དམངས་དོན་དུ་དུས་ནམ་ཡང་རང་འགན་ལྷུར་ལེན་བྱེད།
2022.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཐུན་རིན་གྲོང་ཁྱེར་རང་འབབ་ཆུའི་ཀུང་སིའི་ལས་བཟོ་བ་ཤ་བོ་སྒྲོལ་མའི་གནས་ཚུལ་བཀོད་པ།

ང་ནི་གཞི་རིམ་ནས་ཡོང་བའི་འཐུས་མི་ཞིག་ཡིན་ཞེས་པ་དེ་ནི་ཤ་བོ་སྒྲོལ་མས་དུས་རྒྱུན་དུ་གླེང་བའི་སྐད་ཆ་ཞིག་རེད། ཁོ་མོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འགན་ཁུར་ནས་ལོ་ལྔ་འགོར་ཡོད་མོད། འོན་ཀྱང་རང་འབབ་ཆུའི་ཀུང་སིའི་ལས་བཟོ་བ་ཞིག་ཡིན་པའི་ཆ་ནས་ཁོ་མོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ནི་གཞི་རིམ་དུ་ལས་ཀ་དང་འཚོ་བ་རོལ་བཞིན་པའི་ལས་བཟོ་བ་དཀྱུས་མ་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་ཡོད་པས། ཁོ་མོས་དུས་རྒྱུན་གྱི་འཐུས་མིའི་འགན་འཁྲི་སྒྲུབ་པའི་སྐབས་སུའང་བྱ་བ་གང་ཞིག་ཡིན་རུང་ནུས་ཤུགས་ཡོད་དགུ་བཏོན་ནས།   མང་ཚོགས་ཀྱི་བསམ་ཚུལ་དང་རེ་བ། རེ་སྒུག་བཅས་མཚོན་པར་བྱེད་ཀྱིན་ཡོད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ཤ་བོ་སྒྲོལ་མས་སྤོབས་པ་ཆེན་པོས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲི་དང་དུ་ལེན་པའི་རྣམ་པ་གཙོ་བོ་ནི་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་འདོན་རྒྱུ་དེ་ཡིན་པས།  ནམ་རྒྱུན་ཁོམ་དུས་སུ་ངས་དུས་ཚོད་དང་སེམས་ཤུགས་གང་མང་སྤྱད་ནས་རླུང་འཕྲིན་དང་གསར་འགྱུར་ལ་ཉན་པ་དང་། སྐད་གསངས་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀློག་འདོན་བྱེད་པའམ་ཡང་ན་ཚགས་པར་སྣ་ཚོགས་ཀློག་པ་བཅས་བྱས་ཏེ། སྤྱི་སྐད་སློབ་པ་ཡིན་ལ། ཁྱིམ་མི་ཚོས་བཤད་པ་ལྟར་ན་མཚན་མོར་གཉིད་གོང་ནས་ཀྱང་ངས་སྤྱི་སྐད་བཤད་ཀྱིན་འདུག་ཟེར། སྤྱི་སྐད་སློབ་པ་ནི་འཐུས་མའི་འོས་འགན་ལེགས་པར་སྒྲུབ་པའི་ཆེད་དུ་ཡིན། ཡིན་ན་ཡང་མོས་རང་གི་འབད་འཐབ་དེ་ལས་ད་རུང་མི་འདང་བ་གསལ་བོར་ཤེས་ཡོད།

ལོ་ལྔའི་སྔོན་ལ་ཐོག་མར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིར་བདམས་ཐོན་བྱུང་དུས་ཉེ་འཁོར་གྱི་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རྟེན་འབྲེལ་ཞུས་པ་དང་རང་ཉིད་ཀྱང་དགའ་སྤྲོ་ཆེན་པོ་སྐྱེས། ཡིན་ན་ཡང་།  ལོ་ལྔའི་རྗེས་ཀྱི་དེ་རིང་བསམ་བློ་རེ་བཏང་ན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞེས་པ་ནི་མིང་ཙམ་མ་ཡིན་པར་དེ་ཡིས་རང་སྟེང་ན་འགན་འཁྲི་ཆེན་པོ་ཞིག་ཡོད་པ་མཚོན་ལ། དེ་ནི་དཔོན་གནས་དང་ཐོབ་ཐང་ཞིག་མིན་ལ་གླ་ཕོགས་ཀྱང་མེད་དེ། དམངས་ཚོགས་ཀྱི་སེམས་འདུན་གོང་རིམ་ལ་སྙན་ཞུ་བྱེད་པའི་འགན་འཁྲི་དང་། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ཧུར་ཐག་ངང་བརྒྱུད་སྤྲོད་བྱེད་པའི་འོས་འགན་ལྕི་མོ་ཞིག་ཡིན།

ཤ་བོ་སྒྲོལ་མའི་ཕ་ཡུལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིན་ལ། དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ཁོ་མོའི་ལས་རིགས་ཀྱང་ཆུ་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ཁོ་མོས་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ཁོ་མོས་བཤད་པ་ལྟར་ན་ང་ཚོ་ནི་ཆུ་བོའི་འགོ་ཁུངས་སུ་གནས་པའི་མི་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་མཁན་ཞིག་ཡིན་པའི་ངོས་ནས། རང་ཉིད་དང་ཆུ་བོའི་དབུས་སྨད་རྒྱུད་ཀྱི་མི་ཚང་མར་ཆུ་གཙང་མ་འཐུང་ཐུབ་པར་འགན་ལེན་བྱེད་དགོས། དེར་བརྟེན། ཁོ་མོས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་གཏམ་བཤད་སྤེལ་སྐབས་སྐྱེ་ཁམས་སྲུང་སྐྱོབ་ཆེད་དུ་སྐད་གསང་མཐོན་པོས་སྒྲོག་པ་ཆབས་ཅིག  འབད་བརྩོན་ཆེན་པོས་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་པ་དང་།  བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་སྟེང་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་པ་རེད།

ན་ནིང་བསྡུས་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་སྟེང་། ངས་ཚོགས་ཆེན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཧི་ནན་སོག་རིགས་བོད་རིགས་རང་སྐྱོང་རྫོང་གི་རྨ་ཆུའི་སྐྱེ་ཁམས་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་གྲོས་གཞི་ཕུལ་པར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མཐོང་ཆེན་ཚད་མཐོན་པོ་གནང་བར་མ་ཟད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་གཞི་གལ་ཆེན་དུ་བཞག་ནས་སྐུལ་སྒྲུབ་བྱས་པ་དང་།   མིག་སྔར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་དེའི་སྐོར་གྱི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་ཀྱིན་ཡོད་པ་རེད། དེ་ལས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་རང་འགན་ལེགས་པོར་སྒྲུབ་པའི་བརྩོན་སེམས་ཀྱང་སྔར་ལས་ཆེ་རུ་ཕྱིན་སོང་ཞེས་ཤ་བོ་སྒྲོལ་མས་དགའ་སྤྲོས་ངང་དེ་ལྟར་བཤད་བྱུང་།

ཡང་ལོ་གཅིག་གི་ཟླ་གསུམ་པའི་ནང་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་སྐབས། པེ་ཅིན་དུ་འཁྱེར་རྒྱུའི་གྲོས་གཞི་གྲ་སྒྲིག་ཡག་པོ་བྱ་ཆེད། ཤ་བོ་སྒྲོལ་མས་སྔ་མོ་ནས་བརྟག་ཞིབ་ལས་དོན་སྤེལ་འགོ་བརྩམས་པ་དང་། ན་ནིང་ལོ་མཇུག་ཏུ་ཁུལ་གྱི་འགོ་ཁྲིད་དང་མཉམ་དུ་གཅན་ཚ་རྫོང་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས།   གཅན་ཚ་ས་ཁུལ་གྱི་གྲོག་རོང་འཕྲེད་གཞུང་དུ་གནས་བ་དང་ས་ཆུ་ཤོར་བ་ཚབས་ཆེ་བས། རྫོང་ཁོངས་ཀྱི་སྔོ་རྒྱ་འགག་སོགས་ཆུ་མཛོད་བཞི་བོར་དུས་བཀག་ལྟར་གཙང་སེལ་བྱེད་དགོས་པ་རེད། གལ་ཏེ་དུས་ཐོག་ཏུ་གཅན་ཚ་མངའ་ཁོངས་ཀྱི་རྨ་ཆུའི་འབབ་རྒྱུད་དང་སྐྱེ་ཁམས་ལ་ཕྱོགས་བསྡུས་བཅོས་སྐྱོང་མ་བྱས་ན།  རྨ་ཆུའི་གཅན་ཚ་རྫོང་གི་དུམ་མཚམས་དང་སྣང་རའི་དུམ་མཚམས་ཀྱི་ཆུ་ལོག་སྔོན་འགོག་དང་ཡུར་ཆུའི་སྐྱེ་ཁམས་གནས་བབ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་དེས་རྨ་ཆུའི་འབབ་རྒྱུད་ཀྱི་གཅན་ཚའི་དུམ་མཚམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སྲིད་པ་མ་ཟད། རྨ་ཆུའི་འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་ཤེས་རྟོགས་བྱུང་།  ཤ་བོ་སྒྲོལ་མས་གཟབ་ནན་སྒོས་ངས་ངེས་པར་དུ་གནད་དོན་ཇི་ལྟར་ཐག་གཅོད་པའི་ཐབས་ཤིག་རྙེད་དགོས་ཞེས་དེ་ལྟར་བཤད།

དེར་བརྟེན་ངས་སླར་ཡང་ཁུལ་དང་རྫོང་གི་ལས་ཁུངས་མང་པོར་བཅར་འདྲི་བྱས་པ་དང་ད་དུང་དྲ་ཐོག་ནས་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་དང་།  ཆེད་མཁས་པ་དང་ཉེ་འཁོར་གྱི་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་ཡིན། བརྟག་དཔྱད་ཞིབ་འཇུག་མང་པོ་བྱས་པའི་རྨང་གཞིའི་ཐོག་ངས་ད་ལོར་ཚོགས་ཆེན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྨ་ཆུའི་འབབ་རྒྱུད་ཀྱི་གཅན་ཚའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་གནང་བའི་སྐོར་གྱི་གྲོས་གཞི་ཞིག་འབུལ་རྩིས་ཡོད་ཟེར།

ཟླ2ཚེས27ཉིན་པེ་ཅིན་དུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་མ་ཞུགས་གོང་གི་མཐའ་མའི་གཟའ་ཉི་མར་ཤ་བོ་སྒྲོལ་མས་ཁྱིམ་གྱི་ལས་ཀ་མཐའ་དག་བཞག་ནས་རང་ཉིད་གཅིག་པུ་སྤྱི་ལེ་ཉིས་བརྒྱ་ལྷག་ཙམ་གྱི་ལམ་ཐག་བརྒྱུད་ནས་རྩེ་ཁོག་རྫོང་དུ་སོང་བ་དང་། ས་གནས་མང་ཚོགས་དང་གཞི་རིམ་ནགས་ལས་སྡེ་ཁག་གི་བློ་མཐུན་དང་མཉམ་དུ་གླེང་མོལ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ།  གྲོས་གཞིའི་འབྲེལ་ཡོད་གནས་ཚུལ་ལ་ཡང་བསྐྱར་ཡུལ་དངོས་ནས་དུས་ཐོག་ཏུ་བརྟག་ཞིབ་དང་ཞིབ་བསྡུར་བྱས་པ་རེད། གཞི་རིམ་ནས་ཡོང་བའི་འཐུས་མི་ཞིག་ཡིན་པའི་ངོས་ནས་གཞི་རིམ་གྱི་སེམས་འདུན་མཚོན་གང་ཐུབ་བྱེད་རྒྱུ་ནི་ངའི་འགན་འཁྲི་ཡིན།  གལ་ཏེ་འཐུས་མི་ཉིན་གཅིག་བྱས་ན་ངས་ཉིན་གཅིག་གི་འགན་འཁྲི་འཁུར་རྒྱུ་དང་། དམངས་དོན་དུ་འགན་འཁྲི་ལྷུར་ལེན་བྱེད་རྒྱུ་ཡིན་ཞེས་བཤད་སྐབས།     ཤ་བོ་སྒྲོལ་མའི་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་འདུག

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་སྒྲོལ་མ་རྒྱལ།