མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་གསར་འགོད་པའི་དྲི་བར་ལན་བཏབ་པ།
2022.03.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

ཟླ3པའི་ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། གྲོས་ཚོགས་མ་འཚོགས་གོང“འཐུས་མིའི་བགྲོད་ལམ”ཞེས་པའི་བཅར་འདྲི་ཐོག་མ་བྱས།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས། ངས་མཚོ་སྔོན་ནས་ཕེབས་པའི་འཐུས་མི་ཤ་བོ་སྒྲོལ་མར་བཀའ་འདྲི་ཞིག་ཞུ། འཐུས་མི་སྒྲོལ་མ་ལགས། སྐུ་ཁམས་བཟང་།  ང་ཚོས་ཤེས་གསལ་ལྟར།  མཚོ་སྔོན་ལ“ཀྲུང་ཧྭའི་ཆུ་མཛོད”ཅེས་འབོད་ཀྱིན་ཡོད་པ་དང་།  ཁྱེད་རང་གི་བྱ་བ་ཡང་ཆུ་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་བས་ཁྱེད་རང་གི་བྱ་བ་དང་ཟུང་འབྲེལ་བྱས་ནས་འདས་ཟིན་པའི་ལོ་འགའི་ནང་ཕ་ཡུལ་མི་དམངས་ཀྱིས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱས་པའི་ཐད་ཀྱི་གནས་ཚུལ་ཅུང་ཟད་གླེང་ན་ཅི་འདྲ་རེད་ཅེས་དྲིས་པར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་རང་འབབ་ཆུ་ཀུང་སིའི་ལས་བཟོ་པ་ཤ་བོ་སྒྲོལ་མས་བཤད་རྒྱུར། ངའི་མིང་ལ་ཤ་བོ་སྒྲོལ་མ་ཟེར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་ལ། རང་འབབ་ཆུ་ཀུང་སིའི་ལས་བཟོ་པ་དཀྱུས་མ་ཞིག་ཀྱང་ཡིན། ང་ཚོའི་རང་འབབ་ཆུ་ཀུང་སིའི་འགན་འཁྲི་ནི་མང་ཚོགས་ལ་བློ་བདེ་བའི་ཆུ་འཐུང་རྒྱུ་ཡོད་པར་བྱ་རྒྱུ་དེ་ཡིན། སྔོན་ཆད་རང་བྱུང་གི་ཆ་རྐྱེན་ཞན་པའི་དབང་གིས་ང་ཚོའི་ས་ཆ་ཁ་ཤས་སུ་ད་དུང་འཐུང་ཆུ་དཀོན་པའི་གནད་དོན་ཡོད་མོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ད་སྐབས་ཁྱིམ་ཚང་ཚང་མས་བློ་བདེ་བའི་འཐུང་ཆུ་སྤྱོད་ཀྱིན་ཡོད།

ཚང་མས་ཤེས་གསལ་ལྟར། ང་ཚོ་མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པས། “ རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཅེས་འབོད་ཀྱིན་ཡོད། ངའི་ཕ་ཡུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ཆུའི་འགོ་ཁུངས་ཀྱི་མི་དང་ཆུ་མཛོད་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོ་རང་ཉིད་ནས་ཆུ་བཟང་པོ་སྤྱོད་ཐུབ་པར་མ་ཟད། ད་དུང་དབུས་སྨད་རྒྱུད་ཀྱི་མི་རྣམས་ཀྱང་ཆུ་བཟང་པོ་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས། དེར་བརྟེན། ལོ་འདི་དག་གི་རིང་ལ་ང་ཚོས་ཕྱུགས་བཀག་རྩྭ་གསོ་དང་། བརླན་ས་སྲུང་སྐྱོབ། སྡོང་འཛུགས་ནགས་སྐྲུན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། སྔོན་ཆད་ཀྱི་རི་རྒོད་ལ་སྔོ་ལྗང་གོས་ཀྱིས་བཀླུབས་པ་དང་སྐམ་ཟིན་པའི་ཆུ་ལམ་ནང་དྭངས་གཙང་ཆུ་བོ་བཞུར་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག ང་ཚོས་ད་དུང་མི་མེད་གནམ་གྲུ་དང་ཆུ་སྤུས་ཚོར་འདྲེན་ཡོ་ཆས་སོགས་ཚན་རྩལ་བྱེད་ཐབས་སྤྱད་དེ་གཞི་གྲངས་ཅན་གྱི་ཆུའི་སྐོར་གཟིགས་བྱ་བ་སྤེལ་བར་མ་ཟད།   དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་ལེགས་པོ་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱུང་བའི་དབང་གིས2021ལོར་ང་ཚོ་རྨ་ལྷོ་ཁུལ་ལ་ད་དུང“རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་ཡོད།

ང་ཚོའི་ས་ཆར་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་དོན་ཆེན་ཞིག་ཡིན་པར་མ་ཟད། མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུའང་གྱུར་ཡོད། ང་ཚོའི་རྨ་ལྷོའི་རྩེ་ཁོག་ཏུ་རྡོ་རྗེ་ཟེར་བའི་རྒན་པོ་ཞིག་ཡོད། ཁོང་གིས་ལོ་མང་པོའི་ཡར་སྔོན་ལ་རང་ཁྱིམ་རྩེ་ཆུའི་འགྲམ་གྱི་ཁང་ཆུང་ཐབས་ཆག་ཅིག་ཏུ་སྤོས་ནས་ཉེ་འཁོར་གྱི་མུའུ་ཁྲི་ལ་ཉེ་བའི་རྩྭ་ཐང་གི་བརླན་སར་འོས་འགན་ངང་སྲུང་སྐྱོབ་བྱས་ཡོད། ལོ་ངོ22རིང་།  དགུན་གྲང་ངར་དང་དབྱར་ཚ་གདུག་གང་འདྲ་ཡོད་ཀྱང་། རྒན་པོ་ཁོང་གིས་ཉིན་ལྟར་བརླན་སའི་ནང་སྐོར་ཞིབ་ཐེངས་གསུམ་བྱས་པར་བསྡོམས་པས་སྤྱི་ལེ་འབུམ་གཅིག་ཁྲི་གཉིས་ལྷག་ཟིན་ཡོད། དེ་ནི་སའི་གོ་ལར་བསྐོར་བ་ཐེངས་གསུམ་བརྒྱབ་པ་དང་གཅིག་མཚུངས་རེད། ཟླ་སྔོན་མར་ང་བརྟག་ཞིབ་ལ་འགྲོ་སྐབས་ཆེད་དུ་རྒན་པོ་ཁོང་ལ་ཐུག་ཏུ་སོང་བ་ཡིན། རྒན་པོ་ཁོང་གིས་ད་དུང་མུ་མཐུད་དུ་སྐོར་སྲུང་བྱས་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་། ཕ་ཡུལ་གྱི་རྒན་རབས་པ་ཚོས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་གནང་བ་ལས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་སུ་ཕྱིན་ཡོད།

ང་ཚོས་ཆུ་ལ་སྲུང་སྐྱོབ་བྱས་པ་བཞིན་ཆུ་ཡིས་ང་ཚོ་འཚོ་སྐྱོང་བྱས་ཡོད། ང་ཚོ་ནི་སྲུང་སྐྱོབ་པ་ཡིན་ལ་ཁེ་ཕན་ཐོབ་མཁན་ཡང་ཡིན། བྱ་བའི་དབང་གིས་ང་རྒྱུན་དུ་གྲོང་གསེབ་དང་འབྲོག་ཁུལ། བཟོ་གྲྭ་དང་ཁེ་ལས་བཅས་སུ་འགྲོ་དགོས་པས། སྐྱེ་ཁམས་སྲུང་སྐྱོབ་བྱས་པ་ལས་བྱུང་བའི་ཕན་འབྲས་མིག་མཐོང་ལག་ཟིན་རེད། ལྷག་པར་དུ་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པས། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་སྤུས་ཚད་ཟམ་མི་ཆད་པར་ཇེ་མཐོར་སོང་བ་དང་། ཁུལ་དུ་གཏེར་ཆུ་བཟོ་གྲྭ་བཙུགས་པ། ཞིང་ཕྱུགས་ཐོན་རྫས་ལྷད་མེད་པ། རྨ་ཆུའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་དར་སྤེལ་གཏོང་བར་བློས་འགེལ་ཆོག་པའི་གཞི་རྟེན་ཐོབ་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བ་བཅས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ”གསོན་ཉམས་ལྡན་པའི་ངང་ར་སྤྲོད་བྱས་ཡོད།

ཆུ་ཐིགས་གཅིག་ལས་ཉི་མའི་འོད་མདངས་འཕྲོ་ཐུབ། ང་ཚོས་ཏང་དང་སྲིད་གཞུང་ལ་བཅངས་པའི་དྲིན་གཟོའི་བསམ་པ་དེ་བྱ་སྤྱོད་དངོས་ལ་བསྒྱུར་ནས་ཆུ་མགོ་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྐྱེ་ཁམས་སྔར་ལས་ལེགས་པའི་ངང་སྲུང་སྐྱོབ་བྱས་ཏེ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་བོ་དྭངས་གཙང་ཡོང་བ་དང་།“ཀྲུང་ཧྭའི་ཆུ་མཛོད”བརྟན་ཞིང་ཆུ་འདང་ངེས་ཡོད་པ། མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱིད་པོ་ཡོང་བ་བཅས་བྱེད་དགོས་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།