ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་བ་བསྐྲུན།
2022.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

འདས་པའི་ལོ་གཅིག་གི་རིང་ལ། གསར་སྐྲུན་གྱི་སྣེ་འཁྲིད་ལ་ཤུགས་བསྣན་ནས་ཐོན་ལས་དང་འདོན་སྤྲོད་ཀྱི་སྦྲེལ་ཐག་བརྟན་འཇགས་སུ་བཏང་། རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཚན་རྩལ་ལས་གཞི་གལ་ཆེན་ལག་བསྟར་ལ་སྐུལ་འདེད་བཏང་། ཀྲུང་དབྱང་གི་ནོར་སྲིད་ཚན་ཞིབ་འགྲོ་གྲོན་དོ་དམ་ལ་བཅོས་བསྒྱུར་འཐུས་ཚང་བྱས་ཏེ། བར་བརྒྱུད་གྲོན་དངུལ་གྱི་བསྡུར་ཚད་ཇེ་མཐོར་དང་ཚན་རིག་ཞིབ་འཇུག་གི་བདག་དབང་རྒྱ་བསྐྱེད་དགོས། གྲོན་དངུལ་སྣོན་རྩིས་འཕྲི་འཐེན་གྱི་སྲིད་ཇུས་མུ་མཐུད་དུ་ཞིབ་འཇུག་གསར་གཏོད་བྱས་ཏེ། བཟོ་སྐྲུན་ལས་རིགས་གཉེར་མཁན་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་བརྒྱ་ཆའི་བརྒྱ་ཇེ་མཐོར་བཏང་། ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་། ཐོན་ལས་སྟོབས་ཆེན་ཕན་ཚུན་སྦྲེལ་རེས་ལ་ཤུགས་བསྣན། སྲོལ་རྒྱུན་ཐོན་ལས་གཞི་གྲངས་ཅན་དང་རིག་ཤེས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ལ། གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་སྲུང་འཛིན་བྱས།

ད་ལོར་གསར་སྐྲུན་སྒུལ་ཤུགས་སུ་འཛིན་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་དང་། དངོས་ཕུང་དཔལ་འབྱོར་གྱི་རྩ་བ་ཇེ་རྒྱས་ཇེ་བརྟན་དུ་བཏང་། ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་དང་ཐོན་ལས་ལེགས་སྒྱུར་རིམ་སྤར་ལ་སྐུལ་སྤེལ། མཁོ་སྤྲོད་ལ་ཐེབས་པའི་འཆིང་རྒྱ་གཏོར་བ་བཅས་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་གཏང་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་བ”འགོ་རྩོམ་པའི་ལོར། མཚོ་སྔོན་གྱིས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་གསར་པར་མུ་མཐུད་ནས་སྐུལ་འདེད་བཏང་ནས། ཚན་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་དང་གྲུབ་འབྲས་གཞན་སྒྱུར་གྱི་སྟེང་ལ་ནུས་ཤུགས་བཏོན་པས། མཚོ་སྔོན་གྱི་ཚན་རྩལ“མཁྲེགས་པོ”ཡི་སྟོབས་ཤུགས་དངོས་མཚོན་པའི་མིང་བྱང་རེ་རེ་ཕྱིར་མངོན་ནས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་དུ་གྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་མ་སྐུལ་དང་ལེན་སྒོས་ཞབས་ཞུ་བསྒྲུབ་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། “ས་ཁུལ་བཞི”འཛུགས་སྐྲུན་སོགས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་པ་སྤྱི་ལ་འབྲེལ་བའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བྱས་ཏེ། འབྲེལ་ལམ་མང་པོ་ནས་ཚན་རྩལ་གྲུབ་འབྲས་འདོན་སྤྲོད་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། ཁྱོན་ཡོངས་ལ་སྦྲེལ་བའི་ཚན་རྩལ་གསར་སྐྲུན་གྱི་ཞབས་ཞུའི་མ་ལག་སྒྲིག་འཛུགས་བྱས། ཚན་རྩལ་གསར་སྐྲུན་གྱི་ལྟེ་བའི་གནས་བབ་འབུར་དུ་བཏོད་དེ། འཕེལ་རྒྱས་གསར་པའི་དུས་རིམ་ལ་དམ་འཛིན་ཡང་དག་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་དོན་འཁྱོལ། འཕེལ་རྒྱས་གསར་པའི་བཀོད་པ་མགྱོགས་མྱུར་སྒོས་བསྐྲུན་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཆེད་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།

“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་ཉར་ནས་ཚན་རྩལ་གསར་སྐྲུན་གྱི་ནུས་པ་མཐོར་འདེགས་སུ་གཏང་དགོས།

ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ས་གཞིའི་སྟེང་། མི་རབས་དུ་མའི་ཚྭ་མཚོ་པས་འབད་པ་བྱས་བ་བརྒྱུད། མཚོ་སྔོན་གྱི་ཚྭ་མཚོས་ཚབ་བྱས་པའི་ཀྲུང་གོའི་ཚྭ་མཚོའི་ཚན་རྩལ་གསར་སྐྲུན་གྱི་ནུས་པ་དང་ཆུ་ཚད་དེ་འཛམ་གླིང་གི་རྩེ་གྲས་སུ་སླེབས་ཡོད་པ་དང་། “ལས་གཞི་དང་འཇོན་མི། ཚན་རྩལ། མ་དངུལ། སྟེགས་བུ། ཁེ་ལས”བཅས་ཐོན་ལས་དང་སློབ་སྦྱོང་། ཞིབ་འཇུག་གསུམ་གཞི་གཅིག་ཅན་གྱི་ཚན་རྩལ་གསར་སྐྲུན་གྱི་མ་ལག་ཆ་ཚང་ཞིག་གཞི་རྩའི་ཐོག་བཙུགས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་ཞིག་བཏིངས།

2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཁྱད་སྟོབས་དང་ཐོན་ཁུངས་ལ་ཟུང་འབྲེལ་བྱས་ནས། གསར་སྐྲུན་སྒུལ་ཤུགས་སུ་འཛིན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་གསར་འཛུགས་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ འཁོར་སྐྱོད་མ་ལག་བསྐྲུན་ནས། ས་གནས་རང་གི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་དགོས་ཞེས་གསུངས།

དུས་དེ་ནས་བཟུང་། “འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི”མཚོ་སྔོན་ཚྭ་མཚོའི་ལས་དོན་འཕེལ་རྒྱས་ལ་མདུན་ལྗོངས་གསར་པ་ཞིག་དང་ཁ་ཕྱོགས་གསར་པ་ཞིག་ཡོད་པར་གྱུར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”ཚན་རྩལ་གསར་སྐྲུན་གྱི་འཆར་འགོད》བཟོས་ནས་འགྲེམས་སྤེལ་བྱས་ཤིང་། འཕེལ་རྒྱས་ཀྱི་དམིགས་འབེན་གསལ་པོ་བྱས་པ་མ་ཟད། གཙོ་གནད་གཅིག་དང་ཁ་ཕྱོགས་བཞི། བྱེད་ཐབས་བརྒྱད། ལེགས་སྒྱུར་བཞི། བཅོས་སྒྱུར་ལྔ་གཟེངས་སུ་བཏོད་དེ། ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་ཐོན་ལས་རིམ་སྤར་བྱས་པ་དང་། གསར་སྐྲུན་རང་བཞིན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཀྲང་ཡུང་ལི་ཡིས་བཤད་རྒྱུར། ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བྱས་ན་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པར་ཕན་པ་ཡོད། “བཟོ་སྐྲུན”ནས“རིག་སྐྲུན”བར་གྱི་བརྗེ་སྒྱུར་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། ཁ་གཏད་རང་བཞིན་ལྡན་པ་དང་གཅིག་བསྡུས་ཀྱི་ཆ་ཚང་སྒྲིག་ཆས་སྲིད་ཇུསབཏོན་ཡོད། ཚན་རིག་ཞིབ་འཇུག་དང་ཚན་རྩལ་གསར་བསྐྲུན་ལ་ཤུགས་བསྣན་ནས་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་བསྐྱེད་དགོས་པ་དང་། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དང་ཁྱབ་རྒྱ་ཇེ་ཆེར་བཏང་ནས་ལག་རྩལ་གྱིས་སྐུལ་འཁྲིད་དང་ཚན་རྩལ་དཔེ་སྟོན་གྱི་ནུས་པ་ལེགས་པོར་བཏོན་ནས། ཚན་རྩལ་གྲུབ་འབྲས་ཏེ་ཐོན་རྫས་དང་ཐོན་ལས། ཕན་འབྲས། ཐོན་སྐྱེད་ནུས་ཤུགས་བཅས་སུ་བསྒྱུར་དགོས། རང་བདག་གསར་བསྐྲུན་དང་མཉམ་ལས་གསར་སྐྲུན་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་ཚན་རྩལ་ལམ་ལུགས་བཅོས་སྒྱུར་ལེགས་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཐད་ཀྱི་གཞི་ཁྱོན་བརྟན་འཇགས་སྒོས་ཇེ་ཆེར་བཏང་ནས་ཚན་རྩལ་གསར་སྐྲུན་འཕེལ་རྒྱས་ཀྱི་རྣམ་པ་དང་ཁ་དབུགས་བཟང་པོ་ཆགས་དགོས། སྦྲེལ་དྲ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ཤེས། 5Gལ་སོགས་པའི་སྔོན་ཐོན་ལག་རྩལ་ཏེ་གཏེར་ཁ་དང་བཙོ་སྦྱངས། ལས་སྣོན་བཅས་ཀྱི་ཁེ་ལས་ཁྲོད་སྤྱད་དེ། གཏེར་ལས་དང་ཁེ་ལས་མི་ཉུང་བ་ནས་མེད་པའི་ལམ་ཁར་ཕྱོགས་པའི་རྣམ་པར་སྐུལ་འདེད་བཏང་ནས། གཏེར་ཁའི་ཁེ་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་དང་བདེ་འཇགས་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏང་དགོས་ཟེར།

ཐོན་ལས་ཀྱི་དགོས་མཁོར་དམིགས་ནས་ཁྱད་ལྡན་ཁྱད་སྟོབས་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་འཁྲིད་དགོས།

ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་སུ། མཚོ་སྔོན་ཞིང་ཆེན་གྱིས་ཚྭ་མཚོའི་ལོས་མཱེ་རྡོ་ལས་དབྱང་འགྱུར་མཱེ་དག་མའི་ཤེལ་གཟུགས་རྒྱུ་ཆ་བཟོ་བའི་ལག་རྩལ་བེད་སྤྱད་དེ། ལོ་གཅིག་ནང་ཤེལ་གཟུགས་དག་མའི་དབྱང་འགྱུར་མཱེ་ཏུན་སྟོང་གཅིག་རེ་ཐོན་སྐྱེད་བྱེད་ཐུབ་པའི་དཔེ་སྟོན་བཙུགས་ནས་རྒྱལ་ནང་གི་སྟོང་ཆ་བསྐངས། ཁྱད་ལྡན་ཞིང་ཕྱུགས་ལས་ཁྱབ་ཁོངས་སུ་རྒྱུད་འདྲེས་ལོག་དཀར་དང་ཞོག་ཁོག་སོགས་མཐོ་སྒང་གི་ཁྱད་ལྡན་འབྲུ་སྣ“གསོ་སྤེལ་གཞི་གཅིག་ཅན”ཡིན་པའི་དེང་རབས་འདེབས་འཛུགས་ཕྱོགས་ཀྱི་ཚན་རྩལ་གསར་སྐྲུན་གྱི་རྣམ་པ་གསར་བ་བཏོད། སྐྱེ་དངོས་གསོ་རིག་ཁྱབ་ཁོངས་སུ། འཕང་འབྲས་ཀྱི་འབྲུ་གུ་ལས་སྤྲི་དཀར་ཏུན་བརྒྱ་ཐོན་སྐྱེད་བྱེད་ཐུབ་པའི་འབྲེལ་ཐག་བཙུགས་པ་དང་། ནས་ཀྱི་ཐོན་རྫས་སྣ་དྲུག་གསར་སྤེལ་བྱས།

མཚོ་སྔོན་གྱི་ཁེ་ལས་ཕྱིར་བསྐྱོད་ན་འགྲན་རྩོད་ཡང་ངེས་ཅན་ཞིག་ཡོད་ངེས། དེ་བས་རྒྱུན་ཆད་མེད་པར་གསར་སྐྲུན་དང་ཐོལ་བརྒལ་བྱེད་དགོས་ལ། ཚན་རྩལ་རྩེ་གྲས་ལ་མཉམ་འབྲེལ་བྱས་ཏེ་ལས་རིགས་ཀྱི‘སྣེ་འཁྲིད་དེ་མདུན་དུ་བསྐྱོད’དགོས་ཞེས་མཚོ་སྔོན་ཀྲུང་ཧྲོས་ཧྲུའུ་དབྱི་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱིའི་ལས་འཛིན་པ་ཧོང་རོས་ཅོན་གྱིས་དེ་ལྟར་བཤད་པ་དང་། ཁོས་བལྟས་ན་ལག་རྩལ་ནི་གསར་སྐྲུན་གྱི་སྒུལ་ཤུགས་ཐོག་མ་དེ་ཡིན་ཟེར།

ལོ་ངོ་བདུན་གྱི་རིང་ལ།  ཧོང་རོས་ཅོན་གྱིས་དཔུང་སྡེའི་སྣེ་འཁྲིད་དེ་རང་བདག་གིས་ཆ་འཕྲིན་ཅན་གྱི་མ་ལག་གསར་སྤེལ་བྱས་པ་དང་། ཞིང་ཆུ་འདྲེན་ཁུལ་གྱི་དོ་དམ“གཞི་གྲངས་ཆེན་མོ”ལ་བརྟེན་ནས་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཆ་འཕྲིན་ཅན་གྱི་དོ་དམ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས།

ཚན་རྩལ་གསར་སྐྲུན་ནི་ནུས་ཁུངས་བརྗེ་སྒྱུར་ཇེ་མགྱོགས་སུ་གཏང་ཐུབ་པའི་ཁག་ཐེག་གལ་ཆེན་ཞིག་ཡིན། མཚོ་སྔོན་ལ་མཚོན་ན་ཚན་རྩལ་གསར་སྐྲུན་གྱིས་གློག་དྲ་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་ཞིག་བསྣན་ཡོད། མཚོ་སྔོན་གློག་དྲས་རྒྱལ་ནང་ནས་སྔ་རྗེས་སུ་སྔོན་ལ་ནུས་ཁུངས་གཙང་མ་ཡོངས་སུ་བཀོལ་ནས་གློག་འདོན་སྤྲོད་བྱེད་པ་ལག་བསྟར་བྱས་ཏེ། རྒྱལ་ནང་གི་ནུས་ཁུངས་གསར་པའི་གཞི་གྲངས་ཆེན་མོའི་གསར་གཏོད་སྟེགས་བུ་ཐོག་མ་བཙུགས་པ་དང་། བཅད་ཁུལ་གྱི་ནུས་གསོག་མཉམ་སྤྱོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོར་བསྐྲུན་ནས། ནུས་ཁུངས་དུ་མ་ཅན་གྱི་གློག་ཤུགས་མ་ལག་ལེགས་སྒྱུར་སྙོམས་སྒྲིག་དང་ལག་རྩལ་ཚོད་འཛིན་མཐུན་སྦྱོར་ཐད་ཐོལ་བརྒལ་ཆེན་པོ་བྱུང་། དེ་ནི་མཚོ་སྔོན་གྱི་ནུས་ཁུངས་སྒྲིག་གཞི་དངོས་གནས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་སྣེ་འཁྲིད་པ་ཞིག་ཡིན་ལ། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་དང་ནུས་ཁུངས་གསར་བརྗེའི་ཕྱོགས་བསྡུས་ཚོད་ལྟ་བྱ་ཡུལ་གྱི་ཞིང་ཆེན་འཛུགས་སྐྲུན་ལ་རོགས་སྐུལ་བྱེད་པའི་ལག་ལེན་དང་བྱེད་ཐབས་ཤིག་ཡིན།

གཞི་གྲངས་དཔལ་འབྱོར་ནི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་གི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་། ཐབས་ལམ་གསར་བསྒྱུར་རིམ་སྤར་ལ་རོགས་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཆིན་གྱིས་བཤད་རྒྱུར། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ཁྲོད། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང“རྨང་གཞི་གསར་པ་འཛུགས་སྐྲུན”གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། གཞི་གྲངས་དཔལ་འབྱོར་གྱི་ལག་རྩལ་དང་བྱེད་ཐབས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་སྐྲུན་གྱི་སྒུལ་ཤུགས་འདོན་སྤེལ་གང་ལེགས་བཅས་བྱས་ནས། སྲོལ་རྒྱུན་ཐོན་ལས་དེ་ཟོང་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས། མིས་བཟོས་རིག་ནུས་ལ་སོགས་པའི་སྔོན་ཐོན་ཅན་གྱི་ཚན་རྩལ་དང་མཉམ་འདྲེས་བྱས་ཏེ། རབས་གསར་པའི་ཆ་འཕྲིན་ཅན་གྱི་ལག་རྩལ་དང5Gདྲ་རྒྱ་ཡོངས་ཁྱབ་ལ་བཀོལ་སྤྱོད་བྱེད་དུ་བཅུག་ནས། གྲངས་ཀ་ཅན་དུ་འཕེལ་རྒྱས་འགྲོ་ཚད་ཇེ་མགྱོགས་སུ་གཏང་དགོས་ཟེར།

འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱས་ཏེ། ཚན་རྩལ་གསར་སྐྲུན་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏང་དགོས།

2020ལོར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐད་བྱས་རྗེས་གལ་ཆེན་འཇོག་མཁན་གྱི་རྟགས་མ་ལེན་མཁན་ཧིག་ཧྲིན་ཀྲིན་ལ་འབྲོག་པ་མང་ཚོགས་ཀྱིས་སྙིང་ཉེ་བའི་སྒོ་ནས“ལུག་རྒྱུད་སྤེལ་བའི་ཆེད་མཁས་པ”ཞེས་འབོད། ཁོ་རང“ཚོད་ལྟ་ཁང”ནས“ས་ཞིང་ཚོད་ལྟ”ཡི་ལས་སུ་རྐང་ཚུགས་ཏེ། ས་ཞིང་གི་ལས་ཀའི་མགོ་མཇུག་ཀུན་ཏུ་ཚན་རྩལ་གསར་སྐྲུན་གྱི་གཡུར་ཟའི་འབྲས་བུ་ཁུར་དུ་དུད།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཧིག་ཧྲིན་ཀྲིན་གྱིས་མདོ་དབུས་མཐོ་སྒང་གི་ཕྱུགས་ལས་ཐོན་སྐྱེད་ཀྱི་དཀའ་ཁག་སེལ་བ་དང་། ཁོས་མཐོ་སྒང་གི་བོད་ལུག་ཐོན་ལས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཚོད་ལྟའི་འགག་གནད་ལས་སྒྲོལ་བ། ལག་རྩལ་གསར་སྐྲུན། རྣམ་པ་གཅིག་བསྡུས། དཔེ་སྟོན་ཁྱབ་གདལ་སོགས་ཀྱི་ཐད་ཞིབ་འཇུག་བཟང་པོ་བྱས་ཏེ། བོད་ལུག་གི་རྒྱུད་སྤེལ་ནུས་པ་ཞན་པ་དང་ལུ་གུ་འཚར་སྐྱེས་དལ་བ་ལ་སོགས་ཀྱི་དཀའ་གནད་སེལ་ཞིང་། ལག་རྩལ་བཀོལ་སྤྱོད་ཀྱི“མཇུག་མཐའི་སྤྱི་ལེ་གཅིག”ཡངས་པོར་བཏོད་པས། བོད་ལུག་ཐོན་ལས་དེ་ད་གཟོད་ཐོན་ལས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད།

མཚོ་སྔོན་དུ་ཧིག་ཧྲིན་ཀྲིན་ལྟ་བུའི་ཚན་རྩལ་བྱ་བ་སྒྲུབ་མཁན་ད་དུང་མང་པོ་ཞིག་ཡོད། ཁོ་ཚོས་ལོ་དུས་དབྱེར་མེད་དུ་ཚན་རིག་ཞིབ་འཇུག་གི་ཐོག་མའི་སེམས་འདུན་བརྟན་སྲུང་དང་འགག་སྒོ་མཁྲེགས་གཏོར་ལ་རྩེ་གཅིག་ཏུ་གཞོལ་བར་བརྟེན། མཚོ་སྔོན་གྱི་ཚན་རྩལ་གསར་སྐྲུན་ལ་འཕེལ་རྒྱས་རབ་དང་རིམ་པ་བྱུང་བ་དང་། གསར་སྐྲུན་གྱི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་མ་ཟད། དེས་མཚོ་སྔོན་གྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་གལ་ཆེན་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅིན་དཔའ་ཡིས་བཤད་རྒྱུར། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ནི་ཚན་རྩལ་གསར་སྐྲུན་གྱི་གོ་རིམ་ཡོངས་ཀྱི“མཇུག་མཐའི་སྤྱི་ལེ་གཅིག་པུ”ཡིན། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་དང་གྲུབ་འབྲས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས་ན། ངེས་པར་དུ་ཚན་རྩལ་འཇོན་མིས་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བྱེད་ཐབས་དང་བྱེད་སྟངས་གསར་སྐྲུན་བྱས་ཏེ། བྱ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ན། སྔར་ལས་ལྷག་པའི་ཧུར་བརྩོན་དང་སྒོ་འབྱེད། ཕན་འབྲས་ཅན་གྱི་འཇོན་མིའི་སྲིད་ཇུས་གཏན་འབེབ་བྱས་ནས། ཚན་རྩལ་འཇོན་མིའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱིས་སྣེ་འཁྲིད་དགོས། འཇོན་མིའི་བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ས་གནས་རང་གི་ཚན་རྩལ་འཇོན་མི་སྐྱེད་སྲིང་ལ་ཤུགས་སྣོན་པ་དང་ཆབས་ཅིག གསར་སྐྲུན་གྱི་སེམས་ཤུགས་བསླང་ནས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། ཚན་རིག་ཞིབ་འཇུག་མི་སྣར་རང་བདག་དབང་ཆ་སྤྲོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་གྱི་རིན་ཐང་དང་ནུས་པ། བྱས་རྗེས་བཅས་ཁ་ཕྱོགས་སུ་འཛིན་པའི་འཇོན་མི་གདེང་འཇོག་མ་ལག་བཙུགས་ནས། འཇོན་མིའི་ལས་ཀའི་རྩ་བ་ཇེ་བརྟན་དང་། འཇོན་ལྡན་ལ་གུས་བརྩི་ཆེ་ཞིང་མོས་དུད་ཡོད་པ། བཀོལ་སྤྱོད་ལ་མཁས་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།