ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དཀྱེལ་ཡངས་པའི་ལོ་རྒྱུས་ཀྱི་ལྟ་སྟངས་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་བློ་གྲོས་ཀྱིས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་འབད་འཐབ་བྱེད་པའི“རྒྱུན་འཁྱོངས་བཅུའི”རྩ་ཆེའི་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་ཡོད། དེའི་ནང་“མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ”ཡིས་མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་། ང་ཚོའི་ཏང་འཛུགས་པའི་རྩ་བ། སྲིད་སྐྱོང་གི་རྨང་གཞི། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན་པ་གཏིང་ཟབ་པའི་སྒོ་ནས་གསལ་སྟོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་བརྒྱུད་ཀྱང་ལང་ཚོ་དར་ལ་བབ་ཡོད་པ་དང་། དཀའ་སྡུག་ཚད་མེད་བརྒྱུད་ཀྱང་མི་ཉམས་པའི་རྩ་བའི་རྒྱུ་རྐྱེན་ནི་རང་རེའི་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་སེམས་ཁོང་དུ་གོ་གནས་ཆེས་མཐོ་ཤོས་སུ་བཞག་པ་དང་། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་པ་བློ་ལ་བརྟན་པོར་འཛིན་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་འབྲེལ་དང་། བདེ་སྡུག་མཉམ་མྱོང་བྱས་པས་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་བརྒྱའི་ལོ་རྒྱུས་ཁྲོད། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་མི་དམངས་ཀྱི་བརྩེ་སེམས་བརྟན་པོ་སྲུང་འཛིན་བྱས་ནས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དེ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་གཏོང་བའི་འགོ་འཛུགས་ས་དང་རྐང་ཚུགས་སར་བརྩིས་ནས་རང་རེའི་ཏང་གིས“མི་དམངས་བླ་ན་མེད་པའི”རིན་ཐང་གི་ལངས་ཕྱོགས་མངོན་པར་བྱས་ཡོད།
“དཀའ་སྡུག་ཁྲོད་ཀྱི་མང་ཚོགས་རྣམས་སྐྱོབ་པར་བྱེད།”--ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཆེད་དུ་གནས་ཡོད། 1840ལོའི་ཉལ་ཐ་དམག་འཁྲུག་གི་རྗེས་སུ། རྒྱལ་ཁབ་ཀྱི་མངའ་ཁོངས་ཤོར་བ་དང་། མི་དམངས་ཀྱི་འཚོ་བ་ཞན་པ། དཔལ་ཡོན་ཉམས་པས་ཀྲུང་གོ་མི་དམངས་ཀྱི་འཚོ་བ་དཀའ་སྡུག་གི་གནས་སུ་ལྷུང་ཡོད། མི་རིགས་རང་བཙན་བསྐྱར་དར་དང་མི་དམངས་བཅིངས་འགྲོལ་དང་ཕྱུག་པོར་འགྱུར་ཆེད། བློ་སྤོབས་ཅན་གྱི་དཔའ་རྒོད་མང་པོས་ངར་སྐད་སྒྲོག་བཞིན་རྒྱལ་ཁབ་སྐྱོབ་པའི་ལས་འགུལ་ཡང་ནས་བསྐྱར་དུ་བསླངས། ཟླ་བཅུ་བའི་གསར་བརྗེའི་མེ་སྒྱོགས་ཀྱིས་ཀྲུང་གོར་མར་ཁེ་སི་རིང་ལུགས་དར་ཡོང་བ་རེད། 1921ལོར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་བའི་ལས་འགུལ་ཟུང་དུ་འབྲེལ་བའི་བརྒྱུད་རིམ་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོའི་མི་དམངས་ཀྱིས་བདེ་སྐྱིད་འཚོལ་སྙེག་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དུ་གཏན་འཁེལ་བྱས་པ་དང་།“མི་དམངས”ཞེས་པའི་ཡིག་འབྲུ་གཉིས་སེམས་ལ་བཟུང་ནས་མི་དམངས་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བ་རྒྱུན་འཁྱོངས་བྱེད་པ་དེ་རང་ཉིད་ཀྱི་དར་ཆའི་སྟེང་གསལ་བོར་བྲིས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་རྒྱུ་འཚོལ་སྙེག་བྱས། ཏང་གི་ཚོགས་ཆེན་ཐེངས་གཉིས་པས་ཀྲུང་གོ་གུང་ཁྲན་ཏང་ནི“འབྱོར་མེད་གྲལ་རིམ་ཁྲོད་ཀྱི་གསར་བརྗེའི་སྙིང་སྟོབས་ཆེས་ཆེར་ལྡན་པའི་རྒྱ་ཆེའི་མང་ཚོགས་ཀྱིས་རྩ་འཛུགས་བྱས་པའི་འབྱོར་མེད་གྲལ་རིམ་གྱི་ཁེ་ཕན་གྱི་ཆེད་དུ་འབད་འཐབ་བྱེད་པའི་སྲིད་ཏང་ཞིག་ཡིན་དགོས”པ་གསལ་བོར་བསྟན་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་འཕེལ་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཚིས་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། དམངས་ཚིས་ལེགས་བཅོས་བྱེད་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ཡོད། དུས་རིམ་དེར། “ས་ཞིང་གི་གནད་དོན”ནི་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཚིས་གནད་དོན་ཐག་གཅོད་བྱེད་པའི་ནང་དོན་གཙོ་བོ་ཡིན། ས་ཞིང་གསར་བརྗེའི་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས“ས་ཞིང་རྨོ་འདེབས་མཁན་ལ་ས་ཞིང་དབང་བའི”དམངས་ཚིས་སྲིད་ཇུས་ལག་བསྟར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཡུལ་གྱི་གཤེད་མར་རྡུང་རྡེག་གཏོང་བ་དང་། ས་ཞིང་བགོ་བཤའ་རྒྱག་པའི”སྲིད་ཇུས་ལག་བསྟར་བྱས་ཤིང་། བཅའ་ཁྲིམས་ཀྱི་སྟེང་ནས《ཅིན་ཀང་རི་བོའི་ས་ཞིང་བཅའ་ཁྲིམས་》དང་《ཞིན་གོ་ས་ཞིང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་འགན་སྲུང་གཏན་འབེབས་བྱས། འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་ངལ་རྩོལ་རོགས་རེས་དང་། ཁྲལ་ཉུང་བོགས་ཉུང་། ཐོན་སྐྱེད་རང་སྐྱོབ། དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་སོགས་དམངས་ཚིས་དཔལ་འབྱོར་སྲིད་ཇུས་རབ་དང་རིམ་པ་རྩ་འཛུགས་བྱས་པ་བརྒྱུད་དེ། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་དཔལ་འབྱོར་གྱི་རྨང་གཞི་དང་དམངས་སེམས་ཀྱི་རྨང་གཞི་སྲ་བརྟན་དུ་བཏིངས། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོའི་ས་ཞིང་བཅའ་ཁྲིམས་ཀྱི་རྩ་གནད》གཏན་འབེབས་བྱས་པ་མ་ཟད།“ཞིང་བ་དབུལ་བོར་རྒྱབ་བརྟེན་བྱེད་པ་དང་། ཞིང་བ་འབྲིང་བར་མཉམ་འབྲེལ་ཟབ་མོ་བྱས་ཏེ། ས་བདག་གྲལ་རིམ་དང་ཞིང་ཕྱུག་རྙིང་པའི་བཀས་བཀོད་རྒྱུད་འཛིན་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་བཤུ་གཞོག་ལམ་ལུགས་རྩ་མེད་དུ་གཏོང་བའི”ས་ཞིང་བཅོས་བསྒྱུར་གྱི་བྱེད་ཕྱོགས་གཏན་འཁེལ་གསལ་བོ་བྱས། 1949ལོའི་ཟླ6པར། བཅིངས་འགྲོལ་ས་ཁུལ་གྱི་ཞིང་བ་དུང་ཕྱུར་གཅིག་ལྷག་ལ་ས་ཞིང་མུའུ་དུང་ཕྱུར་གསུམ་ལྷག་ཐོབ་པ་རེད། ཀྲུང་གོ་གུང་ཁྲན་ཏང་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་མའི་བསམ་འདུན་གཏན་འཁེལ་བྱས་པ་དེ་ནི“མི་དམངས་བླ་ན་མེད་པའི”རིན་ཐང་རྩ་དོན་གྱི་མཚོན་ཚུལ་ཞིག་ཡིན་པ་མ་ཟད།“མི་དམངས་བླ་ན་མེད་པའི”རིན་ཐང་ཁྲིད་ཕྱོགས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་དུ་འཚོལ་ཞིབ་བྱས་ནས་མངོན་འགྱུར་བྱུང་བ་ཞིག་ཀྱང་རེད།
“དགུང་ལ་ཟུག་པའི་ལྗོན་ཤིང་ལ་རྩ་བ་ཡོད།”--ཀྲུང་གོ་གུང་ཁྲན་ཏང་ནི་དམངས་ལ་བརྟེན་ནས་དར་བ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་། ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་ཁ་འཐོར་གྱི་རྣམ་པ་རྦད་དེ་མཇུག་བསྒྲིལ་བ་དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་མཚོན་པ་དང་། ཀྲུང་གོ་མི་དམངས་དུས་དེ་ནས་བཟུང་ཡར་ལངས་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་ངོ་མར་གྱུར་པ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་གུང་ཁྲན་ཏང་ཉིད་རྒྱལ་ཡོངས་རང་བཞིན་གྱི་སྲིད་འཛིན་ཏང་ཞིག་ཏུ་གྱུར་མོད། འོན་ཀྱང་མདུན་དུ་ལྷགས་པ་ནི་རྒྱལ་ཁབ་ཀྱི་སྟོབས་ཞན་པ་དང་མི་དམངས་དབུལ་ཕོངས་ཡིན་པ་དེ་རེད། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ་དང་། བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ཧ་ཅང་རྗེས་ལུས་ཡིན་པས། 1949ལོར་ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་ཡོངས་ཀྱི་བསྡུར་ཚད་ལས5%ཡང་ཟིན་མེད། མི་དམངས་ཀྱི་འཚོ་བ་འཁྱག་ལྟོགས་ཀྱིས་མནར་བ་དང་། ཡིག་རྨོངས་བས80%ཟིན་པ་དེ་ནི་སྐབས་དེའི་དམངས་ཚིས་གནས་ཚུལ་དངོས་ཡིན་པས། གནོད་འཚེ་ཕོག་པའི་མང་ཚོགས་བྱེ་བ་གཅིག་ལྷག་དང་ལས་ཤོར་བཟོ་པ་ས་ཡ་ལྷག་ལ་རོགས་སྐྱོར་བྱ་དགོས། གསར་དུ་བཙུགས་པའི་མི་དམངས་སྲིད་དབང་གིས་དམངས་ཚིས་ལ་འགན་སྲུང་བྱ་རྒྱུ་དེ་གོ་གནས་ཨང་དང་པོར་བཞག་ནས་གནོད་འཚེ་ཐེབས་པའི་མང་ཚོགས་དང་ལས་ཤོར་ལས་བཟོ་བ་མྱུར་སྐྱོབ་བྱེད་པའི་མགོ་བརྩམས་པ་དང་། དཔལ་འབྱོར་འཛུགས་སྐྲུན་གྱི་མཐོ་རླབས་དགུང་དུ་འཕྱུར་བ་དང་མཉམ་དུ། དམངས་ཡོངས་སྐུལ་སློང་བྱས་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་དང་། ངལ་རྩོལ་ཉེན་ཚབ་དང་། གཞུང་དངུལ་སྨན་བཅོས། ཞིང་སྡེའི་མཉམ་ལས་སྨན་བཅོས། རྐང་རྗེན་སྨན་པ་སོགས་འདུས་པའི་དམངས་ཚིས་འགན་སྲུང་ལམ་ལུགས་མྱུར་མོར་བཙུགས་པ་མ་ཟད། རིན་མི་དགོས་པར་སློབ་གསོ་མྱོང་བ་དང་། སྡོད་ཁང་འདོན་སྤྲོད་བྱས་པ་དེས་ངལ་རྩོལ་མང་ཚོགས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། འཚོ་བ་རིམ་བཞིན་ཇེ་བཟང་དུ་གྱུར། བློ་མཐུན་མའོ་ཙེ་ཏུང་གིས་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཏང་གི་སྒྲིག་ཡིག་ནང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཏང་གི་དམིགས་ཡུལ་དུ་གཏན་འཁེལ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བཟོ་པ་དང་མང་ཚོགས་དཀྱུས་མའི་འཚོ་བ་ཇེ་ལེགས་སུ་གཏོང་བར་དོ་ཁུར་བྱེད་དགོས་པ་དང་། འདི་ནི་སྲིད་དབང་སྲ་བརྟན་དུ་གཏོང་བའི་གཞི་རྩ་ཡིན་པ་གཏན་འཁེལ་གསལ་བོ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་ལག་ལེན་ཁྲོད། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་གོ་གནས་གཙོ་བོར་བརྩི་འཇོག་གང་ལེགས་བྱས་པ་དང་། རང་འགུལ་གྱི་སྒོ་ནས་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་དང་། མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པའི་དབང་ཆ་སོ་སོར་དངོས་གནས་འགན་སྲུང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི“མི་དམངས་བླ་ན་མེད་པའི”རིན་ཐང་འཚོལ་སྙེག་དེ་དོན་ཐོག་ཏུ་འཁྱོལ་བར་འབད་བརྩོན་བྱ་དགོས།
“རྒྱལ་ཁབ་སྐྱོང་བའི་རྩ་དོན་ནི་མང་ཚོགས་ལ་ཁེ་ཕན་བསྐྲུན་རྒྱུ་གཞི་རྩར་འཛིན་པ་དེ་ཡིན”--ཀྲུང་གོ་གུང་ཁྲན་ཏང་གིས་མང་ཚོགས་རྩ་བར་འཛིན་གྱིན་ཡོད། 1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དེའི་ཐོག་ནས་ཏང་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བྱ་བའི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་ཡིན་པའི་ཕྱོགས་སུ་བསྒྱུར་ཏེ། དམངས་ཚིས་འཛུགས་སྐྱོང་ལ་རྨང་གཞི་བཟང་པོ་བཏིང་བ་མཚོན་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་རང་རྒྱལ་གྱི་འགལ་བ་གཙོ་བོའི་ཐད་ཆབ་སྲིད་ཀྱི་བརྡར་གཅོད་གལ་ཆེན་གནང་བ་དང་། ཡང་ན“སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་རྗེས། རང་རྒྱལ་གྱིས་ཐག་གཅོད་བྱ་དགོས་པའི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དངོས་པོའི་རིག་གནས་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་དེ་རེད།” 1978ལོར་བཅོས་བསྒྱུར་སྒོ་འབྱེད་མགོ་བརྩམས་པ་དང་། ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་མོ་སུམ་བརྒྱ་དང་གྱ་གཅིག་ལས་མེད་ཅིང་། རྒྱལ་ཁབ་ཡོངས་ཀྱི་མི་གྲངས་དུང་ཕྱུར10ཙམ་ལ་ཉེ་བའི་ཁྲོད། མི་གྲངས་དུང་ཕྱུར་གཉིས་ཀྱི་འཚོ་བའི་ཆུ་ཚད་དབུལ་ཕོངས་ཚད་ཐིག་གི་མན་དུ་ཡོད་པ་དང་། འདི་ནི་སྐབས་དེའི་འགལ་བ་གཙོ་བོའི་གཞི་རྩའི་གཞི་འཛིན་སར་གཏན་འཁེལ་བྱས་ཡོད། དུས་རབས20པའི་ལོ་རབས80པའི་མཇུག་ཏུ། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག རང་རྒྱལ་གྱིས་གཞི་རྩའི་ཆ་ནས་མི་དམངས་མང་ཚོགས་ཀྱི་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱས། ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱས་རྗེས། ཀྲུང་གོ་སྔར་བཞིན་མི་གྲངས་མང་བ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཕྲད་ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་དམངས་ཐོན་སྐྱེད་སྤྱིའི་རིན་ཐང་འཛམ་གླིང་གི་རྗེས་སུ་ལུས་ཡོད་ལ། ཐོན་སྐྱེད་ནུས་ཤུགས་དར་རྒྱས་མེད་པ་པ་དང་། ས་ཁུལ་བར་གྱི་འཕེལ་རྒྱས་ཀྱི་བར་ཁྱད་ཆེ་བ། མི་དམངས་མང་ཚོགས་ཀྱིས་སློབ་གསོ་མྱོང་ཚད་ཅུང་དམའ་བས། མི་དམངས་མང་ཚོགས་ཀྱིས་སྔར་ལས་འབྱོར་ཕྱུག་ལྡན་པའི་འཚོ་བ་ཞིག་སྐྱེལ་བར་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཚིས་དངོས་ཡོད་གནད་དོན་ལ་དམིགས་ནས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་བཟོས་ཏེ་ཀྲུང་གོ་འདི་ཉིད་ཇི་ལྟར་བྱས་ནས“ཁ་རྒྱབ་འཛོམས་པའི་སྤྱི་ཚོགས”ནས་རིམ་གྱིས“ཐུན་མོང་ཕྱུག་འགྱུར་རྣམ་པའི་སྤྱི་ཚོགས”སུ་བསྐྱོད་དེ། དར་རྒྱས་འབྲིང་བའི་རྒྱལ་ཁབ་ཆུ་ཚད་ཀྱི་འཕེལ་རྒྱས་ལམ་བུར་སླེབས་ཐུབ་པ་རྒྱས་བཤད་ཞིབ་མོ་བྱས། བློ་མཐུན་ཏིན་ཞའོ་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དང་པོ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དང་། གཉིས་པ་ནི་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུ་དེ་ཡིན་ཞེས་ནན་བཤད་ཐེངས་མང་གནང་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་ཏང་གི་བྱ་བའི་ཁྲོད་ཀྱི་དམངས་ཚིས་ལེགས་བཅོས་ཀྱི་གོ་གནས་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད་པ་དང་། དེའི་ནང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་ནི་ང་ཚོའི་ཏང་གི་བྱ་བ་ཐམས་ཅད་ཀྱི་རྩ་བའི་གཞི་འཛིན་སར་གྱུར་ཡོད་ཅེས་བསྟན་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས“མི་གཙོ་བོར་འཛིན་པ”དང་དམངས་ཚིས་ལེགས་བཅོས་གཏོང་བའི་བར་གྱི་འབྲེལ་བ་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྙན་ཞུའི་ནང་“ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས”ཞེས་བཏོན་པ་དང་། མི་དམངས་ཀྱི་ཡོང་སྒོ་དང་། སློབ་གསོ། སྨན་བཅོས་སོགས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་ནན་བཤད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྙན་ཞུའི་ནང་སྔར་ལས་ལྷག་པའི་སྒོ་ནས་དམངས་ཚིས་ལེགས་བཅོས་གཏོང་བའི་གནད་འགག་ནི་སྤྱི་ཚོགས་འཛུགས་སྐྲུན་ཡིན་པ་ནན་བཤད་བྱས་ཡོད། དུས་སྐབས་དེར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་ཉིད་ཀྱི་ལམ་བུར་བསྐྱོད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་། རྒྱུན་འཁྱོངས། སྲུང་སྐྱོབ། འཕེལ་རྒྱས་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་མུ་མཐུད་དུ་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བས་མི་དམངས་ཀྱི་འཚོ་བ་ཁ་རྒྱབ་མི་ཁེབས་པ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་སླེབས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།
“དམངས་སེམས་ཐོབ་ན་གནམ་འོག་ཐོབ། དམངས་སེམས་ཤོར་ན་གནམ་འོག་ཤོར།”--ཀྲུང་གོ་གུང་ཁྲན་ཏང་དང་མང་ཚོགས་མཉམ་དུ་དར་བ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་པ”དེ་ཏང་གི་བྱ་བ་ཐམས་ཅད་བཟང་པོར་སྒྲུབ་པའི་རིན་ཐང་གི་ཁ་ཕྱོགས་དང་རྩ་བའི་ཚད་གཞི་བྱས། ཆེ་ཕྱོགས་སྲིད་ཇུས་ཀྱི་བསམ་ཕྱོགས་ཐད་ནས་སྤྱི་ཚོགས་སྲིད་ཇུས་ཀྱིས་འདེགས་སྐྱོར་བྱེད་དགོས་པར་བསྟན་པ་དང་། དམངས་ཚིས་བྱ་བའི་བསམ་ཕྱོགས་ཐད་ནས་མཐའ་ཚད་བརྟན་སྲུང་དང་། གནད་ས་འབུར་དུ་ཐོན་པ། ལམ་ལུགས་འཐུས་ཚང་ཡིན་པ། གླེང་ཕྱོགས་ལ་ཁྲིད་སྟོན་ཡོད་པར་བྱེད་དགོས་ཤིང་། ཡོང་སྒོ་བགོ་བཤའ་རྒྱག་པ་ཐག་གཅོད་དང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་གནད་དོན་ཐད་ནས་སྤྱི་ཚོགས་ཀྱི་དྲང་བདེན་དྲང་བཞག་ལ་སྐུལ་འདེད་བཏང་སྟེ། དམངས་ཚིས་གཙོ་བོ་ཡིན་པའི་སྤྱི་ཚོགས་འཛུགས་སྐྲུན་དེ་དུས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་བཏོན་པ་དང་། ད་ལྟའི་དུས་རིམ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ལ་གང་ལེགས་མ་ཡིན་པའི་འཕེལ་རྒྱས་བར་གྱི་འགལ་བ་ཡིན་པའི་ཆབ་སྲིད་ཀྱི་ཞིབ་འཇུག་བརྡར་གཅོད་ཀྱིས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་དཔལ་འབྱོར་འཚོ་བའི་རྨང་གཞིའི་སྟེང་གི་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སུ་མཐོ་རུ་བཏང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དེ་སྔོན་གྱི“དམངས་ཚིས་ཡོད་པ་ལྔའི”རྨང་གཞིའི་སྟེང་“བྱིས་པར་གསོ་སྐྱོང་ཡོད་པ”དང“ཉམས་ཆུང་ལ་རོགས་སྐྱོར་ཡོད་པའི”ནང་དོན་གཉིས་བསྣན་ནས་དམངས་ཚིས་ནང་དོན་དེ“དམངས་ཚིས་ཡོད་པ་བདུན”བར་རྒྱ་སྐྱེད་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་གསར་སྐྲུན་རང་བཞིན་གྱི་སྒོ་ནས་དམངས་ཚིས་འགན་སྲུང་ལམ་ལུགས་ཀྱི་ཐ་སྙད་བཏོན་ནས་རྒྱལ་དམངས་འཚོ་བའི་འགན་སྲུང་ལམ་ལུགས་ཀྱི་རེ་ཞུ་དེ་དེ་སྔའི་སྤྱི་ཚོགས་འགན་སྲུང་ནས་དམངས་ཚིས་འགན་སྲུང་དུ་རྒྱ་སྐྱེད། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང་བའི《གྲོས་གཞིའི》ནང་། “དམངས་ཚིས་བདེ་སྐྱིད་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ”དེ“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོར་བརྩིས་པ་མ་ཟད།“ཐུན་མོང་ཐོག་ཕྱུག་པོར་ཡོང་དགོས་པ”ནན་བཤད་ཐེངས་མང་བྱས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགོ་ཚུགས་ས་གསར་པའི་སྟེང་ཏང་ཀྲུང་དབྱང་གིས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་ལྷག་པའི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ཡོད་པ་མཚོན་ཡོད། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་“མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པའི”ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་བྱས་པ་དང་། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ“མི་དམངས་ལ་ཞབས་འདེགས་ཞུ་རྒྱུ”རྒྱུན་འཁྱོངས་བྱེད་པ་གང་ལེགས་ཀྱིས་མངོན་ཡོད་པ་དང་། མི་གྲངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་བརྩོན་དང་། མུ་མཐུད་དུ་འབད་འཐབ་བྱས་ནས“འཇིག་རྟེན་བརྗེ་བ” ལྟ་བུའི་འཕེལ་རྒྱས་ཀྱི་ངོ་མཚར་དང་“འཛམ་གླིང་ཧ་ལས་པའི”གྲུབ་འབྲས་སྐྲུན་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི“མི་དམངས་བླ་ན་མེད་པའི”རིན་ཐང་གི་རྩ་དོན་རྒྱས་བཤད་ཟབ་མོ་གནང་ཡོད་པ་རེད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།