རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་བསྒྲུབས་པའི་དོན་དངོས་བཅུ།
2022.03.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

 ཉེ་ལམ།  2021ལོའི་ལོ་འཁོར་གྱི་རྒྱལ་ཡོངས་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་པེ་ཅིན་དུ་འཚོགས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའམ་རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁྲེན་དབྱི་ཞིན་གྱིས2021ལོའི་ལོ་འཁོར་གྱི་རྒྱལ་ཡོངས་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཁྲོད་བསྒྲུབས་པའི“དོན་དངོས་བཅུ”ལེགས་འགྲུབ་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཁྲེན་དབྱི་ཞིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2021ལོའི་ཟླ4པར། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་སྤེལ་འགོ་རྩོམ་པའི་ལོར“དོན་དངོས་བཅུ”ལེགས་པོར་བསྒྲུབ་པའི་བླང་བྱ་བཏོན་པ་དང་། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཉམ་དུ་དམག་འཐབ་དང་དཀའ་ངལ་ཁྱད་གསོད་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། སྤྱི་ཚོགས་ཡོངས་ལ་ནག་འཇོམས་ངན་སེལ་ནམ་ཡང་བྱེད་སྒང་ཡིན་པའི་བརྡ་རྟགས་གསལ་པོ་བཏང་བ་དང་། སྤྱི་ཚོགས་བདེ་སྲུང་གི་གནས་བབ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བའི་རྣམ་པར་སྐུལ་སློང་ནུས་ལྡན་བྱས་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་སྔར་ལས་ཆེ་རུ་སོང་ཡོད།

བྲོས་བྱོལ་པ་མང་ཆེ་བ་འཛིན་བཟུང་བྱས་པ།

རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མཇུག་བསྒྲིལ་རྗེས། ནག་འབྲེལ་ངན་འབྲེལ་གྱི་བྲོས་བྱོལ་ཉེས་ཅན་ཁ་ཤས་ཤིག་ད་རུང་འཛིན་བཟུང་བྱེད་ཐུབ་མེད་པའི་གནས་ཚུལ་སྔར་བཞིན་གནས་ཡོད་པ་རེད། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་བྲོས་བྱོལ་པ་འཛིན་བཟུང་བྱ་རྒྱུ་དེ་དོན་དངོས་བཅུའི་ནང་གི་དང་པོར་བཞག་ཡོད་པ་དང་། 2021ལོའི་ཟླ12པའི་ཚེས26ཉིན་བར། བྲོས་བྱོལ་པ680ལས610འཛིན་བཟུང་བྱས་པས། འཛིན་བཟུང་བྱས་པའི་ཚད89.7%ལ་སླེབས་ཤིང་།  དེའི་ནང་གི214ཡིས་རང་ཉེས་ངོས་ལེན་བྱས་པ་རེད།

ཁུངས་སྣེ་གལ་ཆེན་ལ་ཞིབ་བཤེར་བྱེད་པའི་ཐད་ནས་འཕེལ་རྒྱས་གསར་པ་བྱུང་བ།

མང་ཚོགས་ཀྱིས་གཏུག་བཤེར་བྱེད་པའི་གནས་ཚུལ་སྔར་བཞིན་མང་ཞིང་། གཏུག་བཤེར་ཁུངས་སྣེ་ཁ་ཤས་ཤིག་ལ་ཞིབ་བཤེར་ཟབ་མོ་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་ཁུངས་སྣེ་གལ་ཆེན114ལ་ཐད་ཀར་ཞིབ་བཤེར་བྱས་ཚར་བ་དང་། ནག་འབྲེལ་རྩ་འཛུགས164དང་ངན་འབྲེལ་ཉེས་བསགས་ཚོགས་པ1018མེད་པར་བཟོས་པ། ཉེས་བསགས་དོགས་ཡོད་མི་སྣ་ཁྲི་གཅིག་སྟོང་བཞི་འཛིན་བཟུང་བྱས་པས། ནག་འབྲེལ་ཉེས་བསགས་ཀྱི་མྱུ་གུ་མ་འབུས་གོང་ནས་རྡུང་རྡེག་གཏོང་བའི་མཐོ་གནོན་གནས་བབ་སྲུང་འཛིན་བྱས།

“སྲུང་གདུགས”སྐོར་ཞིག་རྩད་བཅད་དེ་ཐག་གཅོད་བྱས་པ།

“སྲུང་གདུགས”རྩད་གཅོད་པ་དང་སྲིད་ཁྲིམས་དམག་དཔུང་ལ་སློབ་གསོ་དག་ཐེར་བྱས་ཏེ“ས་བཤིག་པའི་ཨ་བྲ་དང་སྡེ་བཤིག་པའི་ཆོམ་རྐུན”མེད་པར་བཟོ་བ་གཉིས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་། ཁུངས་སྣེ་མཉམ་དུ་རྩད་གཅོད་པ་དང་གྱོད་དོན་མཉམ་དུ་སྒྲུབ་པ། ལྟ་སྐུལ་སློབ་སྟོན་མཉམ་དུ་བྱེད་པ་སོགས་བྱས་ཏེ། ཆེད་དོན་འཐབ་རྩོད་ཀྱི་སྐབས་སུ་ནག་ཕྱོགས་ཡོད་ལ་སྲུང་གདུགས་མེད་པ་དང་ཞིབ་བཤེར་ཟབ་མོ་བྱེད་མ་ཐུབ་པའི་ནག་འབྲེལ་ངན་འབྲེལ་གྱོད་དོན་རྣམས་ལ་ཡང་བསྐྱར་མགོ་ནས་རྩད་གཅོད་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་། 2021ལོར་བསྡོམས་པས་ནག་འབྲེལ་ངན་འབྲེལ་དང་རུལ་སུངས། དེ་མིན་ད་རུང་སྲུང་གདུགས་བཅས་དང་འབྲེལ་བའི་གནད་དོན9931རྩད་གཅོད་བྱས་པ་དང་།  དེའི་ནང་གི་མི9569ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པ་དང་མི1037ཁྲིམས་འཛིན་ལས་ཁུངས་ལ་སྤྲད།

གསོག་འཇོག་བྱས་ཡོད་པའི་གྱོད་དོན་ཚང་མ་ཕལ་ཆེར་ཁྲིམས་ལྟར་ཐག་བཅད་པ། 2021ལོའི་ཟླ12པའི་ཚེས20ཉིན་བར། རྒྱལ་ཡོངས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་མཇུག་བསྒྲིལ་རྗེས་གསོག་འཇོག་བྱས་ཡོད་པའི་གྱོད་དོན་ཐག་བཅད་ཚད99.3%ལ་སླེབས་པ་དང་། 2021ལོའི་ཚུན་ལ་བསྡོམས་པས་གྱོད་འབྲེལ་རྒྱུ་ནོར་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་བརྒྱད་དུང་ཕྱུར་དགུ་ལྷག་ལག་བསྟར་བྱས་པས། ཆབ་སྲིད་ཀྱི་གྲུབ་འབྲས་དང་བཅའ་ཁྲིམས་ཀྱི་གྲུབ་འབྲས། སྤྱི་ཚོགས་ཀྱི་གྲུབ་འབྲས་བཅས་ལེགས་པོ་ཐོབ་ཡོད།

ཆ་རྐྱེན་དང་མི་མཐུན་པའི་མི་ཁྲི་དགུ་སྟོང་གསུམ་གྱི་འདེམས་ཞུགས་ཐོབ་ཐང་མེད་པར་བཟོས་པ།

ས་གནས་སོ་སོས་སྡེ་བའི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་གཅིག་བསྡུས་སྐབས་བརྗེའི་གོ་རིམ་ཁྲོད། “ཨུ་ཡོན་ལྷན་ཁང་གཉིས”ཀྱི་མི་སྣར་མཉམ་འབྲེལ་ཞིབ་བཤེར་བྱེད་པའི་ལམ་ལུགས་དངོས་འབེབས་གཟབ་ནན་དང་། འདེམ་སྒུག་མི་སྣའི་ལྡོག་ཕྱོགས་གནས་ཚུལ་ཞིབ་རྒྱས་སུ་གཏོང་བ། སྡེ་བའི་ནང་གི་བཙན་དབང་ཅན་དང་ནག་འབྲེལ་ངན་འབྲེལ་སོགས་ཀྱི་གནད་དོན་གཙང་སེལ་བཅས་བྱས་ཏེ། བསྡོམས་པས་ཆ་རྐྱེན་དང་མི་མཐུན་པའི་མི་ཁྲི་དགུ་སྟོང་གསུམ་གྱི་འདེམས་ཞུགས་ཐོབ་ཐང་མེད་པར་བཟོས།

ལས་རིགས་བཞི་དག་ཐེར་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཆ་འཕྲིན་དྲ་རྒྱའི་ལས་རིགས་ཀྱི་ཕྱོགས་ནས། 2021ལོའི་ཟླ11པའི་ཟླ་མཇུག་བར། བསྡོམས་པས་ཆ་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་གྱོད་དོན37རྩད་ཆོད་པ་དང་། ཉེས་བསགས་དོགས་ཡོད་མི་སྣ་འབུམ་ལྔ་ཁྲི་བཞི་སྟོང་དགུ་འཛིན་བཟུང་བྱས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཕྱོགས་ནས། ཟུང་སྐྱེལ་ཁ་ལོ་པར་རྙོག་དྲ་བཟོ་བ་དང་བསྙད་འདོགས་རྒྱུ་འཕྲོག་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཞིང་། བཟོ་འགོད་འཛུགས་སྐྲུན་ལས་རིགས་ཀྱི་ཕྱོགས་ནས། བཙན་ཤེད་ཀྱིས་ཨར་ལས་སྒྲུབ་པ་དང་སྒྲིག་སྲོལ་དང་འགལ་ནས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁུངས་སྣེ་འབུར་ཐོན7800ལྷག་རྩ་འཛུགས་སྒོས་ཞིབ་བཤེར་ཐག་གཅོད་བྱས།  རང་བྱུང་ཐོན་ཁུངས་ལས་རིགས་ཀྱི་ཕྱོགས་ནས།“བྱེ་མའི་བཙན་དབང་ཅན”དང“གཏེར་ཁུངས་ཀྱི་བཙན་དབང་ཅན”སོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། 2021ལོར་བསྡོམས་པས་རང་བྱུང་ཐོན་ཁུངས་ཀྱི་ཁྱབ་ཁོངས་དང་འབྲེལ་བའི་ནག་ཚོགས121རྩ་མེད་དུ་བཏང་ཞིང་། ཉེས་བསགས་དོགས་ཡོད་མི་སྣ2500ལྷག་འཛིན་བཟུང་བྱས།

སྒོ་བྱང་བཀལ་ནས་སྐུལ་སྒྲུབ་བྱེད་པའི་གྱོད་གཞི་གལ་ཆེན་ལ་ཐོད་བརྒལ་ཆེན་པོ་བྱུང་བ།  གྱོད་གཞི་སུམ་ཅུ2021ལོའི་རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་སྒོ་བྱང་བཀལ་ནས་སྐུལ་སྒྲུབ་བྱེད་པའི་གྱོད་གཞི་གལ་ཆེན་དུ་བརྩིས་ཏེ། ཐག་གཅོད་བྱེད་མི་ཐུབ་པ་དང་ཐག་གཅོད་བྱེད་དཀའ་བའི་གྱོད་གཞི་སྐོར་ཞིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། མིག་སྔར་སྒོ་བྱང་བཀལ་བའི་གྱོད་གཞི30ཡི་ཁྲོད་ཀྱི་གྱོད་གཞི་བཞི་ཐག་གཅོད་བྱས་ཟིན་པ་དང་། གྱོད་གཞི་བདུན་ཞིབ་བཤེར་ཞུ་གཏུག་བྱས་ཤིང་། གྱོད་གཞི་བཅུ་དགུ་རྩད་གཅོད་བྱེད་ཀྱིན་པའི་སྒང་ཡིན། དེའི་ནང་དུ་ཀྲང་ཅུན་རྨིན་ནག་འབྲེལ་གྱོད་གཞིའི་ཉེས་བསགས་དོགས་ཡོད་མི་སྣ77འཛིན་བཟུང་བྱས་པ་དང་། ཧྲིན་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཟུར་པའམ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཟུར་པ་དབྱང་ཅན་ཅུན་སོགས་ཀྱི“སྲུང་གདུགས”བརྒྱད་ཅུར་ཞིབ་བཤེར་ཐག་གཅོད་བྱས་ཤིང་།  ཐའོ་ཀོ་ནག་འབྲེལ་གྱོད་གཞིའི་ཉེས་བསགས་དོགས་ཡོད་མི་སྣ70འཛིན་བཟུང་བྱས་པ་དང་། ནག་འབྲེལ་མ་དངུལ་སྒོར་དུང་ཕྱུར་གསུམ་རྩད་གཅོད་དང་ཚོད་འཛིན་བྱས་པ་རེད།

ས་གནས་དང་གྲོང་ཁྱེར་གཙོ་བོར་བསྡད་དེ་ལྟ་སྐུལ་མཛུབ་སྟོན་དང་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ།

རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་མངགས་ནས་ས་གནས་དང་གྲོང་ཁྱེར32སུ་བཅའ་སྡོད་བྱས་ཏེ། མཛུབ་སྟོན་དང་ལྟ་སྐུལ་བྱེད་ཚད་ཆེ་རུ་བཏང་། མིག་སྔར། གཙོ་གནད་ས་ཁུལ་གྱི་བྱ་བ་ཡོངས་རྫོགས་ལ་ཐོད་བརྒལ་བྱུང་བ་དང་། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐོབ་ཡོད།

ནག་འཇོམས་ངན་སེལ་གྱི་སྔོན་ཐོན་དཔེ་མཚོན་མང་པོ་བྱུང་བ།

2021ལོའི་ཟླ3པར། རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཕྱོགས་བསྡུས་གཟེངས་བསྟོད་ཚོགས་ཆེན་སྟེང་སྔོན་ཐོན་ཐུན་མོང197དང་། སྔོན་ཐོན་ལས་བྱེད་མི་སྣ540ལ་གཟེངས་བསྟོད་བྱས། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྟེང་གི་དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་། བདེ་འཇགས་ཀྲུང་གོ་སྐྲུན་པའི་གཟེངས་བསྟོད་ཚོགས་ཆེན་དང་ཟུང་འབྲེལ་བྱས་ཏེ།  མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་མཐོ་ཞིང་།  སློབ་སྦྱོང་དང་ཟུར་ལྟ། ཁྱབ་གདལ་བཅས་སུ་གཏོང་རིན་ཡོད་པའི་སྔོན་ཐོན་དཔེ་ལེགས་མིག་དཔེ་སྐོར་ཞིག་གསར་དུ་བདམས་ཏེ་གཟེངས་བསྟོད་བྱས་པར།  ངར་སེམས་དང་སྐུལ་མ་ཆེན་པོ་ཐེབས།

“ནག་འཇོམས་རླུང་འཚུབ”སོགས་ཀྱི་གློག་བརྙན་དང་བརྙན་འཕྲིན་མང་པོ་ཞིག་ཇུས་འགོད་དང་ཕབ་སྐྲུན་བྱས་པ།

ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་དྲ་ཐོག་འགྲེམ་སྟོན་ཁང་བཙུགས་པ་དང་།《ནག་འཇོམས་ངན་སེལ་ནི་རྒྱལ་བདེ་དམངས་སྐྱིད་ཡོང་བའི་ཆེད་དུ་ཡིན》ཅེས་པའི་སྲིད་དོན་དཔྱད་གླེང་གློག་བརྙན་དང་། 《ནག་འཇོམས་ཐག་གཅོད་དམག་འཐབ》དང《ནག་འཇོམས་རླུང་འཚུབ》སོགས་ཀྱི་བརྙན་འཕྲིན་འཁྲབ་ཚན་ཇུས་འགོད་དང་ཕབ་སྐྲུན་བྱས་ཤིང་། ཀྲུང་དབྱང་སྲིད་ཁྲིམས་ཀྱི་སྡེ་ཁག་དང་ས་གནས་སོ་སོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་འཕེལ་རིམ་དུས་ཐོག་ཏུ་ཁྱབ་སྒྲོག་བྱས་པར། མི་དམངས་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ཇུས་ཆོད་ནི་ཡང་དག་ལ་མཁས་མཛངས་ལྡན་པ་ཞིག་རེད་ཅེས་བསྟོད་པའི་མཐེ་བོང་བསྒྲེངས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།