བདེ་སྐྱིད་འཚོ་བའི་གླུ་དབྱངས།
2022.03.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 65

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་དཔའ་སྤོབས་ཆེན་པོས་སྤྱོད་ལམ་གསར་བར་ཞུགས། དུས་རབས་གསར་བར་བྱས་རྗེས་ཆེན་པོ་བསྐྲུན་ཞེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་བདེ་སྐྱིད་འཚོ་བའི་གླུ་དབྱངས་ཞེས་པར་ཉན་རོགས།

སྙན་སྒྲོན་པ། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ནི་མཚོ་འཕང་ལ་རྨིད་ཆིག་སྟོང་བརྒྱད་བརྒྱ་ལྷག་གི་མཐོ་ཚད་ཀྱི་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་། ལྟོས་བཅས་ཀྱིས་ས་བབ་ཀྱི་མཐོ་ཚད་ཅུང་དམའ་བས་ཉིན་འདི་ཚོར་ག་ས་གང་དུ་དཔྱིད་ཀྱི་ཉམས་སྣང་ཞིག་དབང་མེད་དུ་མངོན་འདུག  རྫོང་མཁར་ནས་ལྷོ་བྱང་ཕྱོགས་སུ་སྤྱི་ལེ་སོ་ལྔའི་ལམ་ཐག་བརྒྱུད་ན་ད་གཟོད་ཀ་རིང་ཞེས་པའི་ཡུལ་ཚོ་དེར་ཐོན་ཐུབ།ཀ་རིང་ཞེས་པ་ནི་ཡུལ་དེའི་ལོ་བ་སྡེ་བ་དང་ཟམ་དཀར་སྡེ་བའི་བར་གྱི་རང་བྱུང་གི་ས་རྡོའི་རྣམ་པ་དེ་བལྟས་པ་ཙམ་གྱིས་ཀ་བ་རིང་བོ་གཉིས་ཀྱི་དབྱིབས་སུ་ཆགས་ཡོད་པས་མིང་དེ་ལྟར་དུ་ཐོགས་པར་བཤད།

རྒྱུས་ལོན་བྱུང་བ་ལྟར་ན།ལོ་འདི་དག་གི་རིང་དུ་ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ།རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར་ནས་ཉམས་དགའ་བའི་གྲུབ་འབྲས་བླངས་ཡོད་པ་དང་།ཀ་རིང་ཡུལ་ཚོ་ནི་ཞིང་ཕྱུགས་གཙོ་བོར་གཉེར་བའི་ས་ཁུལ་ཞིག་ཡིན་པས་ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཏང་དངརྒྱལ་ཁབ་ཀྱི་ཞིང་ཕྱུགས་ལས་སྐོར་གྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་དོན་འཁྱོལ་བྱས་ཏེ།འབད་བརྩོན་ཆེན་པོས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་པས་ད་ལྟ་ཀ་རིང་ཡུལ་ཚོའི་སྡེ་བ་སྐོར་ཞིག་གི་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་འཚོ་བའི་སྐོར་ལ་འགྱུར་ལྡོག་གསར་བ་བྱུང་འདུག  གནས་ཚུལ་དེའི་སྐོར་ནས་ཀ་རིང་ཡུལ་ཚོའི་ཡུལ་གཙོ་ཚེ་རིང་དོན་འགྲུབ་ཀྱིས་འདི་ལྟར་མཚམས་སྦྱོར་མདོར་བསྡུས་ཤིག་བྱས།

ང་ཚོ་ཀ་རིང་ཡུལ་ཚོར་མཚོན་ན་གཙོ་བོ་ཞིང་ཕྱུགས་གཉིས་ཀར་བརྟེན་ཡོད་པ་ཞིག་ཡིན། ཞིང་ལས་ཀྱི་ཐད་ནས་གཙོ་བོ་ནས་ནག་དང་སྐེ་ཚེ། ཞོག་ཁོ་སོགས་འདེབས་ཀྱི་ཡོད། ཞིང་འདེབས་པ་དང་ཞིང་འབྲེག་སྡུད་བྱེད་པ་སོགས་ཚང་མ་རྒྱལ་ཁབ་ཀྱི་དམངས་ཕན་ལས་གཞིའི་གྲས་སུ་བཞག་ཡོད་པས་མི་དམངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཞིང་འདེབས་འདོད་ཀྱི་འདུན་པ་ཆེ་རུ་ཕྱིན་ཡོད། སྔོན་ཆད་ཚང་མ་ཕྱི་རོལ་དུ་ཞོར་ལས་སུ་འགྲོ་བཞིན་ཡོད་མོད། ལོ་འདི་ཚོར་ཞོར་ལས་སུ་སོང་བའི་ཡོང་སྒོ་དེ་འདྲ་ལེགས་རྒྱུ་མེད་པས་སྡེ་མི་རྣམས་ཀྱི་ཁྲོད་དུ་ཞིང་འདེབས་མཁན་མང་པོ་ཡོད་པ་རེད།  ཕྱུགས་ལས་ཀྱི་ཐད་ལའང་ན་ནིང་དོ་ཚིགས་ཚང་མས་སྔར་ལས་ཤུགས་སྣོན་བྱེད་བཞིན་ཡོད་པ་རེད། སྡེ་བ་རེ་རེའི་གནས་ཚུལ་མི་འདྲ་བའི་དབང་གིས་སྡེ་བ་རེ་གཉིས་ཀྱིས་ར་མ་གསོ་བ་དང་སྡེ་བ་ལ་ལས་ནོར་གནག་གསོ་བ། སྡེ་བ་ལ་ལས་མཛོ་མོ་དང་བ་ལང་གསོ་བ། ཡང་སྡེ་བ་ལ་ལས་ལུག་གསོ་བ་སོགས་ཕྱུགས་ལས་གཉེར་བཞིན་ཡོད་པ་རེད།

སྙན་སྒྲོན་པ།  ཆུ་བཟང་སྡེ་བ་ནི་ཀ་རིང་ཡུལ་ཚོའི་སྡེ་བ་དེ་དག་གི་གྲས་ཀྱི་གཅིག་རེད། ཀ་རིང་ཡུལ་ཚོ་ནས་ལྷོ་བྱང་ཕྱོགས་སུ་བརྐྱངས་པའི་རི་རྒྱུད་རིང་མོ་དེ་གསོམ་སྡོང་སོགས་ནགས་ཚལ་གྱིས་ཡོངས་སུ་ཁེབས་འདུག་པས་མཐོང་པ་ཙམ་གྱིས་ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་ལ་རང་བྱུང་གི་མཛེས་པ་ཞིག་ལྷུན་གྱིས་གྲུབ་འདུག་པས་མིག་གི་དབང་བོ་འཕྲོག་པར་བྱེད།ནགས་ཚལ་སྟུག་པོ་དེའི་འདབས་རོལ་དུ་རི་ལམ་ཀྱ་ཀྱུ་ཞིག་ལྷོ་བྱང་ཕྱོགས་སུ་འཐེན་འདུག་ཅིང་།རི་ལམ་དེ་བརྒྱུད་ནས་ལམ་ཐག་སྤྱི་ལེ་གཉིས་ཙམ་གྱི་སར་སོང་ན་ད་གཟོད་ཆུ་བཟང་སྡེ་བར་ཐོན་ཐུབ།སྡེ་བ་དེ་ནི་རི་ཁུལ་དུ་ཆགས་ཡོད་པས་སྔོན་ཆད་འགྲིམ་འགྲུལ་སོགས་ཤིན་ཏུ་སྟབས་མི་བདེ་བར་མ་ཟད།ལོ་རེ་བཞིན་སྡེ་འདབས་སུ་བཞུར་བའི་གྲམ་ཆུ་ཆུང་ཆུང་དེ་ལ་བརྟེན་ནས་ཞིང་ཆུ་འདྲེན་དགོས་ཀྱི་ཡོད་པས་ལོ་རེ་བཞིན་ཞིང་ཆུ་གཏོང་རྒྱུ་དེ་ནི་ཁོ་ཚོའི་མི་རབས་ནས་མི་རབས་བར་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར་ཡོད། ཡིན་ནའང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དང་ལྷག་པར་དུ་ཏང་དང་རྒྱལ་ཁབ་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་བཟོ་འགོད་ལག་བསྟར་བྱས་པའི་ལོ་འདི་དག་གི་རིང་དུ་སྡེ་བ་དེའི་སྔོན་ཆད་ཀྱི་དཀའ་གནད་མང་པོ་ཞིག་ད་ལྟ་རྩ་བ་ནས་ཐག་གཅོད་བྱས་ཡོད་དེ།ང་ཚོ་ཆུ་བཟང་སྡེ་བ་དང་བར་ཐག་མི་རིང་བའི་ས་ན་ཡོད་པའི་ལྐོ་མང་ཁུག་ཆུ་མཛོད་ཁར་ཐོན་དུས།ད་ལོ་ལོ་ན་བདུན་བཅུ་ཡིན་པའི་ཆུ་བཟང་སྡེ་བའི་སྡེ་མི་རྒན་པ་ཨ་ཁུ་ཚེ་རིང་དོན་འགྲུབ་ཀྱི་གདོང་ལ་ཡིད་ཚིམ་པའི་ཉམས་ཤིག་ཤར་ནས་འདི་ལྟར་བཤད་བྱུང་།

 སྔོན་ཆད་ང་ཚོ་ཆུ་བཟང་སྡེ་བས་ཆུ་མའི་ཞིང་ས་མུའུ་ལྔ་བརྒྱ་ཙམ་ཞིག་ཡོད་པ་དེར་ཆུ་གཏོང་དུས་གྲམ་ཆུ་ཕྲ་མོ་དེ་ཉིན་མཚན་མེད་པར་གཏོང་དགོས། ཉེ་བའི་ལོ་འགའི་སྔོན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་གྱིས་གནས་འདི་རུ་ཆུ་མཛོད་ཅིག་བསྐྱིལ་བས་ད་ལྟ་ཞིང་ཆུ་གཏོང་དཀའ་བའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱས་ཡོད་པ་འདི་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་ཡིན།

སྙན་སྒྲོན་པ།ཆུ་བཟང་སྡེ་བར་མཚོན་ན་རི་ཆུ་གཉིས་ཀྱི་ཞིང་སའི་རྒྱ་ཁྱོན་ཅུང་ཆེན་པོ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལ་བརྟེན་ནསཞིང་ཆུ་འདྲེན་པའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱས་ཟིན་ཀྱང་། ཡིན་ནའང་ལོ་རེ་བཞིན་ཞིང་འདེབས་པའི་དུས་ཚིགས་སུ་ཐོན་དུས་སྡེ་མི་རྣམས་ཀྱིས་ས་བོན་སྣ་ཚོགས་དང་ལུད་རྫས་རིགས་ཉོ་བར་སྔར་བཞིན་དཀའ་ཁག་ཆེན་པོར་འཕྲད་ཀྱིན་ཡོད་པའི་གནས་ཚུལ་དངོས་ལ་གཞིགས་ནས།ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་སྟེ།ཀ་རིང་ཡུལ་ཚོས་ཞིང་ས་ས་མུའུ་གང་ལ་ཁ་གསབ་སྒོར་མོ་བརྒྱ་རེ་སྟེར་བ་དང་།ལུད་རྫས་དང་ཞིང་སྨན་སོགས་རིན་མེད་དུ་སྟེར་བའི་རྒྱལ་ཁབ་ཀྱི་ལས་གཞི་ཡག་པོ་དེ་ལག་བསྟར་བྱས་པས།སྡེ་མི་རྣམས་ཀྱིས་ཞིང་བཏབ་པའི་འགྲོ་གྲོན་གྱི་ཕྱེད་ཀ་དེ་མེད་པར་བཟོས་པར་མ་ཟད།སྡེ་མི་རེ་རེས་ཞིང་འདེབས་འདོད་ཀྱི་འདུན་པ་དེ་ཡང་ཆེས་ཆེར་རྒྱས་པར་བྱས།ང་ཚོ་ཆུ་བཟང་སྡེ་བར་ཐོན་དུས་སྡེ་མི་མང་པོ་ཞིག་ཕྱོགས་གཅིག་ཏུ་འདུས་ནས་དགའ་སྤྲོའི་ངང་ད་ལོར་གོང་རིམ་ནས་རིན་མེད་དུ་བྱིན་པའི་ས་བོན་སྣ་ཚོགས་དང་ལུད་རྫས་སོགས་བགོ་བྱ་རྒྱག་བཞིན་འདུགསྐབས་དེར་ཆུ་བཟང་སྡེ་བའི་སྡེ་མི་རྒན་པ་ཨ་ཁུ་སངས་རྒྱས་བྱམས་ཀྱིས་ཁོ་ཚོའི་སྡེ་བའི་གནས་ཚུལ་གཞིར་བཟུང་སྟེ་འདི་ལྟར་བཤད།

 ང་ཚོ་ཆུ་བཟང་སྡེ་བར་ཁྱིམ་ཚང་བརྒྱ་དང་ལྔ་བཅུ་ལྷག་དང་མི་གྲངས་བརྒྱད་བརྒྱ་ཙམ་ཡོད། ས་ཞིང་རི་ཆུ་གཉི་ཀ་མུའུ་སྟོང་གཉིས་ཙམ་ཡོད། སྔོན་ཆད་ཞིང་འདེབས་པའི་ཆ་རྐྱེན་མེད་མཁན་ཡང་མང་མོད། ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ས་བོན་དང་ལུད་རྫས་སོགས་རིན་མེད་དུ་བྱིན་པས་མི་དམངས་ལ་ཁེ་ཕན་ཆེན་པོ་ཐོབ། ང་ཚོའི་སྡེ་བར་རྩྭ་ས་ཡང་ས་མུའུ་ཁྲི་གཉིས་ཙམ་ཡོད་པས་ཕྱུགས་རིགས་སྣ་ཚོགས་འཚོ་སྐྱོང་བྱས་པའི་ཡོང་སྒོ་ཡང་བཟང་བས་དེང་སང་ད་དངོས་གནས་སྐྱིད་པོ་རེད།

སྙན་སྒྲོན་པ།དཔྱིད་དུས་ནི་ཞིང་པ་རྣམས་ལ་མཚོན་ན་ཞིང་འདེབས་པར་བྲེལ་བ་ཆེ་བའི་དུས་ཚོད་ཉག་ཅིག་ཡིན་པས།ཉིན་དེར་ཆུ་བཟང་སྡེ་བའི་སྡེ་འདབས་ཀྱི་དབྱིབས་དང་ཆེ་ཆུང་མི་འདྲ་བའི་རྣང་ཞིང་དག་གི་དབུས་སུ་སྡེ་མི་རྣམས་ཞིང་ལུད་འཇོག་པ་དང་ས་བོན་འདེབས་པ་སོགས་ཀྱི་ལས་ཁོ་ནར་བྲེལ་བཞིན་འདུགཆུ་བཟང་སྡེ་བའི་སྡེ་མི་འདིའི་མིང་ལ་མཁའ་འབུམ་ཚེ་རིང་ཟེར་ཞིང་།ཁོས་རང་གི་སྒོ་ཞིང་གྲུ་བཞི་དེའི་སྟེང་དུ་ལུད་རྫས་གཏོར་བཞིན་དུ་དགའ་སྤྲོ་དང་བཅས་ཏེ་ང་ཚོར་འདི་ལྟར་ཟེར།

  ལུད་རྫས་འདི་རྒྱལ་ཁབ་ཀྱིས་ལོ་འགའ་ཡི་སྔོན་ནས་བཟུང་སྟེ་རིན་པ་ཅི་ཡང་མི་ལེན་པར་ང་ཚོར་སྟེར་བཞིན་ཡོད།  འདིས་ང་ཚོར་ཕན་ཆེན་པོ་ཐོགས་བཞིན་ཡོད། དེ་མིན་ན་ང་ཚོས་སྒོར་མོ་བྱིན་ནས་ཉོ་དགོས་ནི་རེད། ད་སྐབས་ད་ཉོ་མི་དགོས་པས་ཧ་ཅང་བཟང་གི

སྙན་སྒྲོན་པ། ཆུ་བཟང་སྡེ་བར་མཚོན་ན་ཞིང་ལས་རྐྱང་རྐྱང་གཉེར་བ་ཙམ་མ་ཡིན་པར། སྡེ་མི་སྐོར་ཞིག་གིས་རང་གི་རྩྭ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་བེད་སྤྱོད་གང་ལེགས་བྱས་ཏེ་ཕྱུགས་ཟོག་འཚོ་སྐྱོང་བྱེད་པར་བརྟེན་ནས།ཏང་གི་དམངས་ཕན་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ཏུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། འབྱོར་འབྲིང་འཚོ་བའི་ཕྱོགས་ལ་གོམ་སྟབས་སྤོ་བཞིན་ཡོད་དེ། ཆུ་བཟང་སྡེ་བའི་སྡེ་མི་ཨ་ཁུ་དཔོན་པོ་ནི་སྡེ་མི་དེ་དག་གི་གྲས་ཀྱི་གཅིག་རེད། ཁོས་ཏང་གི་སྲིད་ཇུས་བཟང་བོར་བཀའ་དྲིན་ཞུ་ཞོར་དུ་རང་གི་ད་ལྟའི་འཚོ་བའི་དགའ་སྣང་དེ་ང་ཚོར་འདི་ལྟར་བརྗོད་བྱུང་།

 ང་ཚོ་ཆུ་བཟང་སྡེ་བར་མཚོན་ན་ཞིང་ཕྱུགས་གཉི་ཀ་གཉེར་བཞིན་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་ལ་རང་ཉིད་ལ་ཆེ་ཟོག་ཉེར་ལྔ་དང་བ་ཕྲུག་བརྒྱད་དགུ་ཞིག་ཡོད། ལུག་ལྔ་བཅུ་དང་ལུ་གུ་ཉི་ཤུ་ཙམ་ཡོད། ལོ་གཅིག་ལ་ངེད་ཚང་ལ་ཡོང་སྒོ་སྒོར་མོ་ཁྲི་བདུན་བརྒྱད་ཅིག་ཡོང་བཞིན་ཡོད་པས་ད་ལྟའི་འཚོ་བ་སྐྱིད་པོ་རེད། 

སྙན་སྒྲོན་པ།  ཆུ་བཟང་སྡེ་བའི་བཅར་འདྲི་རེ་ཞིག་མཇུག་རྫོགས་ནས་ང་ཚོ་ཆུ་བཟང་ཞེས་པའི་ལུང་པ་དེ་བརྒྱུད་ནས་ཕྱིར་ལམ་སྙེག་དུས།སྡེ་འདབས་སུ་ལྷུང་ལྷུང་འབབ་པའི་གྲམ་ཆུ་ཕྲ་མོ་དེས་ཆུ་བཟང་སྡེ་བའི་སྡེ་མི་རྣམས་ཀྱི་དུས་རབས་གསར་བའི་བདེ་སྐྱིད་ཀྱི་འཚོ་བའི་སྤྲོ་དགའ་གླུ་རུ་ལེན་བཞིན་རྒྱང་ནས་རྒྱང་ལ་བཞུར་བཞིན་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕན་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཏེ་ཁ་ཡིག་ལ་བདེ་སྐྱིད་འཚོ་བའི་གླུ་དབྱངས་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།