འུར་ཆ་བསྐྱུར་ནས་གཙང་བོའི་མགོ་ཁུངས་སྲུང་སྐྱོབ་བྱས།
2022.03.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

—གཙང་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་གནས་ཚུལ་བཀོད་པ།

འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་པོ་ཆེན་པོ་གསུམ་རྔམ་ཞིང་བརྗིད་པར་བཞུར་བཞིན་ཡོད་ལ། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོའི་གསོས་སུ་སྨིན་བཞིན་ཡོད།

འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ“ཀྲུང་ཧྭའི་ཆུ་མཛོད”དང“ཨེ་ཤེ་ཡ་གླིང་གི་ཆུ་མཛོད”ཀྱི་མཚན་སྙན་ཡོད། དེ་ནི་འཛམ་གླིང་ཐོག་མཚོ་འཕང་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུས་ཡིན་པའི་ས་ཁོངས་ཤིག་རེད།

རང་བྱུང་འཕོ་འགྱུར་དང་མིའི་བྱ་སྤྱོད་སོགས་ཀྱི་རྒྱུ་རྐྱེན་ལས་རྨ་འབྲི་རྫ་འབྱུང་ཡུལ་གྱི་རྩྭ་ཐང་ཉམས་ཞན་དུ་གྱུར་བ་དང་ཆུ་འགོའི་བཞུར་རྒྱུན་ཆད་པ་སོགས་ཀྱི་གནས་ཚུལ་བྱུང་མྱོང་།

2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་ཐོག་མ་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་བྱེད་མགོ་བརྩམས་པ་དང་། “ཁྱིམ་ཚང་རེར་ལས་གནས་རེ་ཡོད་པའི”སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ལམ་སྲོལ་དེ་ཆེས་གཙོ་བོར་གྱུར་ཡོད། སྒྲིག་སྲོལ་ཚོད་ལྟའི་ཁྱབ་ཁོངས་ནང་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་མཁན་དག་ས་གནས་དེ་གའི་སྐྱེ་ཁམས་བདག་སྐྱོང་བར་གྱུར་ནས། ཁོ་ཚོས་འུར་ཆ་བསྐྱུར་ནས་གཙང་པོའི་འགོ་ཁུངས་ལ་སྲུང་སྐྱོབ་བྱས་པས། རྒྱལ་ཁབ་སྤྱི་གླིང་གི་ལྟ་སྲུང་བ་དངོས་སུ་གྱུར་ཡོད།

ལྗང་མདོག་སྲུང་འཛིན་བྱས་ཏེ་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་དགོས།

ལོ་ཞེ་བརྒྱད་ལ་སླེབས་པའི་སྐྱེ་ཁམས་བདག་སྐྱོང་བ་བསོད་ནམས་དབང་མོ་ནི་འབྲི་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་མི་ཡིན། ཀྱག་ཀྱོག་གི་འབྲི་ཆུའི་ཆུ་བོ་གནས་འདི་ནས་བཞུར་བས། “ལེ་དབར་ཁྲི་ཡི་འབྲི་ཆུའི་མཚོ་ཁུག་ཨང་དང་པོའི”མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཆགས་ཡོད།

ཕྱུགས་འཚོ་བ་ནི་སྐོར་གཡེང་བྱེད་པ་དང་མཚོ་སྐོར་བ་ནི་ལྟ་ཞིབ་ཚད་ལེན་བྱས་པ་རེད། སྲོག་ཆགས་མཐོང་སྐབས་ཟིན་ཐོར་འགོད་དགོས”ཞེས་བསོད་ནམས་དབང་མོ་ཡིས་གད་སྙིགས་འཐུ་ཞོར་སྐྱེ་ཁམས་དོ་དམ་པའི་གསོ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས་པའི་མན་ངག་གླེང་བཞིན་ཡོད།

བསོད་ནམས་དབང་མོས་བཤད་རྒྱུར། གནས་འདིར་དེ་སྔོན་རྩྭ་ཐང་ཞན་འགྱུར་ཚབས་ཆེན་ཡིན་པ་མ་ཟད་ད་དུང་ས་ནག་ཐང་དུ་གྱུར་ཡོད། “རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པས་ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྔར་ལས་ཇེ་བཟང་དུ་གྱུར་བ་དང་། རི་སྐྱེས་སྲོག་ཆགས་ཇེ་མང་དུ་གྱུར་ཡོད་ལ། རྩྭ་ཐང་དང་ཆུ་ཚང་མ་དེ་སྔོན་ལས་དྭངས་གཙང་དུ་གྱུར་ཡོད”ཟེར།

ངོ་གདོང་ནག་ཅིང་ལག་ཟུང་རྩུབ་པ། ད་ལོ་རང་ལོ་ཞེ་དགུ་ཡིན་པའི་བུན་ཞའོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་སྐྱེ་ཁམས་བདག་སྐྱོང་བ་ཞིག་རེད། བུན་ཞའོ་ཡི་ལག་འཁྱེར་ཁ་པར་དང་པར་ཆས་ནང་གསའ་དང་ཤྭ་བ་མཆུ་དཀར་སོགས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་མི་ཉུང་བ་ཞིག་ཡོད། རི་སྐྱེས་སྲོག་ཆགས་པར་ལེན་ཐོ་འགོད་བྱ་རྒྱུ་ནི་བུན་ཞའོ་ཡི་བྱ་བ་ཡིན་ལ་ཁོའི་དགའ་ཕྱོགས་ཤིག་ཀྱང་རེད།

བུན་ཞའོ་ཡིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར། “ད་ལྟ་རི་སྐྱེས་སྲོག་ཆགས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྒྱུ་མཚན་ནི་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་ཕྱིན་པས་རེད”ཟེར།

འབྲོག་པའི་རྗེས་རབས་པ་ཞིག་ཡིན་པའི་ཆ་ནས། བུན་ཞའོ་ཡིས་དེ་སྔོན་ཕ་ཡུལ་དུ་ཕྱུགས་ཟོག་ཚད་ལས་བརྒལ་ཏེ་འཚོས་པས་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་སོང་བ་དང་། དེ་ནས“རྒྱལ་ཁབ་སྤྱི་གླིང”གི་དུས་རབས་སུ་སླེབས་རྗེས་སྐྱེ་ཁམས་ཁོར་ཡུག་ལ་སླར་ཡང་འགྱུར་ལྡོག་ཆེན་པོ་བྱུང་བའི་བརྒྱུད་རིམ་ལ་བདེན་དཔང་བྱས། ད་ལྟ། ནགས་ཚལ་སྔོ་ཐིང་ཐིང་དང་ཆུ་བོ་ལང་ལོང་དུ་རྒྱུག་པ། གནའ་བ་ཁྱུ་དང་ཁྱུ་བྱས་ནས་བགྲོད་པ། གསའ་མཐོང་ཐུབ་པ་བཅས་ནི་ཁོས་སྐོར་ཞིབ་བྱེད་པའི་ཁྲོད་རྒྱུན་དུ་མཐོང་ཐུབ་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

བུན་ཞའོ་དུས་རྒྱུན་དུ་མཚོ་འཕང་མུས་བཞི་སྟོང་ཡན་གྱི་ས་ཁུལ་དུ་འདུར་རྒྱུག་བྱེད་བཞིན་ཡོད་ལ། ཟླ་བ་རེར་རི་མགོར་སྐོར་གཡེང་གཟའ་འཁོར་གཅིག་ཙམ་བྱེད་དགོས་མོད། འོན་ཀྱང་ཁོས་དེ་དཀའ་ལས་ཞིག་ཏུ་གཏན་ནས་བརྩི་བཞིན་མེད། ཁོས་བཤད་རྒྱུར། རྩྭ་རྩི་ཤིང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དངོས་སུ་མཐོང་ཐུབ་པ་དང་། ཕ་ཡུལ་གྱི་རི་ཆུ་སྲུང་སྐྱོབ་བྱེད་པ་དངོས་སུ་བདེན་དཔང་ཐུབ་རྒྱུ་ནི་ཁོའི་སེམས་སུ་ཆེས་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད་ཟེར།

ཉེ་བའི་ལོ་དྲུག་གི་རིང་ལ། ས་གནས་དེ་གའི་འབྲོག་པ་སྔར་ལས་མང་བོ་ཞིག་བུན་ཞའོ་དང་བསོད་ནམས་དབང་མོ་གཉིས་དང་འདྲ་བར། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པར་གྱུར་ནས་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད།

ལྗང་མདོག་ལ་བརྟེན་ནས་རེ་བར་སྲུང་སྐྱོབ་བྱེད་པ།

མགོ་ཐོག་ཏུ་སྤྲིན་དཀར་འཁྲིགས་བཞིན་ཡོད། ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་རུ་གྲང་ངར་ཞིག་དང་ལྷན་དུ་ཁུ་སིམ་མེར་གནས། རྫ་ཆུས་དེ་གར་མཛེས་སྡུག་ལྡན་པའི་གཞུ་ཐིག་ཅིག་བྲིས་ཡོད་པ་དང་། དེ་ནི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་རྣམ་སྲས་གྲོག་རོང་ཆེན་པོ་ཞིག་ཏུ་གྱུར་ཡོད། གྲོག་རོང་གི་གཡས་གཡོན་དུ་བང་རིམ་བརྩེགས་ཡོད་པའི་རྣམ་པ་ནི་ཧ་ཅང་མཛེས།

པད་མ་དབང་གྲགས་ནི་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་སྡེ་མི་ཞིག་རེད། དེ་སྔོན་ནོར་ལུག་དང་འབྲེལ་བ་བྱེད་བཞིན་ཡོད་ལ། ད་ལྟ་འུར་ཆ་བསྐྱུར་ནས་ས་གནས་དེ་གར་སྐད་གྲགས་ཆོད་པའི་སྣེ་ཤན་པར་གྱུར་ཡོད། རྣམ་སྲས་ཡུལ་ཚོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པས“གསའ་ཡི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། གནས་དེ་ཡང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱ་འགུལ་སྤེལ་སའི་ཚོད་ལྟའི་གནས་ཐོག་མ་རེད།

སྐྱེ་ཁམས་ཆེད་མཁས་པས་རི་སྐྱེས་སྲོག་ཆགས་ཀྱི་ཤེས་བྱ་དང་ཕྱི་རོལ་གྱི་དོ་སྣང་བྱེད་དགོས་པའི་བྱ་བ་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱས་རྗེས། འབྲོག་པས་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་གཞི་ཁྱོན་ཆུང་བའི་སྐྱེ་ཁམས་ཡུལ་སྐོར་བར་སྣེ་ལེན་བྱེད་ཐུབ་ཀྱིན་ཡོད། ཡུལ་སྐོར་པས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་སྤྱོད་ཀྱི་ཚད་གཞི་རབ་དང་རིམ་པར་བརྩི་སྲུང་བྱས་ནས། དེ་གར་སྐྱེ་ཁམས་ཉམས་ལེན་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་བཞིན་ཡོད།

ད་ལྟ། པད་མ་དབང་གྲགས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་གྱི་དམིགས་བསལ་གཉེར་སྐྱོང་བྱ་འགུལ་ཁྲོད་ཕན་འབྲས་ཐོབ་མཁན་ཞིག་ཡིན་པ་དང་། ཡུལ་སྐོར་བ་ཁྲིད་ནས་གྲོག་རོང་དུ་ལྟ་སྐོར་བྱེད་པ་དང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་པའི་བྱ་འགུལ་སྤེལ་བ་བརྒྱུད། ལོ་གཅིག་གི་ནང་ཡོང་འབབ་མང་པོ་ལེན་བཞིན་ཡོད།

པད་མ་དབང་གྲགས་ཀྱིས་བཤད་རྒྱུར། “ངའི་ཁྱིམ་ནི2019ལོར་རང་བྱུང་ཉམས་ལེན་གྱི་སྣེ་ལེན་བྱེད་པའི་ཁྱིམ་ཚང་དུ་གྱུར་པ་དང་། དེ་མིན་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ལོ་རེའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ལེན་བཞིན་ཡོད་པས། ལོ་གཅིག་གི་ཡོང་འབབ་ཕལ་ཆེར་སྒོར་འབུམ་གཅིག་དང་ཁྲི་ལྔ་ལྷག་ཡོད་ལ། དེ་སྔོན་དང་བསྡུར་ན་དེ་ལྟའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཟེར།

སྣེ་ཤན་པར་མ་གྱུར་སྔོན། པད་མ་དབང་གྲགས་ཚང་གི་ཁྱིམ་གྱི་ཡོང་འབབ་ནི་ཕྱུགས་ལས་ཁོ་ན་ལས་མེད་པས། བཟའ་མི་གང་བོའི་འཚོ་བ་ཧ་ཅང་དཀའ་ངལ་ཆེ་བའི་གནས་སུ་ལྷུང་ཡོད། དམིགས་བསལ་ཆོག་མཆན་སྤྲད་ནས་ཚོང་གཉེར་བྱས་པ་ནས་བཟུང་། འབྲོག་པ་ཁག་ཅིག་གིས་རང་འགུལ་ངང་སྐྱེ་ཁམས་ཆེད་མཁས་པའི་རྗེས་སུ་འབྲངས་ནས་ཤེས་བྱ་མི་ཉུང་བ་ཞིག་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ། ཉེ་འཁོར་གྱི་སྲོག་ཆགས་ཀྱི་རྐང་རྗེས་སོགས་ལ་ལྟ་ཤེས་པར་གྱུར་ཡོད་པས། ཟིན་བྲིས་ཐོག་རི་སྐྱེས་སྲོག་ཆགས་ཀྱི་གནས་ས་དང་བྱ་འགུལ་ལམ་ཐིག་བྲིས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཆེད་ནུས་ཤུགས་འདོན་བཞིན་ཡོད།

པད་མ་དབང་གྲགས་ཀྱིས་བཤད་རྒྱུར། “ང་རང་ཆུང་དུས་གནས་འདིར་འཚར་ལོངས་བྱུང་པ་དང་། རི་བོ་ཆེན་པོ་དེ་སྲུང་ནས་ཕྱུགས་འཚོས་པ་ཡིན། ཕ་ཡུལ་གྱི་མཛེས་ལྗོངས་ལེགས་པོས་ཚང་མར་ཡོང་སྒོ་ཞིག་བསྩལ་ཡོང་བ་སེམས་སུ་ཡང་དྲན་མ་མྱོང”ཟེར།

ལྗང་མདོག་གི་ཕུགས་འདུན་སེམས་སུ་ཉར་ཏེ་སྐྱེ་དངོས་རྩི་ཤིང་ལ་སྲུང་སྐྱོབ་བྱེད།

ཆ་སྙོམས་མཚོ་འཕང་མུས་བཞི་སྟོང་ཡན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པ་དང་། གནམ་གཤིས་ཞན་ཡང་ཚེ་སྲོག་གི་བཀག་སྡོམ་ས་ཁུལ་ཞིག་གཏན་ནས་མ་རེད། ཏག་ཏག་དེ་ལས་ལྡོག་སྟེ། གནས་འདིར་སའི་གོ་ལའི་སྟེང་དུ་ཧ་ཅང་རྒོད་ཉམས་ཀྱིས་ཕྱུག་པའི་ས་གཤིས་ཡུལ་ལྗོངས་ཡོད་དེ། རྒྱ་ཆེ་བའི་ས་འཁྱགས་དང་འཁྱགས་རོམ། རི་རྒྱུད་ཤིན་ཏུ་ཆེ་བ། རྒྱ་ཆེ་བའི་རྩྭ་ཐང་། གནའ་བོའི་གདོད་མའི་ནགས་ཚལ། དེ་ལས་ཀྱང་རི་ཀླུང་ཀུན་ཏུ་ཁྱབ་པའི་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཡོད་པས། འཛམ་གླིང་སྟེང་གི་མཚོ་འཕང་མཐོ་བའི་ས་ཁུལ་ཁྱད་པར་བ་དང་། རྣམ་པར་བཀྲ་བའི་རང་བྱུང་མཛེས་ལྗོངས་གྲུབ་ཡོད།

གསའ་དང་གཟིག ཧི་མ་ལ་ཡའི་འཕྱི་བ། ཤྭ་བ་མཆུ་དཀར་སོགས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་དེ་གར་འཚོ་སྡོད་བྱས་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད།

རྨ་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་རེད། 2021ལོའི་ཟླ་བཅུ་གཉིས་པའི་ཞོགས་པ་ཞིག་ལ། མཚོ་སྐྱ་རེངས་ཡུལ་ཚོ་ཀླུ་ནག་སྡེ་བའི་སྐྱེ་ཁམས་བདག་སྐྱོང་བ་ཨན་ཚའེ་ཡིས་མཚོ་སྐྱ་རེངས་འགྲམ་དུ་སྐོར་གཡེང་བྱེད་སྐབས། ཐག་རིང་ནས་ལམ་འགྲམ་དུ་རྐྱང་ཞིག་ཡོད་པ་མཐོང་བ་དང་། ཨན་ཚེ་ཐག་ཇེ་ཉེར་ཕྱིན་རུང་རྐྱང་འདྲོག་ནས་བྲོས་ཕྱོལ་མི་བྱེད་པ་རེད།

ཨན་ཚེ་ཡིས་གོམ་པ་འགའ་སྤོས་ནས་རྐྱང་དེའི་གམ་དུ་ཐོན་སྐབས། མ་གཞི་རྐྱང་དེ་ལྕགས་དྲའི་ཐོག་ལུས་པ་ཤེས། ཁོ་མྱུར་དུ་སོང་ནས་ལག་པ་གཉིས་ཀྱིས་ལྕགས་དྲ་འཐེན་ཏེ་རྐྱང་གི་རྨིག་པ་ལྕགས་དྲ་ལས་བླངས། དཀའ་གནད་ལས་སྒྲོལ་བའི་རྐྱང་ཡར་ལངས་ནས་མགོ་བོ་བཏེགས་པ་དང་རྐང་པ་གཉིས་སར་རྡེབ་བཞིན་རི་ངོས་སུ་བསྐྱོད། སྐབས་དེར་ཨན་ཚའེ་ཡིས་ལག་པའི་སྟེང་ཁྲག་མང་པོ་བཞུར་གྱིན་ཡོད་པ་གཞི་ནས་ཤེས། “ཨན་ཚའེ་ཡིས་ལག་ཤུབས་ཞིག་མ་གཏོགས་ཅི་ཡང་འཁྱེར་མེད་པ་དང་། སྐམ་པ་སོགས་ཀྱི་ལག་ཆ་གཅིག་ཀྱང་མེད་པས། བློ་གཅིག་སེམས་གཅིག་གིས་རྐྱང་དེ་གང་མྱུར་གྱིས་སྐྱོབ་ཐུབ་བྱས་པ་ཡིན”ཞེས་བཤད།

དེ་རིང་གི་སྲུང་སྐྱོབ་ནི་སང་ཉིན་གྱི་ལྗང་མདོག་གི་ཆེད་དུ་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཨན་ཚའེ་ལྟ་བུའི་རི་སྐྱེས་སྲོག་ཆགས་སྐྱོབ་རོགས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཐོས་རྒྱུ་ཡོད།

ན་ནིང་དགུན་དུས་སུ། ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་ཤེད་གྲོང་རྡལ་སྤེན་མ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་རྡོ་རྗེ་དོན་གྲུབ་དང་འབྲུག་ལྷ་ཚེ་རིང་། དོན་གྲུབ་བཀྲ་ཤིས་གསུམ་གྱིས་རི་ལ་སྐོར་ཞིབ་བྱེད་སྐབས། བྲག་འོག་ཏུ་རྨས་ཕོག་པའི་གསའ་ཞིག་མཐོང་བ་དང་། སྐབས་དེ་དུས་གསའ་ཡི་འགྲམ་དུ་ཁྲག་རྗེས་ཡོད་པ་དང་། ཤྭ་བའི་རྭ་དང་རུས་པ། པགས་པ་བཅས་ཡོད། མི་གསུམ་པོས་ཚོད་དཔག་བྱས་པ་ལྟར་ན། གསའ་དེའི་ཟས་འཚོལ་སྐབས་གཟབ་གཟབ་མ་བྱས་པར་བྲག་ནས་ལྷུངས་རྗེས་རྨས་སྐྱོན་ཕོག་པ་རེད།

ཕྱུགས་ཟོག་སྨན་པའི་མངགས་བཅོལ་ལྟར། འབྲུག་ལྷ་ཚེ་རིང་གིས་རྨས་སྐྱོན་ཕོག་པའི“གངས་རིའི་རྒྱལ་པོ”དེར་ལྟ་རྟོག་ཞིབ་ཚགས་བྱས་ཏེ། སྐམ་ཤ་དུམ་བུར་གཏུབ་ནས་ལྕགས་སྐུད་ཐོག་སྦྲེལ་ཏེ་གསའ་ལ་བྱིན་པ་དང་། ཆུ་འགྱིག་དམ་ནང་དུ་བླུགས་ནས་གསའ་ལ་བླུད།

འབྲེལ་ཡོད་སྙན་ཞུ་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ་དང་། སྔོ་ཁེབས་ཚད་ཡང་མངོན་གསལ་སྒོས་ཆེ་རུ་འགྲོ་བཞིན་ཡོད་ལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཇེ་མང་དུ་འགྲོ་བ་དང་གྲངས་ཀ་ཡང་སླར་གསོ་བྱུང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

“སྲུང་སྐྱོབ་ཀྱི་ཕན་འབྲས་དེ་དག་ནི་སྐྱེ་ཁམས་བདག་སྐྱོང་བ་ཚོའི་འགན་འཁྲི་འཁུར་བ་དང་བརྟན་སྲུང་བྱས་པར་ཁ་འབྲལ་ཐབས་མེད།” རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུན་ལི་ཅོན་གྱིས་བཤད་རྒྱུར། མིག་སྔའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྡོམས་པས་སྐྱེ་ཁམས་བདག་སྐྱོང་བ་ཁྲི་གཉིས་ལྷག་ཙམ་ཡོད་པ་དང་། དེ་དག་གིས་རྩྭ་ཐང་བདག་སྐྱོང་དང་སྐྱེ་ཁམས་ལྟ་དཔྱད། གནམ་གཤིས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད་ལ། ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

ཨན་ཚའེ་ཡིས་བཤད་རྒྱུར། “སྲོག་ཆགས་དེ་དག་ཡོད་ཚེ་རྩྭ་ཐང་གི་མ་འོངས་པ་སྔར་ལས་ཇེ་ལེགས་སུ་འགྲོ་ངེས་རེད”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།