རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་སྐྱེ་ཁམས་ཁོར་ཡུག་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། ཞིང་ལས་ཐོན་སྐྱེད་། གྲོང་གསེབ་དར་སྤེལ། མི་རིགས་ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས་པ་ནན་གྱིས་བསྟན་ཡོད།
2022.03.10 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 23

 ཟླ3ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱས་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པར་ཤུགས་སྣོན་བྱས་ཏེ།  འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ།  རླུང་ཁམས་ཆེན་མོའི་སྦགས་བཙོག་དངོས་རིགས་མཐུན་སྦྱོར་ཚོད་འཛིན་དང་ས་ཁོངས་མཐུན་སྦྱོར་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ། གཙང་པོ་དང་མཚེའུ། མཚོ་ཁུག་གལ་ཆེན་བཅས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཞིང་གི་སྦགས་བཙོག་འགོག་བཅོས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།   སྲ་གཟུགས་སྙིགས་རོ་དང་སྦགས་བཙོག་དངོས་རིགས་གསར་པ་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ནས། གད་སྙིགས་རིགས་དབྱེ་དང་། འབོར་ཉུང་ཅན། ཐོན་ཁུངས་ཅན་བཅས་སུ་ཁྱབ་གདལ་གཏོང་དགོས།  ནུས་ཁུངས་དང་ཆུ་གྲོན་ཆུང་སོགས་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་ཀྱི་འདེགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།  སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པ། ཚན་རིག་དང་མཐུན་པར་རྒྱལ་ཁོངས་ལྗང་བསྒྱུར་ལས་དོན་སྤེལ་བ།   རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ང་ཚོ་འཚོ་སྡོད་བྱེད་པའི་ཁྱིམ་གཞིས་སྔར་ལས་སྔོ་ལྗང་དང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས།

ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་།  ཐཱན་རྩེར་སོན་གྱི་བྱ་སྤྱོད་ཇུས་གཞི་དོན་འཁྱོལ་བྱེད་དགོས།  ནུས་རྒྱུ་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ།  སྤྱི་ཡོངས་ཇུས་འགོད་རྒྱུན་འཁྱོངས་བཅས་བྱས་ཏེ།  ནུས་རྒྱུ་ཐཱན་ཉུང་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྡོ་སོལ་དྭངས་གཙང་དང་ནུས་ཆེའི་ངང་བེད་སྤྱོད་བྱེད་པར་ཤུགས་སྣོན་བྱེད་པ་དང་གོ་རིམ་ལྡན་པའི་ངང་འབོར་ཉུང་ཚབ་བྱེད་བྱས་ནས།  རྡོ་སོལ་གློག་གི་ནུས་གྲོན་ཐཱན་ཉུང་སྒྱུར་བཀོད་དང་། བབ་བསྟུན་སྒྱུར་བཀོད།  དྲོད་རླངས་མཁོ་འདོན་སྒྱུར་བཀོད་བཅས་ལ་སྐུལ་འདེད་གཏོང་དགོས། རླུང་གློག་དང་ཉི་གློག་རྟེན་གཞི་ཆེ་གྲས་དང་དེ་མིན་སྙོམས་སྒྲིག་རང་བཞིན་གྱི་གློག་ཁུངས་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གློག་དྲའི་སླར་སྐྱེས་ཐུབ་པའི་ནུས་པ་ཆེ་རུ་གཏོང་དགོས།  ལྗང་མདོག་ཐཱན་ཉུང་ལག་རྩལ་ཞིབ་འཇུག་ཁྱབ་སྤེལ་དང་ཁྱབ་གདལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་བཟོ་སྐྲུན་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ་ངར་ལྕགས་དང་།  མདོག་ལྡན་ལྕགས་རིགས། རྡོ་སྣུམ་རྫས་འགྱུར། རྫས་འགྱུར་བཟོ་ལས། འཛུགས་སྐྲུན་རྒྱུ་ཆ་སོགས་ལས་རིགས་ཀྱི་ནུས་གྲོན་ཐཱན་ཉུང་ལ་སྐུལ་འདེད་གཏོང་དགོས། ཟད་གྲོན་ཆེ་བ་དང་། བཙོག་འབུད་མང་བ། ཆུ་ཚད་དམའ་བ་བཅས་ཀྱི་རྣམ་གྲངས་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།    ནུས་གྲོན་གྱི་ཚོད་འཛིན་གཉིས་དེ་ཐཱན་འབུད་སྤྱི་འབོར་དང་ཤུགས་ཚད་ཚོད་འཛིན་གྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། བཙོག་འབུད་ཉུང་གཏོང་དང་ཐཱན་འབུད་ཚད་ཉུང་གཏོང་གི་སྐུལ་ལྕག་གཅུན་སྡོམ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས་ཞེས་བསྟན་ཡོད།

སྙན་ཞུའི་ནང་ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།  ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དང་ཤུགས་ཆེར་གཏོང་བ་དང་།  དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།  ཞིང་ལས་ལ་ལོ་ལེགས་ཐོབ་པ་དང་ཞིང་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

འབྲུ་རིགས་སོགས་ཞིང་ལས་ཀྱི་ཐོན་རྫས་གཙོ་བོ་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  འབྲུ་རིགས་འདེབས་འཛུགས་ཁྱོན་ཡོངས་ནས་བརྟན་པོ་ཡོང་བར་བྱས་ནས་སྲན་ཆེན་དང་སྣུམ་རྒྱུའི་ཐོན་འཕར་ལ་སྐུལ་འདེད་གཏོང་དགོས། འབྲས་དང་གྲོ་ཡི་ཉོ་སྒྲུབ་རིན་གོང་དམའ་བ་འོས་འཚམ་སྒོས་ཇེ་མཐོར་གཏོང་བ་དང་། ལུད་རྫས་སོགས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱས་ཏེ། འབྲུ་འདེབས་ཞིང་པར་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་མ་དངུལ་ཡང་བསྐྱར་སྤྲོད་པ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་པས་འབྲུ་རིགས་འདེབས་པར་ལུགས་མཐུན་གྱི་ཕན་ཁེ་ཐོབ་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོས་འབྲུ་རིགས་དམ་འཛིན་བྱེད་པར་ནང་གནས་ཀྱི་སྒུལ་ཤུགས་ཡོད་པར་བྱེད་དགོས། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་མཐའ་ཚད་བརྟན་སྲུང་ནན་མོ་བྱས་ནས། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་དབྱེ་མཚམས་གནད་འཁེལ་བྱེད་པ་དང་།  རྨོ་ཞིང་ཞིང་ལས་མིན་པའི་ཕྱོགས་སུ་འགྱུར་བ་གཏན་འགོག་དང་འབྲུ་རིགས་མིན་པའི་ཕྱོགས་སུ་འགྱུར་བར་སྔོན་འགོག་བྱེད་དགོས།  ཐོན་འབབ་དམའ་འབྲིང་གི་ས་ཞིང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་གཅིག་གསར་སྦོལ་བྱེད་པ།   ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་ཁག་གཅིག་གསར་སྦོལ་དང་སྒྱུར་བཀོད་བཅས་བྱེད་དགོས།   བ་ཚྭ་ཅན་སོགས་ཀྱི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རྒྱལ་ཡོངས་ཀྱི་ས་རྒྱུའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱེད་འགོ་རྩོམ་དགོས། སོན་ལས་དར་སྤེལ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཚན་རྩལ་མཁྲེགས་གཏོར་དང་ཁྱབ་གདལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ལས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་།  སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་འགོག་བཅོས་ནུས་པ་ཆེ་རུ་གཏོང་དགོས།  ཕག་གསོའི་ཐོན་ལས་ནུས་པ་སྙོམས་སྒྲིག་ལ་ཤུགས་སྣོན་བྱེད་པ་དང་། སྒོ་ཕྱུགས་དང་། ཁྱིམ་བྱ། ཆུ་ཐོན་དངོས་རྫས། སྔོ་ཚལ་སོགས་ཀྱི་ཐོན་སྐྱེད་མཁོ་སྤྲོད་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ས་ཁུལ་སོ་སོར་འགན་འཁྲི་ཡོད་པ་དང་། འབྲུ་རིགས་ནང་འདྲེན་བྱེད་སའི་ས་ཁུལ་གྱིས་འབྲུ་རིགས་ཐོན་སྐྱེད་སྔར་ལས་བརྟན་འཇགས་ཡོང་བར་བྱེད་དགོས། ཕྱོགས་སོ་སོས་ མཉམ་དུ་འབད་བརྩོན་བྱས་ཏེ།   འབྲུ་རིགས་སྣ་ལྔ་དང་ཤ་ཚལ་སྒོང་གསུམ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།  ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ཙམ་གྱི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

དབུལ་མཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་རྒྱ་བསྐྱེད་དགོས། ཡང་བསྐྱར་དབུལ་པོར་འགྱུར་བར་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས།  གཞི་ཁྱོན་ཆེ་བའི་ཡང་བསྐྱར་དབུལ་པོར་མི་འགྱུར་བར་འགན་ལེན་བྱེད་དགོས།  དབུལ་ཐར་ས་ཁུལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ངལ་ནུས་རོགས་ལས་དང་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བྱེད་པ། དབུལ་ཐར་མི་གྲངས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་སྐྱོར་བྱེད་ཐབས་སྤྱོད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོའི་རྗེས་མཐུད་རོགས་སྐྱོར་བཟང་བོ་བྱེད་པ།  ཤར་ནུབ་རྒྱུད་རོགས་ལས་དང་།  དམིགས་འཛུགས་རོགས་སྐྱོར།  སྤྱི་ཚོགས་སྟོབས་ཤུགས་ཀྱི་རོགས་སྐྱོར་བཅས་ཆེ་རུ་བཏང་སྟེ་དབུལ་ཐར་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།

སྙན་ཞུའི་ནང་ད་དུང་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བསྟན་ཡོད།

ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ།  མི་རིགས་ཕན་ཚུན་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།   མི་རིགས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་།  ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ནས། རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་ལག་གདང་སྦྲེལ་ནས་མཉམ་དུ་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་བསྐྲུན་པར་སྐུལ་ལྕག་གཏོང་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།