རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཝང་ཅན་ཅོན་དང་ཞིན་ཁྲང་ཞིན་གཉིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།
2022.03.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་སོ་སོར《ཞིབ་དཔྱོད་ཉིན་རེའི་ཚགས་པར》དང་《མི་དམངས་ཁྲིམས་ཁང་ཚགས་པར》གྱི་བཅར་འདྲི་དང་ལེན་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་ཤུགས་གཅིག་བསྡུས་བྱེད་པ་དང་སྔར་ལས་ནུས་པ་ལྡན་པའི་ཁྲིམས་འཛིན་འགན་སྲུང་སོགས་ཀྱི་བརྗོད་བྱའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་ཆེད་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་ཅི་ལྟར་འདོན་སྤྲོད་བྱས་པ་ཡིན་ནམ་ཞེས་པར། ཝང་ཅན་ཅོན་གྱིས《ཞིབ་དཔྱོད་ཉིན་རེའི་ཚགས་པར》གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན།། དུས་ཡུན་རིང་བོར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གསུམ་པའི་ཞིབ་དཔྱོད་སྡེ་ཁག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཏང་ཀྲུང་དབྱང་དང་། ཆེས་མཐོའི་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་སོ་སོར་བཀོད་སྒྲིག་བྱས་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་ལས་འགན་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཞིབ་དཔྱོད་ཀྱི་འགན་འཁྲི་མངོན་པར་བྱེད་པ་དང་དགེ་མཚན་ལྡན་པའི་བྱས་རྗེས་འབུལ་དགོས།  ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པའི་ཞིབ་དཔྱོད་ལས་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། སའི་གོ་ལའི་སྣེ་གསུམ་པར་སྲུང་སྐྱོང་ཡག་པོ་བྱེད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་གླུ་རུ་ལེན་དགོས་ཞེས་བཤད།

མཚོ་སྔོན་ཁྲིམས་ཁང་གིས་ཁྲིམས་ལྟར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཅི་ལྟར་འགན་སྲུང་བྱས་པ་ཡིན་ནམ་ཞེས་པར།  ཝང་ཅན་ཅོན་གྱིས《མི་དམངས་ཁྲིམས་ཁང་ཚགས་པར》གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། 2021ལོར་མཚོ་སྔོན་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནན་ཏན་གྱིས་ལག་བསྟར་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་ནན་མོ་བྱས་ཏེ། དུས་བབ་དང་བསྟུན་ནས་གོང་འཕེལ་འགྲོ་བ་དང་ཡང་དག་པའི་གསར་གཏོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བའི་རྣམ་པ་གསར་པ་བཏོད་ཡོད། ཝང་ཅན་ཅོན་གྱིས་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་འགན་འཁྲི་གཟི་བརྗིད་ལྡན་པས། མཚོ་སྔོན་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ“ཁྱོན་ཡོངས་གཉིས”ལ་རྐང་ཚུགས་ནས“རྒྱལ་ཁབ་ཀྱི་དོན་ཆེན”ལ་དམིགས་ནས་ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་ནན་མོ་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་འགན་འཁྲི་ལྕི་མོ་འཁུར་ཡོད་ཟེར།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིན་གྱིས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་གོ་སྐད་སྒྲའི2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དམིགས་བསལ་ལེ་ཚན་གྱི་བཅར་འདྲི་དང་ལེན་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ།

རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གྲུབ་འབྲས་དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པ་དང་། མི་ཡིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་ན་སྐྱེ་ཁམས་ཀྱིས་མི་ལ་ཕན་པ་སྐྲུན་པའི་དཔེ་མཚོན་གསོན་པོ་ཞིག་ཡིན། ན་ནིང་ནས་བཟུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་སྐྲུན་པའི་བཀོད་སྒྲིག་གལ་ཆེན་ནན་ཏན་གྱིས་དངོས་འབེབ་བྱས་ནས་ཆེད་དུ་འགུལ་སྐྱོད་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་སྒྲིག་བཟོ་བྱས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གྱི་མཐོ་ས་སྐྲུན་པར་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། གཞི་གཅིག་དུ‘མཐོ་ས་བདུན’སྐྲུན་པའི་བསམ་ཕྱོགས་དང་བྱ་ཐབས་བཏོན་ཡོད། ཞིན་ཁྲང་ཞིན་གྱིས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ནས་མགོ་ཚུགས་ཏེ། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་དོན་སྙིང་གལ་ཆེན་དང་། བྱེད་ཐབས་ཀྱི་ཕན་འབྲས། ཉམས་མྱོང་འཚོལ་ཞིབ་བཅས་ཞིབ་མོར་གླེང་བ་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་བསམ་ཕྱོགས་དང་བྱེད་ཐབས་མཚམས་སྦྱོར་ཡང་བྱས།

རབ་མཛེས་མཚོ་སྔོན་གྱི་མཛེས་པ་གང་དུ་ཡོད་པ་དང་། ནང་དོན་ཅི་ཞིག་ཡིན་ནམ། འགོ་འཛིན་པའི་དྲིས་པའི་དྲི་བ་དེ་ལ་ཞིན་ཁྲང་ཞིན་རང་ཉིད་ལ་མྱོང་ཚོར་ཟབ་མོ་ཡོད་པ་དང་། ཁོས“མཛེས་པ་ལྔ”ཡི་སྒོ་ནས་རབ་མཛེས་མཚོ་སྔོན་གྱི་མཛེས་སྡུག་འགྲེལ་བཤད་བྱས། ཁོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་སྐྲུན་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་བསྟུན་ནས་མཚོ་སྔོན་གྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་ནས་གསོན་ཤུགས་དང་མདུན་ལྗོངས་ཆེན་པོ་ཡོད་ངེས་ཡིན་པར་བཤད།

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་དོན་འཁྱོལ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་དུ་ཇི་ལྟར་བསྐྱོད་རྒྱུ་དང་། ཐོན་ལས“གནས་བཞིའི”འཛུགས་སྐྲུན་གྱིས་ཚང་མར་རེ་ལྟོས་གང་འདྲ་ཞིག་ཁྱེར་ཡོང་ཐུབ་ཅེས་པའི་དྲི་བ་བཏོན་པར། ཞིན་ཁྲང་ཞིན་ཡིད་ཆེས་ཀྱིས་ཁེངས་ནས་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་ཐོན་ལས“གནས་བཞི”བསྐྲུན་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་གནད་ལ་འཁེལ་བའི་སྒོ་ནས་ཤེས་རྟོགས་བྱུང་སྟེ། ང་ཚོར་ཇུས་འགོད་གནང་བའི་འཐབ་ཇུས་གལ་ཆེན་ཞིག་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སོ་སོར་ཆེད་དུ་འཆར་འགོད་བཟོས་ཡོད་པ་དང་། མཐོ་སར་ནས་མགོ་རྩོམ་སྟེ་མུ་མཐུད་དུ་ཤུགས་རྒྱག་དགོས་པ་དང་། དུས་ཡུན་རིང་བོར་འབད་བརྩོན་བྱས་ཏེ་ནན་ནན་ཏིག་ཏིག་གིས་སྐུལ་འདེད་བཏང་། བཅར་འདྲི་དང་ལེན་བྱེད་སྐབས་ཞིན་ཁྲང་ཞིན་གྱིས་ད་དུང་གྲོང་གསེབ་དར་སྤེལ་དང་། དམངས་ཚིས་ལེགས་བཅོས། ཚན་རྩལ་གསར་སྐྲུན། ལས་གཞི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལྷུག་པོར་བརྗོད་དེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་མཚམས་སྦྱོར་བྱས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།