གནས་སྤོར་འབྲོག་མིའི་འཚོ་བ་གསར་བ།
2022.02.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

ཉེ་ལམ།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དགེ་གྲོང་རྡལ་བདེ་ལེགས་སྡེ་ཁུལ་གྱི་ཡུལ་གཞན་གནས་སྤོར་བདེ་འགོད་ཁུལ་དུ་སྡོད་པའི་སྐྱིད་ནེ་ཡིས་ལག་ཏུ་སྔ་མོ་ནས་གྲ་སྒྲིག་བྱས་པའི“ལེགས་སྐྱེས”བཟུང་སྟེ། སྡེ་ཁུལ་གྱི་ལས་བྱེད་མི་སྣར་སྟེར་བར་གྲ་སྒྲིག་བྱས།

ད་ལོ་ལོ་ན་རེ་བཞི་ལ་བུད་པའི་སྐྱིད་ནེ་ཡིས་མིག་མཐར་མཆི་མ་འཁོར་ནས་བཤད་རྒྱུར།“འདི་ནི་ངའི་ཡིད་སེམས་མཚོན་བྱེད་ཙམ་ཡིན། ཁྱོད་ཚོས་ངེས་པར་དུ་ལེན་དགོས། གལ་ཏེ་ཁྱོད་ཚོའི་རོགས་རམ་མེད་ཚེ། ང་ཚོར་ཡོང་སྒོ་འཚོལ་བའི་གོ་སྐབས་ཤིག་གང་ན་མཆིས”ཞེས་བཤད།

2018ལོར། སྲིད་གཞུང་གི་རོགས་སྐྱོར་འོག སྐྱིད་ནེ་དང་མོའི་བཟའ་ཟླ་ལའོ་ཏིན་གཉིས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཚ་མོ་ཁྲིད་དེ། ཆིག་སྒྲིལ་ཡུལ་ཚོ་སྐེད་མ་སྡེ་བ་ནས་གནས་འདིར་སྤར་བ་དང་། བཟའ་མི་གང་པོ་ལོ་རེའི་རྩྭ་སའི་ཁ་གསབ་མ་དངུལ་སྒོར་ཁྲི་གཅིག་དང་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་སྟོང་བཞི་ལ་བརྟེན་ནས་དབུལ་ཐར་བྱུང་སྟེ། ཁྱིམ་མི་གང་པོས་བརྟན་འཇགས་ཀྱི་འཚོ་བ་རོལ་བཞིན་མཆིས།

ཡིན་ཡང་སྒོར་མོ་བསགས་ཏེ་ཚ་མོ་ནད་བཅོས་བྱེད་པའི་ཆེད་དུ། ཁོ་བཟའ་ཟླ་གཉིས་ཀྱིས་འཚོ་བའི་སྟེང་ནས་གྲོན་ཆུང་ཅི་ཐུབ་བྱེད་ཀྱིན་འདུག

སྐྱིད་ནེ་ཡིས་བཤད་རྒྱུར།“ང་ཚོས་ད་དུང་སྒོར་མོ་མང་པོ་བསགས་ཏེ་ཚ་མོར་སྨན་བཅོས་བྱེད་དགོས། གྲོང་རྡལ་དུ་ལས་ཞུགས་ཀྱི་གོ་སྐབས་ཧ་ཅང་མང་ནའང་། ང་དང་ལའོ་ཏིན་གཉིས་ཀྱི་ལུས་པོ་དེ་འདྲ་བདེ་ཐང་མིན་པས། ང་ཚོས་ལུས་ཤུགས་ཀྱི་ངལ་རྩོལ་གཏན་ནས་བྱེད་མི་ཐུབ་ཀི”ཞེས་བཤད།

ཡིན་ཡང་ཡུལ་གཞན་ལ་གནས་སྤོར་བྱས་པའི་བདེ་འགོད་ཁུལ་དུ་སྐྱིད་ནེའི་གནས་ཚུལ་དང་འདྲ་བ་ཧ་ཅང་མང་ལ། ཁོ་ཚོའི་ཐུན་མོང་གི་སེམས་འདུན་ནི་རང་ཉིད་ཀྱི་ངལ་རྩོལ་དང་འབད་པར་བརྟེན་ནས་ཁྱིམ་གྱི་ཡོང་སྒོ་ཇེ་མང་དུ་བཏང་ཐོག འབྱོར་ཕྱུག་གི་འཚོ་བ་ཞིག་རོལ་ཐུབ་རྒྱུ་དེ་རེད།

བདེ་ལེགས་སྡེ་ཁུལ་གྱི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཆོས་དཔལ་ཚེ་རིང་གིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར།“ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག གནས་འདིར་བསྡོམས་པས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྲིད་འཛིན་སྡེ་བ་བཅུ་དགུ་ནས་ཐོན་པའི་འབྲོག་པ་སྟོང་གཉིས་དང་དྲུག་བརྒྱ་ཞེ་གསུམ་བདེ་འགོད་བྱས་པ་དང་། ཁོ་ཚོར་རོགས་རམ་བྱས་ཏེ་སྡོད་ཁང་གི་ཆ་རྐྱེན་ཞན་པ་དང་ཕྱིར་བགྲོད་དཀའ་བ། སྨན་བཅོས་བྱེད་དཀའ་བ། སློབ་གྲྭར་འགྲོ་དཀའ་བ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐག་བཅད་ནའང་། ཁོ་ཚོས་སྔར་བཞིན་བརྟན་འཇགས་ཀྱི‘ལས་ཀ’ཞིག་ལ་རེ་བ་བྱེད་བཞིན་འདུག”ཟེར།

2021ལོར་ཆུ་དམར་ལེབ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ནས། གཞི་རིམ་དུ“ངས་མང་ཚོགས་ལ་དོན་དངོས་སྒྲུབ”པའི་བྱ་འགུལ་སྤེལ་བ་དང་བསྟུན། ལས་ཁུངས་དང་སྡེ་ཁག་སོ་སོའི་ཏང་ཡོན་ཚང་མ་གཞི་རིམ་དུ་སོང་ནས་དམངས་ཀྱི་སེམས་གཏམ་ལ་ཉན་པ་དང་དམངས་ཀྱི་དཀའ་ཁག་བསལ།

ཡུལ་གཞན་དུ་གནས་སྤོར་བྱས་པའི་བདེ་འགོད་ཁུལ་དུ། འབྲོག་པ་ཚོའི་སེམས་འདུན་དེ་བདེ་བླག་ངང་གཡུ་དགེ་གྲོང་རྡལ་གྱི་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི“ངས་མང་ཚོགས་ལ་དོན་དངོས་སྒྲུབ”པའི་ཞིབ་ཐོའི་ཁྲོད་ཚུད།

དམིགས་འབེན་ཡོད་ཚེ་བརྩོན་སེམས་ཀྱང་ལྡན། ཡུལ་གཞན་ལ་གནས་སྤོར་བྱས་པའི་བདེ་འགོད་ཁུལ་གྱི་འབྲོག་པའི་སེམས་འདུན་མངོན་འགྱུར་འབྱུང་ཆེད། ཆུ་དམར་ལེབ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་ཡུལ་གཞན་ལ་གནས་སྤོར་བྱས་པའི་བདེ་འགོད་གཞིས་ཁུལ་དུ་ཏང་རྩ་འཛུགས་བཙུགས་པ་དང་། ཆོས་དཔལ་ཚེ་རིང་གིས་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁུར།

ཆོས་དཔལ་ཚེ་རིང་གིས་བཤད་རྒྱུར། “ང་ཚོས་བདེ་འགོད་ཁུལ་དང་བདེ་ལེགས་སྡེ་ཁུལ་ནས་སོ་སོར་ཕུལ་བྱུང་ཏང་ཡོན་གཉིས་བདམས་ཏེ་དཔུང་སྡེ་བཙུགས་པ་ཡིན”ཟེར།

ཡིན་ཡང་སྐྱིད་ནེ་ལྟ་བུའི་གནས་ཚུལ་ལ་མཚོན་ན། ཏང་ཀྲི་པུའུ་ལ་སེམས་ཡོད་ཀྱང་ཤུགས་འདོན་ཐབས་བྲལ་བ་ཞིག་རེད། ཐེངས་ཤིག་སྲང་ལམ་དུ་ཕྱིན་པའི་སྐབས་སུ། ཏང་ཀྲི་པུའུ་ཡི་ཁོངས་མི་དོན་གྲུབ་ཀྱིས་སྲང་འགྲམ་དུ་མཆོད་མེ་མང་པོ་འཚོང་བཞིན་པ་མཐོང་ཞིང་། དེ་མུར་ཁོའི་སེམས་སུ“ཁོ་ཚོས་ལུས་ཤུགས་ཀྱི་ངལ་རྩོལ་མི་ནུས་ན། ཁྱིམ་དུ་བསྡད་ནས་སྡོང་རས་ལས་ཆོག་ལ། ང་ཚོས་ཁོ་ཚོར་ཕྱིར་འཚོང་རོགས་བྱེད་ཆོག”ཅེས་སྙམ་བྱུང་།

བསམ་ཚུལ་དེར་ཚང་མས་ཁས་ལེན་ཐོབ་པ་དང་། དེ་ནས་མྱུར་བ་མྱུར་དུ་འགུལ་སྐྱོད་བྱས་ཏེ་སྡོང་རས་ལས་པའི་རྒྱུ་ཆ་རྩི་ཏོ་དང་སྲིང་བལ། གསེར་ཤོག་བཅས་སྐྱིད་ནེ་སོགས་འབྲོག་ཁྱིམ་བཅུ་དྲུག་ཏུ་བསྐྱལ་ནས། ཁོ་ཚོར་བློ་བདེ་སེམས་བདེ་ངང་རང་ཁྱིམ་དུ་སྡོང་རས་ལས་སུ་བཅུག་པར་མ་ཟད། སྡོང་རས་གཅིག་ལས་ན་སྒོར་ཟུར་གཅིག་གི་ཡོང་སྒོ་ཡོད་པར་བཤད།

ཕྱོགས་གཞན་ཞིག་ནས། དོན་གྲུབ་ལ་ཡང་ཁོམ་ལོང་མེད་པར་བྲེལ་འཚུབ་ཀྱིས་ཁེངས་པ་དང་། ལས་ཚོགས་གྲོལ་རྗེས་ཁོ་རང་རྒྱ་སྲང་དུ་སོང་ནས་སྡོང་རས་བཙོང་སའི་ཚོང་ཁང་དང་སྦྱིན་བདག་བཙལ་ཞིང་། ཁོའི་འབད་བརྩོན་འོག སྡོང་རས་འཚོང་བའི་ཐབས་ལམ་ཡང་རྙེད་བྱུང་།

གཟའ་འཁོར་གཅིག་གི་རྗེས་སུ། དོན་གྲུབ་དང་ལས་གྲོགས་ཚོ་སྐྱིད་ནེ་ཚང་དུ་སོང་ནས། སྡོང་རས་སྟོང་གསུམ་དང་ལྔ་བརྒྱ་ཅོག་ཙེ་སྟེང་གྲལ་དག་གིས་བཞག་པ་དང་། དོན་གྲུབ་ཀྱིས་ཀྱང་དམ་བཅའ་མངོན་འགྱུར་བྱས་ཏེ་སྒོར་མོ་སུམ་བརྒྱ་ལྔ་བཅུ་སྐྱིད་ནེ་ཡི་ལག་ཏུ་སྤྲད།

དངུལ་སྒོར་ལག་ཏུ་སོན་པའི་སྐྱིད་ནེ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར།“ཁྱིམ་ནས་སྒོར་མོ་བཙལ་ཐུབ་པ་ནི་ཡིད་ལ་ཡང་དྲན་མ་མྱོང་། རྗེས་ཕྱོགས་ངས་ལའོ་ཏིན་ཁྲིད་ནས་མཉམ་དུ་སྡོང་རས་ལས་རྒྱུ་ཡིན་ཟེར།”

ས་གནས་གཞན་དུ་གནས་སྤོར་བྱས་པའི་བདེ་འགོད་ཁུལ་གྱི་འབྲོག་པ་ཚོའི་སེམས་འདུན་མངོན་འགྱུར་བྱུང་མོད། འོན་ཀྱང་དོན་གྲུབ་དང་ཁོ་ཚོའི་བྱ་བའི་ལས་འགན་ཇེ་ལྗིད་དུ་སོང་།

དོན་གྲུབ་ཀྱིས་བཤད་རྒྱུར། “ཚང་མར་བརྩོན་སེམས་བསྐྱེད་པ་དང་བསྟུན། རྒྱུ་ཆའི་དགོས་མཁོ་ཡང་ཇེ་མང་དུ་སོང་བ་དང་། ད་ལྟ་ང་ཚོས་གཟའ་མཇུག་རེར་མི་རྩ་འཛུགས་བྱས་ཏེ་ཉེ་འཁོར་གྱི་རི་མགོར་སོང་ནས་རྩི་དོ་འཐུ་བཞིན་ཡོད། དཀའ་ཚེགས་ཆེ་རུང་། སྐྱིད་ནེ་དང་ཁོ་ཚོའི་གདོང་གི་འཛུམ་མདངས་མཐོང་ཚེ་འབད་བརྩོན་བྱས་པར་གྲུབ་འབྲས་ལྡན་པ་ཞིག་རེད”ཅེས་བཤད།

སྡོང་རས་གཅིག་གིས་འོད་གསལ་བའི་མཆོད་མེ་རེ་རེ་སྦར་བ་དང་། གསར་སྐྲུན་གྱི་ལག་ལེན་ཐེངས་ཤིག་གིས་འོད་སྣང་སྦྱིན་པ་ནི་ཡུལ་གཞན་ལ་གནས་སྤོར་བྱས་པའི་བདེ་འགོད་ཁུལ་གྱི་འབྲོག་ཁྱིམ་བཅུ་དྲུག་གི་འཚོ་བ་གསར་པ་དེ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། གཡུ་དགེ་གྲོང་རྡལ་གྱིས་དམངས་ཀྱི་གནས་ཚུལ་བཅར་འདྲི་དང་དམངས་ཀྱི་དཀའ་ཁག་བསལ་བ། འཆམ་མཐུན་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་ཧུར་ཐག་གིས་སྤེལ་ཏེ། དུས་ཐོག་ཏུ་མང་ཚོགས་ཀྱི་དགོས་འདོད་དང་རེ་འདུན་རྒྱུས་ལོན་བྱས་པ་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ནུས་ཤུགས་གང་ཡོད་ཀྱིས་ཐག་གཅོད་བྱས་ཏེ། སྔོན་དུ“འཁྱག་དུས་གོས”དང་རྗེས་སུ“ཡག་ཐོག་རྒྱན་བརྩེགས”བྱས། མིག་སྔའི་བར་དུ། གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མས་བསྡོམས་པས་དམངས་ལ་དོན་དངོས་སྒྲུབ་པའི་བྱ་འགུལ་ཐེངས་སྟོང་གཅིག་ལྷག་སྤེལ་བ་དང་། ཁོར་ཡུག་བཅོས་སྐྱོང་ཐེངས་སུམ་བརྒྱ་ལྷག་དང་།  དབུལ་ཕོངས་མི་སྣར་བསྡོམས་པས་དབུལ་སྐྱོར་ཐེངས་བརྒྱ་དང་ལྔ་བཅུ་ལྷག སློབ་རོགས་དབུལ་སྐྱོར་ཐེངས་ལྔ་བཅུ་ལྷག་བཅས་སྤེལ་བ་རེད།

                                               རྩོམ་སྒྲིག་པ། གཡང་འབུམ་རྒྱལ།