རྨ་ཆེན་གངས་འདབས་ཀྱི་དྲིལ་སྒྲོག་རུ་ཁག
2022.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

མཚོ་འཕང་ལ་རྨིད6282ཡོད་པའི་ཨ་མྱེས་རྨ་ཆེན་གངས་འདབས་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྩྭ་ཐང་དུ། “དབྱང་རླུང་དཀོན་རུང་སྙིང་སྟོབས་མི་ཉམས།དཀའ་ཚེགས་ཆེ་རུང་དཀའ་ངལ་ལ་མི་སྐྲག”པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཁྱིམ་ཚང་རེ་རེར་བསྐྱལ་ནས་ས་གནས་མང་ཚོགས་ཀྱི་སེམས་ལ་དྲོད་ཀྱིས་ཁེངས་པར་བྱས།

ཁོ་ཚོ་ནི་དགའ་བདེ་རྫོང་གཙང་ཞོལ་མ་ཡུལ་ཚོའི“6282”མཐོ་སྒང་དྲིལ་སྒྲོག་རུ་ཁག་རེད། ཁོ་ཚོ་ནི་རིག་གནས་ཡུལ་སྐོར་དང་སྨན་བཅོས་འཕྲོད་བསྟེན། ཕྱུགས་ལས་ཐོན་སྐྱེད། སྐྱེ་ཁམས་ཁོར་ཡུག སྲིད་ཇུས་གཞུང་ལུགས།སློབ་གསོ་སློབ་ཁྲིད།ཁྲིམས་སྐྱོང་སློབ་གསོ། སྤྱི་ཚོགས་འགན་སྲུང་། བུད་མེད་དང་བླངས་པ། ན་གཞོན་དང་བླངས་དྲིལ་སྒྲོག་རུ་ཁག་བཅས་ཀྱིས་གྲུབ་ཅིང་། ཁོ་ཚོའི་ཁྲོད་དུ་རྒན་པ་ཡོད་ལ་དར་མ་ཡོད་པ་དང་ན་གཞོན་བུད་མེད་ཀྱང་ཡོད།

མགོ་ལོག་རྩྭ་ཐང་ལ་མཚོན་ན། ས་ཆ་གཞན་དང་མི་འདྲ་བར་དཔྱིད་ཀའི་དུས་སུ་ད་དུང་ཁ་བ་མོད་པ་དང་དྲག་རླུང་ལྡང་བས། ཁོ་ཚོ་ཡུལ་ཚོ་སྲིད་གཞུང་དང་བར་ཐག་སྤྱི་ལེ་མང་པོས་ཆོད་པའི་རྩྭ་ཐང་དང་རི་བོ། གངས་ཁྲོད་དུ་སོང་ནས་མཉམ་རུབ་དྲིལ་སྒྲོག་དང་ཁྱིམ་ཚང་རེ་རེར་དྲིལ་སྒྲོག་བྱེད་པའི་བྱེད་ཐབས་སྤྱད་ནས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་།གཙང་ཞོལ་མ་ཡུལ་ཚོའི་ཡུལ་ལུང་ཀུན་ལ་སྔར་དང་མི་མཚུངས་པའི་གསོན་ཤུགས་གསར་བ་ཞིག་རྒྱས་ཡོད།

དྲིལ་སྒྲོག་རུ་ཁག་ས་ཆ་གང་དུ་ཕྱིན་ཡང་། ཁོ་ཚོའི་འོས་འགན་ནི་མང་ཚོགས་དང་ཉེ་བར་བཅར་ཏེ་གོ་སླ་བའི་སྒོ་ནས་སྡེ་བའི“ཨུ་ཡོན་ལྷན་གཉིས”ཀྱི་འགན་འཁྲི་ཧུར་ཐག་གིས་འཁུར་བ་དང་མི་དམངས་མང་ཚོགས་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་སྐུལ་སློང་བྱས་པར་མ་ཟད།“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱས་ཏེ་རང་གིས་རང་ཉིད་བཅོས་སྐྱོང་དང་ཁྲིམས་ཀྱིས་བཅོས་སྐྱོང་བྱེད་པ། སྤྱོད་བཟང་གིས་བཅོས་སྐྱོང་བྱེད་པ་བཅས་ཟུང་དུ་སྦྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྡེ་བའི་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གིས་ཏང་གི་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ་སྡེ་བའི་ཨུ་ཡོན་ལྷན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས།འབྲོག་པ་མང་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ཀྱི་ལས་ལ་འབད་བཞིན་ཡོད།

ཐག་རིང་བའི་ས་ཁུལ་དུ་འཕྲུལ་རྟར་ཞོན་ནས་བསྐྱོད་པ་དང་། ལམ་མི་བདེ་བའི་ས་ཁུལ་དུ་རྐང་ཐང་དང་རྟར་ཞོན་ནས་ཁྱིམ་ཚང་རེར་སོང་ནས་ས་གནས་མང་ཚོགས་ལ་ཆེས་མཁོ་གལ་ཆེ་བའི་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། ཉེ་དུས་རྒྱལ་ནང་གི་རིམས་ནད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་མུ་མཐུད་དུ་དོན་འཁྱོལ་བྱེད་པ་དང་། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མི་དམངས་དང་རང་བྱུང་གནོད་འཚེ་དང་ནད་རྐྱེན་སོགས་ཀྱི་གནད་དོན་ལ་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས་སྤྱི་ཚོགས་རོགས་སྐྱོར་དང་སྨན་བཅོས་འགན་ལེན་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ། འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རང་བྱུང་ནགས་ཚལ་སྲུང་སྐྱོབ་ཉམས་གསོ་དང་རྩྭ་ཆུ་སོགས་རང་བྱུང་སྐྱེ་དངོས་བདག་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ་རེད།དེ་མིན་མང་ཚོགས་ལ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་དོན་སྙིང་གལ་ཆེན་ངོས་འཛིན་བྱེད་པར་ཁྲིད་སྟོན་བྱས་ནས།ཕྱུགས་ལས་ལ་གནོད་འཚེ་ཚབས་ཆེན་ཐེབས་པར་དོགས་ཟོན་དང་སྔོན་འགོག་བྱེད་དགོས་པའི་ཐད་ནས་སློབ་གསོ་བཟང་པོ་བཏང་མཐར། གཙང་ཞོལ་མ་ཡུལ་ཚོའི་མང་ཚོགས་ཀྱི་སེམས་སུ་ཁོ་ཚོ་ནི་ཤ་ཉེ་དང་གྲོགས་བཟང་པོར་གྱུར་ཡོད།

ཟླ3པར་སློབ་མགོ་ཚུགས་མ་ཐག་དྲིལ་སྒྲོག་རུ་ཁག་ཁྱིམ་ཚང་རེར་སོང་ནས་སློབ་གསོའི་གལ་ཆེའི་རང་བཞིན་དང“སློབ་གསོའི”དོན་སྙིང་གཙོ་གནད་དུ་བཟུང་ནས་སློབ་གསོའི་གལ་ཆེའི་རང་བཞིན་ངོ་སྤྲོད་བྱས་པ་དང་། སློབ་ལོ་རན་པའི་བྱིས་པ་སློབ་གྲྭ་འགྲིམས་ཏེ་སློབ་གསོ་མྱོང་པར་ལྕག་སྐུལ་བཏང་བར་མ་ཟད། གྲོང་གསེབ་འཆར་འགོད་དང་ཇུས་འགོད་འཛུགས་སྐྲུན། དོ་དམ་བཅས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་མ་འོངས་པར་ཕ་ཡུལ་དུ་ལས་ཞུགས་བྱེད་པའི་འབོད་སྐུལ་བྱས། རྒན་གསོ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་པར་ཁྲིད་སྟོན་བྱས་ནས།གྲོང་གསེབ་ཏུ་དངོས་རྫས་རྫུན་མ་དང་ཁྲིམས་འགལ་ངང་མ་དངུལ་བསྡུ་བ། ཆ་འཕྲིན་རྫུན་བཟོ་སོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཉེན་ཟོན་སློབ་གསོ་བཏང་བ་དང་འབྲེལ་ནས་ནག་འཇོམས་ངན་སེལ་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་ནས་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཁྲིད་སྟོན་བྱས།

མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། མང་ཚོགས་ཀྱིས་རང་འགུལ་ངང་ལུས་རྩལ་འགྲན་ཚོགས་སྤེལ་བཞིན་ཡོད་པའི་གནས་བབ་ལ་དམིགས་པ་དང་། དྲིལ་སྒྲོག་རུ་ཁག་གིས་དམངས་ཁྲོད་སྡོད་ཁང་དང་འབྲོག་པའི་སྤྲོ་སྐྱིད་གླིང་སོགས་རྣམ་པ་སྣ་ཚོགས་ཀྱི་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་པར་མ་ཟད། སྐོར་བྲོ་སོགས་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་།《དམངས་དོན་ཁྲིམས་གཞུང》དང་ཟུང་འབྲེལ་བྱས་ཏེ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ཤེས་བྱ་དྲིལ་སྒྲོག་དང་། བུད་མེད་ཀྱིས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།

དྲིལ་སྒྲོག་རུ་ཁག་གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ་གཙང་ཞོལ་མ་ཡུལ་ཚོའི“ལས་བྱེད་མི་སྣ་བརྒྱ་ཕྲག་གཞི་རིམ་དུ་སོང་ནས་དམངས་ལ་དོན་དངོས་སྒྲུབ་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས“6282”ཡི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་བ་དང་།གྲང་ངར་ཆེ་བའི་དུས་ཚིགས་འདི་ལ་གཞུང་ལམ་གྱི་དར་ཁ་སོགས་བདེ་ལ་ཁོད་པ་དང་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་གཙང་སྦྲ་བྱས་པ་བརྒྱུད་དེ་ཞབས་ཞུའི་དོན་སྙིང་ཤེས་རྟོགས་གང་ལེགས་ཐུབ་པ་བྱས་ཤིང་།མང་ཚོགས་ཀྱི་འགྲོ་འོང་དང་འཚོ་བར་སྟབས་བདེ་བསྐྲུན་པས་ས་གནས་ཀྱི་མགོ་ཁྲིད་དང་ལས་བྱེད་མང་ཚོགས་ཀྱི་བསྟོད་པའི་གནས་སུ་གྱུར་ཡོད།

རྒྱུས་ལོན་པ་ལྟར་ན། གཙང་ཞོལ་མ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། ཡུལ་ཚོའི་ཐད་གཏོགས་ཚན་ཁག་གིས“གོང་རིམ་དྲིལ་སྒྲོག་དང་ཡུལ་དངོས་དྲིལ་སྒྲོག་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་ནས་མཉམ་གཅིག་ཏུ་དྲིལ་སྒྲོག་སྣ་ཚོགས་ཐེངས14སྤེལ་བ་དང་།ཚོགས་ཞུགས་མི་སྣ1200ལྷག་ཙམ་ཡོད་ལ། དེ་མིན་འབྲེལ་ཡོད་ཤེས་བྱ་དག་གསར་འགྱུར་སྨྱན་སྦྱོར་དང་སྐད་ཕྲིན་སོགས་ནས་བརྒྱུད་བསྐུར་བྱས་པས་འབྲོག་པ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་གྲོང་གསེབ་དར་སྤེལ་ནང་ཞུགས་ཚད་མཐོ་རུ་སོང་ཡོད།

                                                   རྩོམ་སྒྲིག་པ། གཡང་འབུམ་རྒྱལ།