སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།
2022.03.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།

—མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་དངོས་བྲིས།

ཡང་ལོ་གཅིག་གི་དཔྱིད་ཀར་སླེབས་པ་དང་། འདས་མ་ཐག་པའི2021ལོ་ནི་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཞིག་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་བརྩམས་པའི་ལོ་ཡང་ཡིན་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་ཡིན།

2021ལོའི་ཟླ3ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས། ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ཡང་བསྐྱར་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས། མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ། བླང་བྱ་གལ་ཆེན་བཏོན་པ། སྒུལ་ཤུགས་ཆེན་པོ་བཅས་བསྩལ་བ་རེད།

སྤྱིར་བཏང་མིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ཚེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས”ཞེས་པ་དང་། “འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་བསྐྲུན་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ”བཅས་ཀྱི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་བཟུང་ནས། ནུས་ཤུགས་ཡོད་རྒུས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་ཡོད།

2021ལོར་མཚོ་སྔོན་གྱི་མདུན་སྐྱོད་བྱེད་པའི་གོམ་སྟབས་ཧ་ཨང་བརྟན་པོ་རེད།

མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་འགོ་ཡག་པོ་རྩོམ་དགོས།

“མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། ‘ཀྲུང་ཧྭའི་ཆུ་མཛོད’ལ་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས།”

མདོ་དབུས་མཐོ་སྒང་གི་གལ་ཆེའི་ལྟེ་བའི་ས་ཁོངས་སུ་གནས་པའི་མཚོ་སྔོན་ལ་སྐྱེ་ཁམས་གནས་བབ་དམིགས་བསལ་དང་། སྐྱེ་ཁམས་ཀྱི་འགན་འཁྲི་ཧ་ཅང་ལྕི་ལ་དཀའ་ཚེགས་ཆེན་པོ་ཡོད། འདས་ཟིན་པའི་ལོ་གཅིག་གི་རིང་། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཏུ་བརྩིས་ཏེ། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་ལས་ལ་གཞོལ་ནས། རི་སྔོ་ཆུ་དྭངས་ནི་དུས་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་ཞིག་ཏུ་གྱུར་ཡོད།

—སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་མཚོ་སྔོན་གྱིས་ནུས་ལྡན་གྱི་ལམ་ལུགས་འགན་སྲུང་བཙུགས་ཡོད།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་སྟོབས་ཤུགས་གང་ཡོད་ཀྱིས་བཏོན་ནས་རྩོམ་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། མདོ་དབུས་མཐོ་སྒང་འདི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་མགྱོགས་མྱུར་སྒོས་བསྐྲུན་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད།

དེའི་རྗེས། ཞིང་ཆེན་ཏང་ཨུ་ཡིས《མདོ་དབུས་མཐོ་སྒང་འདི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི》པར་འགྲེམས་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་སྔོན་ལ་བསྐྲུན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་པའི་མཚོ་སྔོན་གྱི་དཔེ་མཚོན་བསྐྲུན་དགོས་པ་གསལ་བོ་བཏོན་ཡོད།

—སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་མཚོ་སྔོན་གྱིས་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།

2021ལོའི་ཟླ་དྲུག་ཚེས་ལྔ་ཉིན། རང་ཞིང་གིས“དྲུག་ལྔའི་ཁོར་ཡུག་ཉིན་མོ”ཞེས་པའི་རྒྱལ་ཁབ་རང་སའི་བྱ་འགུལ་རྒྱལ་ཁའི་ངང་སྤེལ་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱ་འགུལ་ཞིག་སྤེལ་བ་དེ་ནི། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་བའི་བྱ་འགུལ་ཞིག་དང་། གུས་ཤིང་བྱམས་པ་དང་བཀའ་དྲིན་ཚོར་བ། སྲུང་སྐྱོབ་ལ་གཞོལ་བ་བཅས་ཀྱི་བྱ་འགུལ་ཞིག མ་འོངས་པར་ཁ་ཕྱོགས་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ལ་ཁ་ཕྱོགས་པའི་བྱ་འགུལ་བཅས་སྤེལ་བས།《མཚོ་སྔོན་གྱི་ཐུན་མོང་ངོས་འཛིན》དང《མཚོ་སྔོན་གྱི་བསྒྲགས་གཏམ》《མཚོ་སྔོན་གྱི་གྲོས་འགོ》 བཅས་གྲུབ་པ་རེད།

ཏག་ཏག་ཉིན་གཅིག་གི་རྗེས་ཀྱི་ཟླ་དྲུག་པའི་ཚེས་དྲུག་ཉིན། ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོ་རྒྱལ་ཁའི་ངང་བསྡུས་ཤིང་། དེ་ནི་རྒྱལ་ཡོངས་སུ་སྐྱེ་ཁམས་བརྗོད་དོན་གཙོ་བོ་ཡིན་པའི་དངོས་མང་བཤམས་སྟོན་ཚོགས་འདུ་ཐོག་དང་པོ་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་སྐྱེ་ཁམས་གྲུབ་འབྲས་མཉམ་སྤྱོད་དང་ཕན་ཚུན་དཔྱད་གཞིར་འཛིན་པ། སྐྱེ་ཁམས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཐོན་རྫས་ཉོ་ཚོང་རྒྱུན་འཁོར་བྱེད་པ། སྐྱེ་ཁམས་རིན་ཐང་གཞན་སྒྱུར་མཉམ་ལས་བཅས་ཀྱི་རྒྱལ་སྤྱིའི་ལས་སྟེགས་ཤིག་ཏུ་འགྱུར་རྒྱུར་གཞོལ་ནས། འཛམ་གླིང་ལ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁྱད་སྟོབས་དྲིལ་བསྒྲགས་བྱས་ཏེ། མཚོ་སྔོན་གྱི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིར་བསྒྱུར་བའི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པར་བྱས་ཡོད།

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཀྲུང་གོའི་སྐོར་དང་པོའི་གྲས་སུ་ཚུད་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་ཨང་དང་པོར་གྱུར་པའི་གཏམ་བཟང་བསྒྲགས་ཡོང་བ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་དང་ཐ་ན་ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་མགྱོགས་མྱུར་སྒོས་བསྐྲུན་རྒྱུར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། དངོས་བཤུས་གློག་བརྙན《མཚོ་སྔོན•ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་དེ་ཀུན་གྱི་སྤྱན་ལམ་དུ་འབུལ་བ་དང་བསྟུན་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་ལ་ཆེན་པོ་བླངས་ཡོད་པ་དེར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་གྱི“ཐཱན་མེད་པའི་ཐོན་ལས་གླིང”གི་ལྗང་མདོག་གློག་ཤུགས་བཟོ་སྐྲུན་གྱི་སྟོང་ཧྥུ110ཡི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་ལས་འགོ་ཚུགས་པ་དེ་ལས། མཚོ་སྔོན་གྱི“ཐཱན་མེད་ཐོན་ལས་གླིང”དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་མཚོན་ལ། “ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱ་ཆེད་མཚོ་སྔོན་གྱི་བློ་གྲོས་ལེགས་སྐྱེས་ཕུལ་བ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཁུལ་གྱི་མཚན་སྙན་གནང་བ་དང་། ཁྲི་ཀ་དང་ཧི་ནན་རྫོང་གཉིས་རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་བསྐྲུན་རྟེན་གཞིར་བདམས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་གཟུགས་བརྙན་མངོན་ཡོད་པ་རེད།

དེ་ལས་གཞན། 2021ལོར་མཚོ་སྔོན་ཞིང་ཆེན་གྱི་ཆུ་དང་མཁའ་དབུགས། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་ཀྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གཙང་པོ་ཆེན་པོ་གསུམ་ཞིང་ཆེན་བརྒལ་ནས་བཞུར་པའི་ཆུ་སྤུས་མུ་མཐུད་རིགསIIཡན་དང་། དེ་མིན་ཙོང་ཆུའི་ཆུ་རིགསIIIཟིན་པ། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཆད་ངོས་སོ་ལྔ་ཡི་ཆུ་སྤུས་བཟང་ཚད་100%ཟིན་པ་དང་། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་དྲུག་ཟིན་པ་བཅས་རེད།

—སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་བསྐྲུན་བྱེད་པར་མི་དམངས་ལ་དངོས་གནས་མྱོང་ཚོར་ཟབ་མོ་བྱུང་།

“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། གངས་རི་དང་འཁྱག་རླུང་ཡང་གསེར་རི་དངུལ་རི་ཡིན།” ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་ཆུས་གུང་ཧོ་གྲོང་རྡལ་ཚོང་དབན་སྡེ་བ་ནི་ཕན་ཏའོ་ཆུ་མཛོད་ཀྱི་རྒྱབ་ཏུ་གནས་ཡོད་ལ། རི་གཙང་ཆུ་དྭངས་ཀྱི་རང་བྱུང་ཁོར་ཡུག་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་ཏེ་ཕན་ཏའོ་མེ་ཏོག་གླིང་བཙུགས་པ་རེད། 2021ལོར། ཚོང་དབན་སྡེ་བས་དུས་ཚིགས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས། གངས་འཁྱག་གི་ཁྲོད་གྲོང་གསེབ་ཡུལ་སྐོར་གྱི་ལེའུ་གསར་པ་སླར་ཡང་བརྩམས་ཡོད།

པའོ་ཅི་ལིན་ནི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝའེ་ཡོན་གྲོང་རྡལ་གྱི་ལས་འཁྱུར་ངལ་གསོའི་དགེ་རྒན་ཞིག་ཡིན་ལ། ཁོའི་བློ་ངོར་དྲན་པ་ནི་གྲོང་རྡལ་ཆུ་རྒྱུད་ དེ་སྔོན“བཙོག་པ་དང་གད་སྙིགས་མང་པ། དྲི་ངན་འཐུལ་བ”བཅས་ཀྱི་ཚབ་མིང་ཡིན་མོད། འོན་ཀྱང་ཕན་ནུས་ལྡན་པའི་བཅོས་སྐྱོང་བྱས་པ་བརྒྱུད། ད་ལྟའི་མའོ་སི་ཆུ་བོ་དྭངས་ཤིང་གཏིང་མཐོང་པ་དང་འགྲམ་གཉིས་སུ་མེ་ཏོག་ཚོམ་བུར་བཞད་ཡོད་པ་མ་ཟད། གཙང་པོའི་འགྲམ་རྒྱུད་དུ་ལུས་རྩལ་སྦྱོང་བརྡར་གྱི་རྐང་ཐང་བགྲོད་ལམ་ཡང་ལས་ཡོད་པས། ཞོགས་པ་དང་དགོང་མོར་སྡེ་མི་མི་ཉུང་བ་ཞིག་གིས་ལུས་སྦྱོང་དང་འཆམ་འཆམ་བྱེད་པའི་གནས་མཆོག་ཞིག་ཏུ་གྱུར་ཡོད།

2021ལོའི་ཟླ5ཚེས2ཉིན་གྱི་ཆུ་ཚོད་གཅིག་གི་སྟེང་། སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱིས་ལོ་དེར་སྐོར་ཐེངས་དང་པོའི་གཙོད་ཉིས་བརྒྱ་སོ་ལྔ་མཚོ་བོད་གཞུང་ལམ་སྤྱི་ལེ་སྟོང་གསུམ་དང་གཉིས་ཀྱི་སར་ནས་ཨ་ཆེན་གངས་རྒྱབ་དབུས་རྒྱུད་དུ་གནས་སྤོ་བྱེད་པ་ལྟ་ཞིབ་ཚད་ལེན་བྱས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གཙོད་དང་དེའི་འཚོ་སྡོད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་ཀ་ཁྲི་བདུན་ལྷག་ཙམ་ལ་སླེབས་ཏེ། མཚོ་བོད་གཞུང་ལམ་སྟེང་གི་མཛེས་ལྗོངས་གསར་བ་ཞིག་ཏུ་གྱུར་ཡོད།

རི་བོ་སྔར་ལས་ལྗང་བ་དང་ཆུ་བོ་སྔར་ལས་དྭངས་པ། ནམ་མཁའ་སྔར་ལས་སྔོ་བ་བཅས་མཚོ་སྔོན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་ཡིས་རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱེད་པ་དང་རི་སྔོ་ཆུ་དྭངས་ཀྱིས་མི་རྣམས་ལ་མཛེས་སྡུག་མངོན་པའི”རྣམ་པ་བཟང་བོ་ཞིག་ཆགས་ཡོད།

ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱས་ནས་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ།

“མཚོ་སྔོན་གྱི་ཁྱད་སྟོབས་དང་ཐོན་ཁུངས་ལ་ཟུང་འབྲེལ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་བསྐྲུན་ཏེ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བསྐྲུན་ནས། ས་གནས་ཀྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཐོན་ཁུངས་ཁྱད་སྟོབས་དང་འཕེལ་རྒྱས་ཀྱི་ཁྱད་སྟོབས། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་གནད་འཁེལ་བརྟག་དཔྱད་གནང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་རེད། 2021ལོར། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར་ཐོན་ལས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། དུས་རབས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་བཅས་ལྡན་པའི་སྐྱེ་ཁམས་མཛའ་མཐུན་དང་ལྗང་མདོག་ཐཱན་ཉུང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་རེད།

ཞིང་ཆེན་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ། རིག་གནས་དང་ཡུལ་སྐོར་པུའུ། ཞིང་ལས་དང་ཞིང་སྡེ་པུའུ་སོགས་པུའུ་ཨུ་བཞིས་མཉམ་འབྲེལ་སྒོས“ས་ཁུལ་བཞི”བསྐྲུན་པའི་བྱ་སྤྱོད་ཇུས་གཞི་པར་འགྲེམས་བྱས་པ་མ་ཟད། མཉམ་འབྲེལ་སྐུལ་འདེད་ཀྱི་ལམ་སྲོལ་བཙུགས་ནས་འགོ་འཛུགས་ས་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་རྨང་གཞི་བཏིང་ཡོད།

ས་གཞིར་སྐར་ཚོགས་བཀྲ་བ་ལྟ་བུའི་ཚྭ་མཚོའི་བཀོད་པ་ནི་རང་བྱུང་ཁམས་ཀྱིས་མཚོ་སྔོན་ལ་བསྩལ་བའི་རྩ་ཆེའི་ཐོན་ཁུངས་ཀྱི་རྒྱུ་ནོར་ཞིག་རེད། འདས་ཟིན་པའི་ལོ་གཅིག་གི་ནང་། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཐད་ཐོལ་བརྒལ་གསར་པ་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་ཏེ་ལས་རིགས་གཅིག་པའི་ཁྲོད་དུ་སྔོན་ལ་ཁྱབ་ཁོངས་མང་པོའི་ལག་རྩལ་གསར་གཏོད་བྱས་པ་མངོན་འགྱུར་བྱུང་བ་དེས་རྒྱལ་ནང་གི་ལག་རྩལ་མེད་པར་ཁ་སྐོང་བྱས་པ་དང་། དེ་དག་ཚང་མས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་བསྐྲུན་བྱ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད། དེ་དང་ཆབས་ཅིག ཅ་ལུད་དང་ཐཱན་སྐྱུར་ལི་ཐོན་ལས་ཀྱང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུ་གསར་པའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་ཡོད།

ཕུན་སུམ་ཚོགས་པའི་རླུང་དང་ཉི་འོད། ཆུ། ཚ་ནུས་བཅས་ཀྱི་ཐོན་ཁུངས་ནི་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པའི་རྨང་གཞི་བརྟན་པོ་ཞིག་རེད། འདས་ཟིན་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བྱུང་ཡོད།

2021ལོ་ནི་མཚོ་སྔོན་གྱིས་བསྟུད་མར་ལྗང་མདོག་གློག་ཤུགས་ཀྱི་བྱ་འགུལ་སྤེལ་བའི་ལོ་ལྔ་བ་རེད། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དམིགས་ཚད་བཅས་བཏོན་པ་ནས་བཟུང་། ནུས་རྒྱུ་གཙང་མ་ཡོངས་སུ་གློག་གཏོང་བའི་ལག་ལེན་གསར་པ་ཐོག་མ་དེ་ཡིན་པ་དང་། ན་ནིང་གི“ལྗང་མདོག་གློག་ཤུགས་ཟླ་བདུན་པར་མཚོ་སྔོན་དུ་གནས་པའི”བྱ་འགུལ་རབ་དང་རིམ་པ་སྤེལ་བའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་གི་དམིགས་ཚད་མང་ཆེ་བས་ལོ་རེའི“ལྗང་མདོག་གློག་ཤུགས”བྱ་འགུལ་གྱི་ཟིན་ཐོ་བསྐྲུན་པ་དང་། མཚོ་སྔོན་གློག་དྲ་དེ་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་མཐོ་བའི་ཞིང་ཆེན་ཁྱབ་ཁོངས་ཀྱི་གློག་དྲར་གྱུར་ཡོད།

2021ལོའི་ཟླ10ཚེས15ཉིན། རྒྱལ་ཁབ་ཀྱི་རླུང་གློག་གི་འོད་ཤུགས་རྟེན་གཞིའི་རྣམ་གྲངས་ཆེ་གྲས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གཅིག་བསྡུས་སྒོས་ལས་འགོ་བརྩམས་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་བྱེ་བ་གཅིག་དང་འབུམ་དགུ་ཟིན་ཡོད། ལས་འགོ་ཚུགས་པའི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཆེས་མཐོའི་ཟིན་ཐོ་བསྐྲུན་པ་རེད། རྣམ་གྲངས་དེ་འོད་ཤུགས་ལ་བརྟེན་ནས་བྱེ་ཐང་བཅོས་སྐྱོང་བྱེད་པ་སོགས་ཀྱི་དཔེ་དབྱིབས་བརྒྱུད་ནས་ནུས་རྒྱུ་གསར་པ་དང་སྐྱེ་ཁམས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བ། རང་ཞིང་གི་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། མཐོ་གནོན་གློག་ཤུགས་ཆེན་པོ་ཕྱིར་གཏོང་གི་བགྲོད་ལམ་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་གློག་ཤུགས་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་དུ་སྐྱེལ་ཐུབ་པ་བཅས་བྱས་ཏེ། རླུང་གློག་གི་འོད་ཤུགས་གཞི་ཁྱོན་ཆེན་པོ་དང་བསྡུར་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤུས་ལེགས་ཀྱི་ལྗང་མདོག་གློག་གི་འདེགས་སྐྱོར་མཁོ་འདོན་བྱས།

2022ལོའི་ཟླ1ཚེས23ཉིན། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གསར་པའི་ཁྱབ་ཚུལ་ལེགས་སྒྲིག་པར་ཆས་ཚོགས་མཚོ་སྔོན་དུ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ་དེས། མ་འོངས་པར་རྒྱལ་ནང་གི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་གཞན་དག་འཛུགས་སྐྲུན་དང་འཁོར་སྐྱོད། ཕྱིར་སྐྱེལ་བསྡུ་ཉར་བཅས་ལ་གྲུབ་འབྲས་ཐོབ་པའི་དཔེ་སྟོན་བྱས་པ་མ་ཟད། “ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་ཐབས་ལམ་གསར་རྐྱང་ཞིག་ཀྱང་བཏོད་པ་རེད།

གངས་རི་དང་རྩྭ་ཐང་། ནགས་ཚལ། མཚེའུ། མྱ་ངམ་ཐང་སོགས་རང་བྱུང་མཛེས་ལྗོངས་དང་དེ་མིན་རྒྱ་རིགས་དང་བོད་རིགས། ཧོས་རིགས། སོག་རིགས། ཟ་ལར་སོགས་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ནི་རབ་མཛེས་མཚོ་སྔོན་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་འགུགས་པའི་གསེར་མདོག་གི་མིང་བྱང་ཞིག་རེད། འདས་ཟིན་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཐད་གོམ་སྟབས་གསར་པ་སྤོས་ཡོད།

2021ལོར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཡུལ་སྐོར་དང་ཁོངས་ཡོངས་ཡུལ་སྐོར། གྲོང་གསེབ་ཀྱི་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར་བཅས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དང་གངས་འཁྱགས་ཡུལ་སྐོར་སོགས་ལས་རྣམ་གསར་པ་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཡུལ་སྐོར་ལམ་ཐིག་རྩེ་གྲས་ཉིས་བརྒྱ་ལྷག་ཙམ་ཇུས་འགོད་དང་གསེད་བཀྲོལ་བྱས་ལ། རྒྱལ་ཡོངས་ཀྱི“རྨ་ཆུའི་ཡུལ་སྐོར་ཁུལ་ཆེ་གྲས་བཅུའི”ལམ་ཐིག་རྩེ་གྲའི་གྲས་བདུན་དང་། གསེར་དངུལ་ཐང•རྡུལ་ཕྲན་གྲོང་རྒྱལ་ཁབ་ཀྱི་ཀ་ལྔ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་པའི་མིང་ཐོའི་གྲས་སུ་ཚུད་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་བདུན་ཁྲི་གསུམ་དང་སྟོང་བཞི་ལྷག་སྣེ་ལེན་བྱས་པ་དེ་དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་འཕར་ཡོད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་དགུ་དང་བྱེ་བ་དགུ་ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བདུན་འཕར་ནས། གསར་རྐྱང་དང་སྐྱེ་ཁམས། སྤུས་ཚད་མཐོ་བ་བཅས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

འཛམ་གླིང་སྟེང་གི་སྤྱི་གནོད་མེད་པའི་གཙང་སའི་ཁུལ་ཆེན་པོ་བཞི་དང་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་བཏང་ནས། ཐོན་ཁུངས་ཀྱི་ཁྱད་སྟོབས་ཏེ་དཔལ་འབྱོར་ཕན་འབྲས་ཀྱི་དམིགས་བསལ་ཁྱད་སྟོབས་སུ་བསྒྱུར་རྒྱུ་དེ་རེད། འདས་ཟིན་པའི་ལོ་གཅིག་གི་རིང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ལ་ཕན་འབྲས་གསར་པ་ཐོབ་ཡོད།

མཚོ་སྔོན་གྱི་ནོར་གནག་དང་བོད་ལུག ནས། ལོག་དཀར་སོགས་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤྱི་སྤྱོད་མིང་གྲགས་ཐོན་རྫས་ཞིང་ཆེན་ནས་ཕྱི་རུ་བསྐྱོད་དེ་ནང་ལོག་ཁྲོམ་རར་ཐོན་ཡོད། “མཚོ་སྔོན་རྟགས”ཅན་གྱི་ཞིང་ཕྱུགས་མིང་གྲགས་ཐོན་རྫས་རྒྱུན་མཐུད་ངང་ཐོན་འགོ་ཚུགས་པ་དང་། ལྗང་མདོག་དང་སྐྱེ་ལྡན། རང་བྱུང་བཅས་ནི་འཛད་སྤྱོད་པས་དགའ་བསུ་བྱེད་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མུ་མཐུད་དུ་བསྐྲུན་པའི་གྲུབ་འབྲས་གལ་ཆེན་ཞིག་རེད།

ན་ནིང་། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་རྩྭ་ཐང་གི་བདེན་དཔང་ར་སྤྲོད་རྒྱ་ཁྱོན་སྤྱི་ཆིང་ས་ཡ་ལྔ་དང་འབུམ་གསུམ་ཁྲི་གསུམ་ལྷག་ལས་བརྒལ་བ་དང་། ལུད་རྫས་དང་ཞིང་སྨན་བཀོལ་ཚད་བྱ་སྤྱོད་ལག་བསྟར་མ་བྱས་གོང་གི་བརྒྱ་ཆའི་བཞི་བཅུ་ནས་བརྒྱ་ཆའི་སུམ་ཅུ་རུ་ཇེ་ཉུང་དུ་ཕྱིན་ནས། ལྗང་མདོག་སྔོན་འགོག་ཚོད་འཛིན་བྱས་ཚད་བརྒྱ་ཆའི་ཞེ་ལྔ་ཟིན་ཡོད། སོག་མ་ཕྱོགས་བསྡུས་བེད་སྤྱོད་ཚད་དང་ཞིང་ཁའི་འགྱིག་ཤོག་ཕྱིར་བསྡུ་བྱས་ཚད་བརྒྱ་ཆའི་གྱ་དྲུག་དང་བརྒྱ་ཆའི་དགུ་བཅུ་ཟིན་ཡོད། ནོར་གནག་དང་བོད་ལུག་ཁུངས་འདེད་བྱས་ཚད་རྫོང་དང་གྲོང་ཁྱེར་སོ་དགུ་ལ་ཁྱབ་ནས་ཁུངས་འདེད་གྲངས་ཀ་ས་ཡ་བཞི་ལས་བརྒལ་ཡོད།

ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པའི་བྱ་བར་བརྟེན་ནས། 2021ལོར། རང་ཞིང་གི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་པའི་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་འཕར་བ་དང་། སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་བདུན་དང་གྲངས་བརྒྱད་འཕར་བས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་ཡག་པོ་ཞིག་བརྩམས་ཏེ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་སྐྱོད་ལམ་གསར་པ་བཏོད་པ་རེད།

“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་འབད་འཐབ་ལྷོད་མེད་བྱེད་དགོས།

“རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་སེམས་སུ་བཅངས་ནས་བློ་བརྟན་འགྱུར་མེད་སྒོས་དམངས་ཚིས་བདེ་སྐྱིད་ཇེ་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ་བཅས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས།”

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའམ་ཡང་ན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་འབྲོག་པའི་ཁྱིམ་དུ་གཟིགས་ཞིབ་མཛད་པ་གང་ཡིན་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁྲལ་ཆེན་པོ་བྱེད་པ་ནི་མི་དམངས་མང་ཚོགས་རེད། ལོ་དེར། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ནན་མོ་བློ་ལ་བརྟན་པོར་བཅངས་ནས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེ་སྙེག་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ལིས་རིང་སྲང་ལམ་བདུན་གཅིག་ལམ་གྱི་སྡོད་ཁུལ་ནུབ་མའི“རྒན་བཀུར་བདེ་སྐྱིད་ཟ་ཁང”གི་ཟ་མ་ཟ་སའི་ཁང་པའི་ནང་ཟས་རིགས་ཀྱི་དྲི་ཞིམ་འཐུལ་ཡོད། ཚ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་ཚ་འདམ་གྲོང་རྡལ་མཐུན་སྒྲིལ་ལམ་སྡོད་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི“ཆུ་ཚོད་ལྔ་དང་ཕྱེད་ཀའི་སློབ་ཁྲིད”ཁྲོད་བྱིས་པ་རྣམས་ཀྱིས་སྐད་གསེང་མཐོན་པོས་གླུ་གཞས་ལེན་བཞིན་ཡོད། ལས་དོན་སྒྲུབ་ཏུ་ཡོང་བའི་མང་ཚོགས་རྟ་མགྲིན་རྒྱལ་གྱིས་ཧི་ནན་སོག་རིགས་རང་སྐྱོང་རྫོང་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཁེ་ལས་ཀྱི་འགྲོ་ལུགས་སྒྲུབ་པར་སྟབས་བདེ་བའི་བཅོས་སྒྱུར་བྱས་པར་བསྔགས་བརྗོད་བྱེད་བཞིན་ཡོད།

འདས་ཟིན་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་ཡིན”ཞེས་པའི་ལག་ལེན་བྱ་འགུལ་ནུས་ལྡན་སྒོས་སྤེལ་བ་དང་། ཟླ་བཅུ་གཉིས་པའི་བར། ཞིང་ཆེན་རིམ་པའི་དོན་དངོས་སྒྲུབ་པའི་གཙོ་གནད་རྣམ་གྲངས་ཀྱི་རྩིས་ཐོའི་ནང་ཚུད་པའི་རྣམ་གྲངས་སྟོང་གཉིས་བརྒྱ་དང་གོ་བཞི་ཡོད་པ་དང་། རྣམ་གྲངས་སྟོང་གཅིག་དང་དྲུག་བརྒྱ་ཉེར་ལྔ་ལེགས་འགྲུབ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་གཉིས་དང་སྟོང་གཅིག་གིས་དོན་དངོས་ཁྲི་བདུན་ལྷག་ཙམ་བསྒྲུབ་རྒྱུའི་ཁས་བླངས་ལ། ཏང་ཡོན་འབུམ་བཞི་དང་ཁྲི་གཉིས་ལྷག་ཙམ་གྱིས་དང་བླངས་ཞབས་ཞུའི་བྱ་འགུལ་ཐེངས་འབུམ་གཉིས་ལྷག་ཙམ་སྤེལ་བ་རེད།

2021ལོའི་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་དུ། ས་ཡོམ་རྗེས་ཀྱི་སློབ་ཁྲིད་ཐོག་མའི་རྒྱལ་དར་སྒྲེང་བའི་མཛད་སྒོ་ཐེངས་དང་པོ་དུས་ལྟར་འཚོགས་ཤིང་། རས་གུར་བརྒྱ་དང་གྱ་བཞི་ཡོད་པ་དེ་གནོད་ཁུལ་གྱི་སློབ་མས་བློ་བདེ་པོའི་ངང་དཔེ་དེབ་ཀློག་པའི“སློབ་ཁང”གསར་པར་གྱུར་ཡོད། རྨ་སྟོད“5•22”ཀྱི་ཚད་རིམ་བདུན་དང་གྲངས་ཆུང་བཞི་ཡི་ས་ཡོམ་དང་མིན་ཡོན་གྱི“1•08”ཀྱི་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་སྒོས་ཡོམ་འགོག་གནོད་སེལ་དང་གནོད་ཤུལ་བསྐྱར་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་རིམ་བཞིན་སླར་གསོ་བྱུང་ཡོད།

ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད། ཞིང་ཆེན་ཡོངས་ཀྱི་གོང་འོག་དང་ལྷག་པར་དུ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་སྟེ། རྡོག་རྩ་གཅིག་སྒྲིལ་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན།

སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་བ་དང་། ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་མཁར་གྲོང་སྡོད་དམངས་ལས་མཐོ་བ། ཟི་ལིང་གི་ལྷོ་ངོས་ཀྱི་མཁར་ཤར་རྒྱུད་ཀྱི་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་པ། མཁར་གྲོང་གི་སྡོད་ཁང་ཁྲི་ལྔ་དང་སྟོང་གཅིག་ལྔ་བརྒྱའི་སྡོད་ཁུལ་རྙིང་གྲས་དང་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་སྟོང་གཉིས་དྲུག་བརྒྱ་ཞེ་དགུ་བསྒྱུར་བཀོད་བྱས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས། འོས་འགན་སློབ་གསོའི“ཉུང་གཏོང་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ནས་ཚད་བརྒལ་འཛིན་གྲྭའི་གྲངས་ཀ་ཁྱོན་ཡོངས་ནས་མེད་པར་བཟོས་པ། གཅིག་བསྡུས་ཉོ་སྒྲུབ་བྱས་པའི་སྨན་རྫས་དང་སྨན་བཅོས་ཟད་གྲོན་གྱི་རིན་གོང་ཆ་སྙོམས་བཅུ་ཆའི་དྲུག་ཡན་ཇེ་ཉུང་དུ་བཏང་བ། ལོ་འཁོར་ནང་གཏན་འཁེལ་བྱས་པའི་རིགས་ཆེ་གྲས་བཅུ་ཡི་དམངས་ཚིས་བྱ་བ་དངོས་ཞེ་ལྔ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་བཅས་རེད།

འདས་ཟིན་པའི་ལོ་གཅིག་གི་རིང་། རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ བྱ་བ་དངོས་དང་དོན་བཟང་རེ་རེའི་ཁྲོད། མཚོ་སྔོན་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱང་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཀྱི་འགྱུར་ལྡོག་ཁྲོད་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད།

ལོ་གསར་པའི་ནང་། འདས་ཟིན་པའི་གནས་ཚུལ་ལ་ཕྱིར་མིག་གིས་བལྟ་བ་དང་མ་འོངས་པར་རྒྱང་ལྟ་བྱེད་དགོས། མཚོ་སྔོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན་མུ་མཐུད་དུ་ལག་བསྟར་བྱས་ཏེ། འབད་འབུངས་ཡར་བརྩོན་དང་ལག་ལེན་ཏན་ཏིག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བརྩམས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།