ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་དུ་རྒྱང་བསྟེན་སྨན་བཅོས་བྱེད་བཞིན་པའི་ཚུལ་རེད།
ཟླ3ཚེས6ཉིན་གྱི་སྔ་དྲོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་གི་ཁོང་ནད་ཚན་ཁག་ཏུ་ཛ་དྲག་ཆེ་བའི་དྲན་སྐུལ་གྱི་སྒྲ་ཞིག་བར་མེད་དུ་གྲགས་ཡོང་བ་རེད།
“ཀྲུའུ་རིན་ཀྲའོ་ལགས། ནད་པ་འདིར་ང་ཚོས་ཐོག་མའི་བརྟག་དཔྱད་བྱས་པ་ན་གློ་བའི་དབུགས་སྐྲངས་ནད་བྱུང་ཡོད་པས། ནད་གཞི་ཧ་ཅང་ཚབས་ཆེ། ནད་པ་འདི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་མིན་ལ་བལྟ་རོགས་ཞེས་བཤད། བརྙན་ལམ་བརྒྱུད་ནས་སྨན་པ་ཞིག་གིས་ནད་དཔེ་ལ་བལྟ་ཞོར་དུ་སྐད་ཆ་བཤད་བཞིན་པ་དེ་མཐོང་ཐུབ།
“ཁྱེད་ཀྱིས་ནད་པ་དེ་ཁྱོའི་འགྲམ་དུ་སྡོད་དུ་བཅུག་དང་ངས་ཁོའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་ཅེས་ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་གི་ནད་པ་ལྕི་མོའི་ལྟ་སྐྱོང་ཁང་གི་ཀྲུའུ་རིན་ཀྲའོ་ཀྲི་ཞིས་ཀྱིས་དེ་ལྟར་བཤད།
ཆེད་ལས་ཀྱི་བརྟག་དཔྱད་བྱས་རྗེས། ཀྲའོ་ཀྲི་ཞིས་ཀྱིས་བཤད་རྒྱུར། ནད་ཧ་ཅང་ཚབས་ཆེར་ཕྱིན་ཡོད་པས། ཕྱི་དྲོར་ནད་པ་ང་ཚོའི་སྨན་ཁང་དུ་ཞག་སྡོད་བྱས་ནས་བརྟག་དཔྱད་གསལ་བོ་བྱེད་དགོས། ཁྱེད་ཀྱིས་སྔོན་ལ་ནད་པའི་ཆ་འཕྲིན་བསྐུར་ཤོག་དང་། ང་ཚོས་ནད་པ་སྨན་ཁང་དུ་ཞག་སྡོད་བྱེད་པའི་ཆ་འཕྲིན་ཐོ་འགོད་བྱེད་པར་གྲ་སྒྲིག་བྱེད་དགོས། ཕྱི་དྲོར་ནད་པ་སྨན་ཁང་དུ་ཡོང་ནས་ཐད་ཀར་ཞག་སྡོད་དང་བརྟག་དཔྱད་བྱེད་ཆོག་ཅེས་བཤད།
བརྙན་རིས་ཆུང་ཆུང་གི་སྣེ་གཉིས་ནས་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལེགས་པོ་བྱེད་པ་ནི་དུས་ཚོད་དང་འགྲན་སྡུར་བྱེད་པའི་འགྲན་ར་ཞིག་ཡིན་ལ། ཚེ་སྲོག་གོང་དུ་བཀུར་བའི་སྨན་པ་ཞིག་གི་འགན་འཁྲི་ཡིན་པར་མ་ཟད། མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་མཐོ་རུ་གཏོང་བའི་འགན་ལེན་ཞིག་ཀྱང་ཡིན་པ་རེད།
ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་སྤྱོད་སྨན་ཁང་ཞིག་ཡིན་ལ། སྨན་ཁང་འདི་བཙུགས་པ་ནས་ད་ལྟའི་བར་དུ་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཆ་འཕྲིན་ལྟེ་གནས་དང་། སྨན་རྫས་ཉོ་སྒྲུབ་ལྟེ་གནས། བརྙན་ལེན་ལྟེ་གནས། ནོར་དོན་ཞིབ་རྩིས་ལྟེ་གནས། ཞིབ་བཤེར་ལྟེ་གནས་བཅས་ལྟེ་གནས་ཆེ་གྲས་ལྔ་བཙུགས་ནས། ལག་རྩལ་རོགས་སྐྱོར་དང་། ཆ་འཕྲིན་མཉམ་འབྲེལ། ཕྱོགས་གཉིས་སུ་སྨན་བཅོས་སྤོ་སྒྱུར། རིམ་དབྱེའི་སྨན་བཅོས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡན་ལག་སྨན་ཁང་སོ་སོ་དང་མཉམ་ལས་བྱེད་བཞིན་ཡོད་པ་རེད།
རྒྱང་བསྟེན་སྨན་བཅོས་ལྟེ་གནས་ཀྱི་རྒྱ་ཁྱོན་དེ་འདྲ་མི་ཆེ་ནའང་ཁང་པའི་ནང་གི་གློག་འོད་དང་། ཆེད་ལས་ཀྱི་ཆ་ཚང་སྒྲིག་བཀོད། རིག་ལྡན་བཀོལ་སྤྱོད་མ་ལག་བཅས་ཆ་ཚང་ བས། ནད་བརྟག་སྨན་བཅོས་བྱེད་པར་ཆེད་ལས་ཀྱི་ནུས་པ་བཟང་བོ་འདོན་བཞིན་ཡོད། ལྟེ་གནས་དེས་སྨན་བཅོས་མི་སྣར་ནད་གཞི་བརྟག་དཔྱད་བྱེད་པར་རམ་འདེགས་བྱེད་པའི་དུས་མཚུངས་སུ། སྨན་ཁང་སོ་སོའི་སྨན་བཅོས་མི་སྣས་ཕན་ཚུན་སློབ་སྦྱོང་དང་བརྗེ་རེས་བྱེད་པའི་ལས་སྟེགས་བཟང་པོ་ཞིག་ཏུ་གྱུར་ཡོད།
རྒྱང་བསྟེན་སྨན་བཅོས་ནི་བཅོས་དཀའ་བའི་ནད་དང་ནད་ལྕི་བའི་ནད་པར་ཆེད་དུ་དམིགས་པ་ཞིག་ཡིན། གལ་ཏེ་འཕྲོད་བསྟེན་ཁང་གང་ཞིག་ལ་ནད་གཞི་རྙོག་འཛིང་ཆེ་བ་དང་བརྟག་དཔྱད་ཡག་པོ་བྱེད་མི་ཐུབ་པའི་ནད་པར་འཕྲད་ཚེ། ང་ཚོ་སྨན་ཁང་ལ་རྒྱང་བསྟེན་སྨན་བཅོས་ཀྱི་རེ་ཞུ་བྱེད་ཆོག་པས། ང་ཚོ་ཕྱོགས་གཉིས་ཀྱིས་མགྱོགས་མྱུར་ངང་དུས་ཚོད་གཏན་འཁེལ་བྱས་ནས་མཉམ་དུ་ནད་གཞིར་བརྟག་དཔྱད་བྱ་རྒྱུ་དང་། ནད་གཞིར་བརྟག་དཔྱད་མ་བྱས་གོང་འཕྲོད་བསྟེན་ཁང་གཞན་དག་ལ་བརྡ་ཐོ་བཏང་ནས་མཉམ་དུ་ནད་གཞིར་བརྟག་དཔྱད་བྱེད་ཆོག་ཅེས་ཁོང་ནད་ཚན་ཁག་གི་ཀྲུའུ་རིན་ཉི་གཡང་སྒྲོལ་མས་དེ་ལྟར་བཤད།
རྒྱང་བསྟེན་སྨན་བཅོས་དང་མཐུན་སྦྱོར་སྨན་བཅོས་སོགས་ཕན་ཚུན་འབྲེལ་མཐུད་བྱེད་སྟངས་སྣ་ཚོགས་བརྒྱུད། རྫོང་དང་ཡུལ་ཚོ་རིམ་པའི་སྨན་བཅོས་ཆུ་ཚད་ཇེ་མཐོར་སོང་བ་དང་། དྲ་སྦྲེལ་དང་སྨན་བཅོས་ཀྱི་རྣམ་པ་དེས་སྨན་བཅོས་ཞབས་ཞུ་མཉམ་སྤྱོད་འཛུགས་སྐྲུན་ཁྲོད་ནུས་པ་ཆེན་པོ་བཏོན་ཡོད། མིག་སྔའི་བར་ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་གིས་རྒྱང་བསྟེན་སྨན་བཅོས18ལྷག་དང་། དྲ་རྒྱའི་མཐུན་སྦྱོར་སྨན་བཅོས193ལྷག ས་ཁོངས་ཀྱི་བརྙན་ལེན723ལྷག ས་ཁོངས་ཀྱི་ཞིབ་བཤེར81། སྨན་བཅོས་སྤོ་སྒྱུར་གྱི་ནད་དཔེ444བཅས་བདེ་བླག་ངང་ལེགས་འགྲུབ་བྱས་པར་མ་ཟད། ཞིབ་བཤེར་ལྟེ་གནས་དང་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་4ཡི་ཞིབ་བཤེར་བྱས་འབྲས་ལ་ཕན་ཚུན་གྱི་ཁས་ལེན་ཐོབ་ཡོད།
ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་གི་ཡོན་ཀྲང་བུ་ཉི་མས་བཤད་རྒྱུར། རྗེས་ཕྱོགས་ང་ཚོས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྤེལ་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། འཛུགས་སྐྲུན་གྱི་ཁྱབ་ཁོངས་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ཚང་མར་ཁྱབ་པར་བྱེད་རྒྱུ་དང་། སྤུས་ལེགས་ཐོན་ཁུངས་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དུ་བཀོལ་སྤྱོད་བྱེད་རྒྱུ་ཡིན་པར་མ་ཟད། ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་སྨན་བཅོས་མི་སྣས་སྤྱི་ཚོགས་ལ་སྔར་ལས་ཞབས་འདེགས་ཞུ་ཐུབ་པར་བྱེད་རྒྱུ་ཡིན། ང་ཚོ་སྨན་ཁང་གིས་ཀྱང་ཆེད་ལས་ལག་རྩལ་མི་སྣ་མངགས་ནས་སྨན་བཅོས་ཞབས་ཞུ་མཉམ་སྤྱོད་ཡན་ལག་སྨན་ཁང་དུ་ཁྱད་ལྡན་ཚན་ཁག་འཛུགས་པར་རོགས་སྐྱོར་བྱེད་པ་དང་། ལས་སྒོའི་རྐང་འཛིན་པ་མངགས་ནས་གཞི་རིམ་གྱི་ཁྱད་ལྡན་ཚན་ཁག་གི་ལས་སྒོའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།