་ཀྱི་འདུག ཉིན་དེར་ཚོགས་འདུར་ཞུགས་པའི་མི་ཅུང་མང་པས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་ཤོང་དཀའ་མ་ཐུབ་པས་གཞུང་ལས་ཁང་གི་སྒོ་མདུན་གྱི་རྡོ་བ་དེ་དག་རྐུབ་སྟེགས་བྱས་ནས་ཚོགས་པ་རེད། དེ་ནི་ཝང་ཀྲན་ཁེ་ཐེངས་དང་པོར་བདེ་ཆེན་སྡེ་བའི་སྡེ་མི་རྣམས་དང་མཉམ་འཛོམས་བྱུང་བའི་རྣམ་པ་དེ་རེད།

དེ་ནས་ཟླ་བ་གཅིག་ལྷག་གི་རྗེས་སུ། ཝང་ཀྲན་ཁེ་སྡེ་བའི་བྱ་བའི་རུ་ཁག་གི་རུ་མི་ཁྲུའུ་ཁྲིན་ལེན་དང་མཉམ་དུ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་རེ་རེར་སྒོ་མྱུལ་བྱས་ནས་སོང་སྟེ། ཁྱིམ་ཚང་རེ་རེའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་མཐར་སྡེ་བའི་གནས་ཚུལ་དང་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་སོགས་ཕལ་ཆེར་རེ་རེ་བཞིན་གསལ་བོར་རྟོགས་པར་གྱུར། དབུལ་ཐར་མཁྲེགས་གཏོར་ནི་ཏང་གི་དམངས་ཕན་དང་དམངས་ཕྱུག་སྲིད་ཇུས་ལེགས་པོ་ཞིག་ཡིན་པ་དང་། ང་རང་ལ་མཚོན་ན་དངོས་གནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་བོར་རྟོགས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་རེ་རེ་ཏང་གི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་རིམ་བཞིན་ཕྱུག་པོར་གྱུར་བའི་གནས་ཚུལ་གསལ་བོར་ཤེས་ཡོད་ཅེས་དབུལ་ཐར་ཕྱུག་འགྱུར་གྱི་གནས་ཚུལ་སྐོར་བརྗོད་དུས་ཝང་ཀྲན་ཁེ་ཡི་སེམས་སུ་ཚོར་སྣང་ཟབ་མོས་ཁེངས་འདུག

ཝང་ཀྲན་ཁེ་ཡི་འགྲོ་རོགས་བྱས་འོག  གསར་འགོད་པ་སྔོན་ཆད་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་ཁྱིམ་ཚང་ཡིན་པའི་ལིས་ཚེ་རིང་དོན་འགྲུབ་ཚང་གི་ཁྱིམ་དུ་ཐོན་དུས། ཏག་ཏག་ལིས་ཚེ་རིང་དོན་འགྲུབ་ཀྱིས་ལུག་རའི་ནང་དུ་ལུག་ལ་གཟན་རྩྭ་སྟེར་བཞིན་ལུ་གུ་རྣམས་ལ་འོ་མ་ལྡུད་ཀྱིན་འདུག

ངེད་ཚང་ལ་ཁྱིམ་མི་ལྔ་ཡོད། རང་ཉིད་ལ་མཆིན་པའི་ནད་བྱུང་ཡོད་པས་ལས་ཀ་ལྕི་མོའི་རིགས་ལས་མི་ཐུབ་པ་དང་ཨ་མ་ཡང་ལོ་ན་དགུ་བཅུར་སླེབས་ཡོད་པས་འགྲོ་འདུག་སྟབས་བདེ་མིན། དེ་མིན་ད་དུང་ཆུང་མའི་ལུས་ཕུང་ཡང་དེ་འདྲ་བདེ་མོ་མིན་པས་ཁྱིམ་དུ་བཟའ་བཏུང་གཡོས་སྦྱོར་བྱེད་པ་སོགས་ཀྱི་ཁྱིམ་ལས་ཙག་ཙིག་ཙམ་མ་གཏོགས་ལས་ཐུབ་ཀྱི་མེད། བུ་མོ་ཁྱིམ་དུ་བསྡད་ནས་རང་གི་བྱིས་པར་ལྟ་སྐྱོང་བྱེད་དགོས་ལ་བུ་གཅིག་པུ་ད་གཟོད་ཕྱི་རོལ་ཏུ་སོང་ནས་ཞོར་ལས་གཉེར་བཞིན་ཡོད་མོད་ལོ་མཇུག་ཏུ་ཐོན་དུས་སྒོར་མོ་ཉུང་ཙམ་གྱི་ཡོང་སྒོ་མ་གཏོགས་མི་འདུག  དེ་ལྟར་སྔོན་ཆད་ཀྱི་འཚོ་བར་ཕྱིར་དྲན་བྱེད་དུས་ལིས་ཚེ་རིང་དོན་འགྲུབ་ཀྱི་གདོང་ལ་སྐྱོ་བའི་ཉམས་ཀྱིས་ཁེངས་འདུག

ལིས་ཚེ་རིང་དོན་འགྲུབ་ཚང་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་པ་དང་མང་ཚོགས་སྔར་ལས་མང་པོ་ཞིག་གི་སྣེ་ཁྲིད་དེ་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཆེད་དུ།  དུས་དེ་ནས་བཟུང་ཝང་ཀྲན་ཁེ་ལིས་ཚེ་རིང་དོན་འགྲུབ་ཚང་གི་མ་བོས་མགྲོན་པོར་གྱུར་ནས་རྒྱུན་པར་ཁྱིམ་གྱི་གནས་ཚུལ་མཉམ་དུ་གླེང་བཞིན་ཡོད་པར་མ་ཟད་ཁོ་ཚོར་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་ཀྱང་སྒྲོག་བཞིན་ཡོད་པ་རེད། ལིས་ཚེ་རིང་དོན་འགྲུབ་ཚང་ལ་རྩྭ་ས་གུང་ཆིན་རེ་བདུན་ཡོད་པས་ཁོ་ལའང་གསོ་སྤེལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུའི་འདུན་པ་ཡོད་མོད། ཡིན་ནའང་མ་དངུལ་དཀོན་པའི་དབང་གིས་ལམ་དེར་ཞུགས་ཐུབ་ཀྱི་མེད་པའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱུང་རྗེས་སུ། ཝང་ཀྲན་ཁེ་ཐེངས་མང་པོར་ཡུལ་ཚོ་སྲིད་གཞུང་དང་རྫོང་དབུལ་སྐྱོར་ཅུའུ་རུ་སོང་ནས་མཐུན་སྦྱོར་འབྲེལ་འདྲིས་བྱས། དཀའ་ཚེགས་ཀྱི་གོ་རིམ་མང་པོ་ཞིག་བརྒྱུད་མཐར་སྡེ་བ་དེའི་དབུལ་ཕོངས་ཁྱིམ་ཚང་བཅུ་བཞིས་ཕྱུགས་ལས་གསོ་སྤེལ་ཀྱི་ལས་གཞིར་རེ་འདུན་ཞུ་ཐུབ་པར་གྱུར་བ་དང་། ལིས་ཚེ་རིང་དོན་འགྲུབ་ཚང་ལ་བསྡུར་ཚད་ལྟར་འབྲོག་ལུག་མ་མོ་ཞེ་བཞི་བགོས་པ་རེད།

ལིས་ཚེ་རིང་དོན་འགྲུབ་བཟའ་མི་གཉིས་ཀྱིས་སེམས་ཞིབ་མོས་གསོ་སྤེལ་བྱས་འོག  ལོ་དེའི་ལུ་གུ་རྩེབ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས། དེའི་རྗེས་སུ་ཝང་ཀྲན་ཁེ་ཡིས་སྡེ་བའི་ནང་དུ་མ་དངུལ་བཏང་ནས་ཕན་འབྲས་ལེན་པའི་བྱེད་ཐབས་བརྩོན་ལེན་བྱས་པ་དང་། སྡེ་བ་རིམ་པའི་ཐུན་མོང་འཕེལ་རྒྱས་དཔལ་འབྱོར་སྒོར་མོ་འབུམ་གཅིག་བཏང་ནས་ལིས་ཚེ་རིང་དོན་འགྲུབ་གྱི་གསོ་སྤེལ་གཞི་ཁྱོན་ཆེ་རུ་བཏང་པ་དང་། རྫོང་གིས་བྱ་དགའ་བྱིན་པའི་སྒོར་མོ་ཁྲི་གཉིས་ཀྱིས་གཟན་རྩ་ཉོས། ལིས་ཚེ་རིང་དོན་འགྲུབ་ཁྱིམ་མི་གང་བོས་གསོ་སྤེལ་ལས་རིགས་ཐད་འབད་བརྩོན་ཆེན་པོ་བྱས་མཐར། ལོ་རེ་གཉིས་ཤིག་གི་རྗེས་སུ་ཁོ་ཚང་གི་ལུག་གི་གྲངས་ཀ་དེ་བཞི་བརྒྱ་ཙམ་ལ་བུད་འདུག

ད་ལྟ་ལིས་ཚེ་རིང་དོན་འགྲུབ་ཚང་གི་འཚོ་བ་དེ་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ཁོའི་བུ་ཡང་ཕྱིར་ཁྱིམ་དུ་ལོག་ནས་ལུག་གསོ་སྤེལ་བྱེད་རོགས་བྱེད་བཞིན་འདུག ད་ལྟ་ལིས་ཚེ་རིང་དོན་འགྲུབ་ནི་ནགས་རའི་བདག་སྐྱོང་པ་ཞིག་ཀྱང་ཡིན་པས་ལོ་གཅིག་ལ་སྒོར་མོ་ཁྲི་གཉིས་ཀྱི་ཡོང་སྒོ་ཡོད་པ་རེད།  ཝང་ཀྲན་ཁེ་ཡི་སྣེ་ཁྲིད་འོག་ཏུ་ད་ལྟ་སྡེ་བ་དེའི་དབུལ་ཐར་ཁྱིམ་ཚང་ཉེར་གཉིས་ཀྱིས་ཕྱུགས་ཟོག་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ་འབད་བརྩོན་ཆེན་པོས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་འདུག

ཝང་ཧྲུའུ་ཅི་ཡིས་འབད་བརྩོན་ཆེན་པོས་འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་ཡར་ཞུ་བྱས་པ་དང་ལས་གཞིས་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱས་པ་སོགས་ཐེངས་མང་པོའི་འབད་བརྩོན་ལ་བརྟེན་ནས། ཁུལ་དང་རྫོང་རིམ་པའི་སྡེ་ཁག་གི་མགོ་ཁྲིད་ལ་མཐུན་སྦྱོར་བྱས་ཏེ། སྔ་གཞུག་ཏུ་སྡེ་བར་རྨིད་གྲུ་བཞི་མ་སྟོང་གཅིག་དང་ཉིས་བརྒྱ་ཅན་གྱི་རིག་གནས་ཐང་ཆེན་དང་རྨིད་ལྔ་བརྒྱ་ཅན་གྱི་སྡེ་བའི་ལམ། ལམ་གློག་བརྒྱ་དང་ལྔ་བཅུ་དང་རྨིད་གྲུ་བཞི་མ་བཞི་བརྒྱ་ཅན་གྱི་རླངས་འཁོར་འཇོག་ས། དེ་མིན་ཟམ་པ་བརྒྱད་བཅས་ལས་པ་རེད་ཅེས་བདེ་ཆེན་སྡེ་བའི་སྡེ་མི་ཙིན་ཞིན་ཨན་གྱིས་གསར་འགོད་པར་བཤད།

ཝང་ཀྲན་ཁེ་ལྟ་བུའི་བགྲང་ལས་འདས་པའི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པའི་དཀའ་སྤྱད་འབད་བརྩོན་འོག རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་ཆེན་པོའི་སྟེང་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་བསྒྱུར་བར་རེ་བས་ཁེངས་འདུག 

                                                                                ཡིག་སྒྱུར་བ། གཡང་འབུམ་རྒྱལ།