གནས་སྤོ་འབྲོག་པས་སྐྱིད་པའི་འཚོ་བ་རོལ།
2022.02.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

 ད་ལོ་ལོ32ཡིན་པའི་ངག་དབང་བསྟན་འཛིན་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཆེས་ཆེ་བའི་གནས་སྤོ་ཁུལ་སྟེ་རྫི་བོའི་རེ་ལྟོས་གཞིས་ཁྱིམ་ཞེས་པ་རུ་བསྡད་ཡོད། ཁོའི་བྱིས་པ་བཞིའི་གྲས་ཀྱི་བྱིས་པ་གཉིས་སློབ་གྲྭར་འགྲིམས་བཞིན་ཡོད་ལ། བྱིས་པ་གཉིས་ཁྱིམ་ན་ཆུང་མས་གཉོར་བཞིན་ཡོད། ཁོས་སྐྱེ་ཁམས་དོ་དམ་དང་ལྟ་སྲུང་པའི་འགན་འཁུར་ཡོད་པར་མ་ཟད། སྐྱེལ་འདྲེན་རླངས་འཁོར་ཆུང་ཆུང་ཞིག་ཉོས་ཏེ་རྫོང་མཁར་གྱི་དགོང་མོའི་ཚོང་ར་རུ་ཚོང་བཤམས་བཞིན་ཡོད་ལ། ཁོས་ད་ལྟའི་འཚོ་བ་ནི“སྦྲང་རྩི་ལས་ཀྱང་མངར”ཟེར།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། རྫ་སྟོད་རྫོང་གིས་ཡུན་རིང་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་རྫོང་ཡོངས་ཀྱི་ཁྱིམ་ཚང་བདུན་བརྒྱ་དང་བཅུ་གཅིག་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་མི3139གཞིས་ཁུལ2སུ་བགོས་ནས་བྱ་ཕུག་ཐང་གྲོང་རྡལ་དུ་གཅིག་བསྡུས་བཀོད་སྒྲིག་བྱས། དེའི་ཁྲོད་ཀྱི་ཁྱིམ་ཚང270ནི་བདེ་སྐྱིད་གཞིས་ཁྱིམ་ཞེས་པར་བཀོད་སྒྲིག་བྱས་པ་དང་།  ཁྱིམ་ཚང441ནི་རྫི་བོའི་རེ་ལྟོས་གཞིས་ཁྱིམ་ཞེས་པ་དེ་རུ་བཀོད་སྒྲིག་བྱས། ཁོ་ཚོ་ཆར་རླུང་མི་ཁོག་པའི་སྦྲ་གུར་ནས་སྡོད་ཁང་གསར་པར་གནས་སྤར་བ་དེས་ཁོ་ཚོའི་འཚོ་བར་རེ་བ་དང་བདེ་སྐྱིད་བསྩལ་བ་རེད།

གནས་མ་སྤར་བའི་སྔོན་ལ། ངག་དབང་བསྟན་འཛིན་རྫ་སྟོད་རྫོང་ཁྲ་འདམ་ཡུལ་ཚོ་ཡུལ་གཉན་སྡེ་བར་བསྡད་ཡོད། འཚོ་གནས་ཀྱི་ཆ་རྐྱེན་ཞན་པའི་གནས་བབ་འོག  ཁྱིམ་ཚང་གི་ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི་གཉིས་ཙམ་མ་གཏོགས་མེད་པས། ཁྱིམ་མི་གང་བོས་ཁ་རྒྱབ་ཀྱི་ཐད་ནས་གྲོན་ཆུང་ཅི་ཐུབ་བྱས་ཏེ་ཁང་པ་ཞིག་ལས་བསམ་མོད། འོན་ཀྱང་མཐའ་མཇུག་རེ་བ་དེ་འགྲུབ་མ་ཐུབ་པའི་ཁར། ངག་དབང་བསྟན་འཛིན་རང་ཉིད་ལ་ལག་རྩལ་ཅི་ཡང་མེད་པས། རི་ཁུལ་དང་གྱེས་ཏེ་རྫོང་མཁར་དུ་འགྲོ་བར་དངོས་གནས་སྤོབས་པས་མ་ལོངས་པ་རེད། རྫོང་མཁར་དང་ཐག་རིང་སྟབས། ཐེངས་གཅིག་ལ་སོང་ཚེ་ལག་སྟོང་ལ་ཕུད་འགྲོ། ངག་དབང་བསྟན་འཛིན་དེ་ལྟ་བུའི་འཚོ་བར་སྐྱོང་སྣང་གིས་ཁེངས་འདུག

2017ལོའི་ཟླ10པར། ངག་དབང་བསྟན་འཛིན་བཟའ་མི་གང་བོ་རྫ་སྟོད་རྫོང་མཁར་དུ་གནས་སྤར་ཏེ་འཚོ་བ་གསར་པའི་མགོ་བཟུང་། གནས་སྤོའི་དབུལ་སྐྱོར་གཞིས་ཁུལ་དུ་སྤྱོད་ཁང་དང་ཉེན་སྲུང་ཁང་། ལུས་སྦྱོང་ཐང་ཆེན། གཞིས་ལས་ཞབས་ཞུའི་སྒེའུ་ཁུང་དང་། རང་འདེམ་ཚོང་ཁང་བཅས་ཆ་སྡེབ་སྒྲིག་བཀོད་ཆ་ཚང་ཡོད་པས། ངག་དབང་བསྟན་འཛིན་ལ་གྲོང་ཁྱེར་གྱི་འཚོ་བའི་སྟབས་བདེ་དངོས་གནས་ཚོར་དུ་བཅུག

“བདེ་སྡོད”ནི་འབད་འཐབ་ཀྱི་རྨང་གཞི་ཡིན་ལ། “བདེ་སྡོད”ཐུབ་རྗེས“ལས་བརྩོན”ཡང་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། འབྲོག་པར་ཕྱུགས་འཚོ་བ་ལས་འཚོ་གནས་ཀྱི་རྩལ་ནུས་གཞན་མེད་སྟབས།    ཁོ་ཚོ“གནས་སྤོ་ཐུབ་པ་དང་། བརྟན་འཇགས་ཐུབ་པ། ཕྱུག་འགྱུར་ཐུབ་པ”བཅས་ཡོང་བར་བྱ་ཆེད།  རྫ་སྟོད་རྫོང་ཨུ་དང་རྫོང་སྲིད་གཞུང་གིས《རྫ་སྟོད་རྫོང་གི་གནས་སྤོའི་རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད》གཏན་འབེབས་བྱས་པར་མ་ཟད།  ཁྱིམ་ཚང་རེ་གཞིར་བཟུང་ནས་དབུལ་ཐར་གྱི་ཇུས་གཞི་བཏོན་ཏེ། འབྲོག་པ་གནས་སྤོ་དང་དབུལ་ཐར་གཉིས་དུས་གཅིག་ཏུ་སྤེལ་བ་དང་། བདེ་སྡོད་དང་ལས་བརྩོན་གཉིས་དུས་མཉམ་དུ་སྤེལ་བའི་རེ་བ་མངོན་འགྱུར་བྱས།

དཀའ་ཐུབ་ཀྱང་ངག་དབང་བསྟན་འཛིན་དང་འདྲ་བར།  ལྕི་སྟོད་ཡུལ་ཚོ་ནས་རྫོང་མཁར་དུ་གནས་སྤར་རྗེས། སྡེ་བའི་ཨུ་ཡོན་ལྷན་ཁང་ལ་རེ་ཞུ་དང་འོས་སྦྱོར་བྱས་པ་བརྒྱུད། ད་ལྟ་རྫི་བོའི་རེ་ལྟོས་གཞིས་ཁྱིམ་གྱི“དབུལ་སྐྱོར་གཞིས་ལས”ཀུང་སི་རུ་བདེ་སྲུང་པ་བྱས་ཡོད་པ་དང་། ཟླ་རེར་ཟླ་ཕོགས་སྒོར1200ལེན་གྱིན་ཡོད་ལ། ཁོ་ནི་གཟབ་ནན་དང་བརྩོན་འགྲུས་ཅན་ཞིག་ཡིན་པས། བརྟན་འཇགས་ཀྱི་ལས་ཀ་ཞིག་ལག་སོན་བྱུང་།

2020ལོར། དཀའ་ཐུབ་ཀྱི་ཆུང་མས་རྫོང་ནས་བཏང་བའི“530”གྲངས་འབོར་ཉུང་བའི་དངུལ་བུན་སྤྱད་དེ།  གཞིས་ཁུལ་གྱི་སྒོ་ཁ་ནས་གོ་རེ་བཙོང་ས་ཞིག་ཕྱེས། མོས་གོ་རེ་ལས་པ་ཤིན་ཏུ་བཟང་སྟབས། གཞིས་ཁུལ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ། ཁོ་གཉིས་ཀྱི་ཡོང་འབབ་གཅིག་ཏུ་བསྣན་ན་ལོ་རེར་སྒོར་ཁྲི5ལྷག་ཡོད་པས། འཚོ་བ་བག་ཕེབས་སུ་གནས་ཡོད། དཀའ་ཐུབ་རང་ཉིད་ཀྱི་བཤད་སྲོལ་ཡིན་ན། “མ་མཐའ་ཡང་སྡོད་སའི་ཁང་པ་ཡོད་ལ། བརྟན་འཇགས་ཀྱི་ཡོང་འབབ་ཡོད་པའི་མི་ཞིག་ཡིན”ཟེར།

ད་ལྟ། དབུལ་སྐྱོར་གནས་སྤོའི་གཞིས་ཁུལ་གཉིས་ཀྱི་ནང་དུ་བསྡོམས་པས་གནས་སྤོ་འབྲོག་པ200ལྷག“དབུལ་སྐྱོར་གཞིས་ལས”ཀུང་སི་རུ་ལས་ཚོགས་ལ་ཞུགས་ཡོད་པ་དང་། སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་ལས་རྐང་གིས་ཁྱིམ་ཚང300ལྷག་གི་ཡོང་སྒོ་མེད་པའི་གནས་ཚུལ་ལེགས་བཅོས་བྱས་ཏེ། “ལས་བརྩོན”གྱི་གནད་དོན་དེ་ལས་སླ་པོར་ཐག་བཅད་ཡོད།

གནས་སྤོས་མང་ཚོགས་ཀྱི་སེམས་ཤུགས་སྔར་ལས་སྐུལ་སྤེལ་དང་།  ཕྱུག་འགྱུར་གྱི“རང་སྤེལ”ནུས་པར་ཤུགས་སྣོན་བྱ་ཆེད།  རྫ་སྟོད་རྫོང་གིས་སློབ་སྦྱོང་དང་། གསོ་སྦྱོང་། ཐོན་སྐྱེད། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་རྫོང་རིམ་པའི་འབྲོག་པའི་རིག་གནས་ལག་རྩལ་དང་རྩལ་ནུས་གསོ་སྦྱོང་རྟེན་གཞི་ཞིག་འཛུགས་བཞིན་ཡོད་པ་དེས། འབྲོག་པའི་རིག་གནས་བྱང་ཚད་དང་། རྩལ་ནུས་གསོ་སྦྱོང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་། ཁྱད་ཐོན་དངོས་རྫས་ཐོན་སྐྱེད་བཅས་གཞི་གཅིག་ཅན་གྱི་གསོ་སྦྱོང་སྤེལ་རྒྱུ་ཡིན་པས། འབྲོག་པས་སློབ་ཡོན་སྤྲོད་མི་དགོས་པར་ཕྱུག་འགྱུར་གྱི་ཡོན་ཏན་བསླབ་པར་ཞུགས་ཆོག་པ་རེད།

རྫ་སྟོད་རྫོང་གྲོང་གསེབ་དར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇིགས་མེད་ཕུན་ཚོགས་ཀྱིས་བཤད་རྒྱུར། “ང་ཚོས་འབྲོག་པའི་འདོད་བློ་དང་དགའ་ཕྱོགས་ལྟར་གསོ་སྦྱོང་སྤེལ་རྒྱུ་ཡིན་པས། འབྲོག་པས་རང་མོས་ངང་གསོ་སྦྱོང་གི་ནང་དོན་གདམ་ཆོག་ལ། ཁོ་ཚོར་འཚོ་གནས་ཀྱི་ཆེད་དུ་འཚོ་གནས་བྱེད་པའི་ཚོར་བ་སྐྱེས་སུ་མི་འཇུག་པར། རང་ཉིད་ཀྱི་དཀའ་སྤྱད་དང་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་བསྐྲུན་ཏེ། དངོས་གནས་རྫོང་མཁར་གྱི་འཚོ་བར་ལོབས་སུ་འཇུག་པ་དང་། ད་ལྟའི་འཚོ་བ་གསར་པ་སེམས་ཀྱིས་ཚོར་དུ་འཇུག་དགོས”ཟེར།

གསོ་སྦྱོང་སློབ་གྲྭ་ཡོད་པར་མ་ཟད། རྫ་སྟོད་རྫོང་གིས་ད་དུང་ཟོང་སྐྱེལ་ལྟེ་གནས་རྣམ་གྲངས་དང་། དབྱར་རྩྭ་དགུན་འབུའི་དབུལ་སྐྱོར་ཐོན་ལས་དང་ཚོང་ལས་ཕྱོགས་བསྡུས་གཞི་གཅིག་ཅན་དང་། དབུལ་སྐྱོར་མགྲོན་ཁང་ཆེན་མོ། དབུལ་སྐྱོར་རླངས་འཁོར་ཞིག་གསོ་བཟོ་གྲྭ། གཞི་ཁྱོན་ཅན་གྱི་རིག་ནུས་དྲོད་ཁང་སྔོ་ཚོད་འདེབས་འཛུགས་རྟེན་གཞི་བཅས“དབུལ་སྐྱོར་ཐོན་ལས་ཆེན་པོ་བཅུ”བཙུགས་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་དྲུག་འབུམ་བརྒྱད་ཁྲི་དགུ་ལྷག་བཏང་ཞིང་། “སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་།   ཁེ་ལས་ཀྱིས་ནུས་པ་འདོན་པ། མང་ཚོགས་ཀྱི་ཡོང་སྒོ་འཕར་བ”ཡི་འཁོར་རྒྱུགས་དཔེ་དབྱིབས་སྤྱད་དེ།  ལས་ཞུགས་དང་ལས་རྣམ་གསར་འབྱེད་ཀྱི་གོ་སྐབས་བསྩལ་བ་དང་།  འབྲོག་པ་ཚོས་མ་འོངས་པར་སེམས་ཁྲལ་བྱེད་པ་རྩ་བ་ནས་ཐག་བཅད་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།