ཆུ་ནག་སྡེ་བའི་སྐྱེ་ཁམས་ཡུལ་སྐོར་དཔལ་འབྱོར།
2022.02.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

དགུན་དུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཆུ་ནག་སྡེ་བར་བསྐྱོད་པ་ན། ཐོག་མར་མིག་ལམ་དུ་གསལ་ལེར་མཐོང་བ་ནི་གསར་དུ་ལས་པའི་ཆུ་ཁོལ་ཁམས་གསོ་རྟེན་གཞི་དེ་རེད། དེ་དང་བར་ཐག་མི་རིང་བའི་གནས་ན་མཛེས་སྡུག་གི་རི་ཆུ་གཉིས་ཀ་གཞི་གཅིག་ཏུ་འདྲེས་ཤིང་། དེ་དག་ནི་ལྷིང་འཇགས་ཀེར་གནས་པའི་མཛེས་སྡུག་གི་གྲོང་གསེབ་ཅིག་ཏུ་སྣང་།

ཆུ་ནག་སྡེ་བ་ནི་ཁྲི་ཀ་རྫོང་མཁར་དང་བར་ཐག་སྤྱི་ལེ་དགུ་བཅུ་ཡིས་ཆོད་ཡོད་ལ། ལ་ཟེ་བ་གྲོང་རྡལ་གྱི་ཆེས་མཐའ་འཁོབ་ཀྱི་སྡེ་བ་རེད། ལོ་འགའི་སྔོན་ལ། སྡེ་མི་རྣམས་ཀྱིས་གསོས་པའི་ཕྱུགས་ཟོག་གི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་སྟེ། ཆེས་མང་བའི་སྐབས་སུ་ཕྱུགས་ཟོག་གི་གྲངས་ཀ་ཁྲི་དྲུག་དང་སྟོང་བདུན་ལྷག་ལ་སླེབས། དཔལ་འབྱོར་གྱི་ཡོང་སྒོ་ཕྱུགས་ལས་ཁོ་ནར་བརྟེན་པས་རྩྭ་སའི་ཕྱུགས་ཀྱི་ཐེག་ཚད་བརྒལ་ཞིང་སྤང་ཐང་ཇེ་ཞན་དུ་གྱུར་བ། བྱེ་འགྱུར་ཚབས་ཆེན་བྱུང་བ་སོགས་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་གྱི་གནད་དོན་རབ་དང་རིམ་པ་བྱུང་།

རང་བྱུང་ཁམས་ཀྱིས་གདུག་རྩུབ་དང་བརྩེ་མེད་ཀྱི་ཉམས་འགྱུར་སྟོན་པ་དང་མཉམ་དུ། ཕངས་པ་མེད་པར་མིའི་རིགས་ལ་ཐོན་ཁུངས་རྩ་ཆེན་ཡང་སྦྱིན་བཞིན་ཡོད། ཆུ་ནག་སྡེ་བ་ནི་ཡུལ་དེར་མིང་དུ་གྲགས་པའི་ཆུ་ཁོལ་སྡེ་བ་ཡིན་ལ། ཆུ་ཁོལ་དེ་ནི་ཆུ་གཏེར་དྲོད་གསུམ་གཞི་གཅིག་ཏུ་འདུས་པ་དང་། ཡང་བསྐྱར་འབྱུང་ཐུབ་པའི་དྭངས་གཙང་གི་ཐོན་ཁུངས་སུ་གཏོགས། ཆུ་ཁོལ་ནི་ཁམས་གསོ་འཕེལ་རྒྱས་གཏོང་བར་འཇིག་རྟེན་ན་དཀོན་པའི་མ་རྩ་ཡིན་ལ། ཁྱད་ལྡན་ཡུལ་སྐོར་གྱི་ཐོན་ཁུངས་ཀྱང་ཡིན་པས། རང་ཡུལ་གྱི་དཔལ་འབྱོར་སྤེལ་སྟངས་བསྒྱུར་བ་དང་ཡུལ་ཁོངས་དཔལ་འབྱོར་གྱི་འཕར་གནས་གསར་པ་གསོ་སྤེལ་བྱ་ཡུལ་ཡང་ཡིན།

དེའི་རྐྱེན་གྱིས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས“རྨ་ཀླུང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་སྙན་གྲགས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཆུ་ཁོལ་གྱི་ལྗང་མདོག་ཁམས་གསོ་ཐོན་ལས་ཀྱི་བྱ་བ་ལེགས་པོར་བསྒྲུབས།

རི་བོ་དང་ཆུ་བོ་བཅོས་སྐྱོང་བྱེད་པ་ནི་སྡེ་བ་བཅོས་སྐྱོང་བྱས་པ་ཡིན།ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པར། ཆུ་ནག་སྡེ་བའི་ཨུ་ཡོན་ལྷན་ཁང་སྐབས་གསར་པ་ཡིས“སྐྱེ་ཁམས་ཞིང་ཕྱུགས་ལས་དེ་རྨང་གཞི་བྱེད་པ་དང་སྐྱེ་ཁམས་ཡུལ་སྐོར་དེ་ཁ་ཕྱོགས་སུ་བྱེད་པ”ཡི་འཕེལ་རྒྱས་རིགས་ལམ་གཏན་འབེབས་བྱས། གསར་གཏོད་བྱེད་པའི་གོ་རིམ་ཁྲོད་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་ཐེབས་པའི་ཆེད་དུ། ཇུས་འགོད་བྱེད་པ་དང་ཇུས་གཞི་འགོད་པའི་ཁྲོད་ནས་ཡུལ་དེའི་སྐྱེ་ཁམས་ཆ་རྐྱེན་ལ་གང་ལེགས་ཀྱིས་བསམ་བློ་བཏང་བ་དང་། རང་བྱུང་ཁོར་ཡུག་དང་འདྲེས་པར་དོ་སྣང་བྱས་ཏེ། སྡེ་བའི་མཛེས་སྡུག་གི་ཡུལ་ལྗོངས་འོས་འཚམ་གྱིས་བེད་སྤྱོད་བྱས་ཤིང་མཛེས་སྡུག་གི་ལྗོངས་ཁུལ་བསྐྲུན།

ལོ་ངོ་གཉིས་ལྷག་གི་རིང་ལ། ལག་བསྟར་བྱེད་ཆོག་མིན་ལ་དབྱེ་ཞིབ་དང་རིགས་པས་སྒྲུབ་པ་དང་། ས་གཤིས་ལ་རྩད་ཞིབ་བྱས་པ། ཡུལ་ཁོངས་ནང་ཁུལ་གྱི་སྟབས་བདེའི་ཨར་ལས་བཤིག་པ། ས་ངོས་སྙོམས་པ། ཆུ་ལོག་འགོག་ཟོན་གྱི་སྒྲིག་ཆས་བསྐྱར་ལས་བྱེད་པ་སོགས་ཀྱི་ལས་གཞི་ཡོངས་འགྲུབ་བྱས་ཏེ། ཆུ་དོང་བརྐོས་ནས་ཆུ་ས་འོག་ནས་ཡར་དྲངས་ཤིང་ཆུ་ཁོལ་རྟེན་གཞི་སྨི་གྲུ་བཞི་མ་སྟོང་གསུམ་ལྷག་འཛུགས་སྐྲུན་བྱས། དེའི་ནང་དུ། སྣེ་ལེན་ཁུལ་དང་མགྲོན་ཁང་། ཆུ་རྐྱལ་ཁང་སོགས་ཀྱི་ཚོང་གཉེར་ཁང་པ་ཐེ་ཡོད་པར་མ་ཟད། རང་འབབ་ཆུ་དང་དྲོད་རླངས་སོགས་ཀྱི་སྒྲིག་བཀོད་ཀྱང་བཞག་ཡོད། སྡེ་བ་ཐུན་མོང་གིས་གཅིག་གྱུར་གྱིས་བསྐྱར་ལས་དང་དོ་དམ། ཚོང་གཉེར་བྱས་པས་ལོ་གཅིག་གི་ནང་དུ་ཡོང་སྒོ་སྒོར་མོ་འབུམ་གཅིག་ལྷག་བླངས།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཆེན་གྱིས་ཅུང་བཟང་བའི་སྐྱེ་ཁམས་ཁོར་ཡུག་ཡོད་པ་ནི་ཆུ་ནག་སྡེ་བའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྦས་ཤུགས་ཆེས་ཆེ་བ་ཡིན་པར་འདོད་ཡོད། བསྟུད་མར་སྤེལ་ཐུབ་པའི་དཔལ་འབྱོར་གྱི་འཕེལ་གནས་དང་ཁོར་ཡུག་སྲུང་སྐྱོབ་འཆམ་མཐུན་གྱི་འཕེལ་རྒྱས་བགྲོད་ལམ་ཞིག་འཚོལ་སྙེག་བྱེད་རྒྱུ་དེ་ནི་སྡེ་བ་གང་པོའི་ལས་བྱེད་པ་དང་མང་ཚོགས་ཚང་མས་ཡོངས་ཁྱབ་ཏུ་ངོས་བཟུང་བའི་འཕེལ་རྒྱས་ཀྱི་འདུ་ཤེས་སུ་གྱུར་ཡོད།

ཐོན་ལས་བསྐྲུན་པ་དང་མཉམ་དུ། ཆུ་ནག་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་དང་ཕྱུགས་གྲངས་ཚད་ལས་བརྒལ་ནས་འཚོ་བའི་གནོད་པ་ཚབས་ཆེན་ལ་ངོས་འཛིན་བྱེད་པར་ཧུར་བརྩོན་གྱིས་སྣེ་ཁྲིད་བྱས་ཏེ། ཕྱུགས་འཕྲི་ཕྱུགས་འགོག་བྱས་པ་བརྒྱུད་རྩྭ་ཐང་གི་སྤང་ཤུན་སླར་གསོ་བྱས་པས། མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་ཡུལ་སྐོར་པ་མང་པོ་བཀུག་པ་དང་། ལྗང་མདོག་གི་ཡུལ་སྐོར་ཁམས་གསོ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་བྱས། ཐོན་ལས་སྤོ་བསྒྱུར་བྱས་པ་དང་བསྟུན་ནས་ཆུ་ནག་ཞིང་ཁྱིམ་ཟ་ཁང་དང་གྲོང་གསེབ་དམངས་སྲོལ་བྱ་འགུལ་སོགས་ཀྱི་ཚོང་ལས་ལས་གཞི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་དུ་འཕེལ་རྒྱས་བྱུང་སྟེ། ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཡར་སྐུལ་བྱས་ཡོད།

དཔལ་ཆེན་གྱིས་བཤད་རྒྱུར། “ད་ལྟ་ང་ཚོས‘ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི’གནས་ལུགས་རྟོགས་ཡོད་པས། ཕྱོགས་གཅིག་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་གསར་སྤེལ་བྱེད་པ་འདིས། ང་ཚོ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱུག་འགྱུར་བགྲོད་ལམ་ཞིག་ལ་བསྐྱོད་དུ་བཅུག་ཡོད”ཟེར།

                                                                                                      རྩོམ་སྒྲིག་པ། གཡང་འབུམ་རྒྱལ།