ཕྱུག་འགྱུར་གྱི་ལམ་ཁ་སྙེག་བཞིན་པའི་བིས་མདོ་ཡུལ་ཚོ།
2022.03.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 295

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་དཔའ་སྤོབས་ཆེན་པོས་སྤྱོད་ལམ་གསར་བར་ཞུགས། དུས་རབས་གསར་བར་བྱས་རྗེས་ཆེན་པོ་བསྐྲུན་ཞེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་ཕྱུག་འགྱུར་གྱི་ལམ་ཁ་སྙེག་བཞིན་པའི་བིས་མདོ་ཡུལ་ཚོ་ཞེས་པར་ཉན་རོགས

སྙན་སྒྲོན་པ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་རུ་ཁྱོན་བསྡོམས་སྡེ་བ་བཅུ་དྲུག་ཡོད་པ་དང་།བོད་རིགས་ཀྱིས་ཡུལ་ཚོ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་དགུ་ལྷག་ཟིན་འདུག རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས་དང་ཁོང་ཉིད་སྐུ་ན་ཕྲ་བའི་དུས་སུ་སློབ་གཉེར་གནང་སའི་བིས་མདོ་དགོན་ཆེན་སོགས་གནས་ཁྱད་པར་ཅན་མང་པོ་ཞིག་ཀྱང་བིས་མདོ་བོད་རིགས་ཡུལ་ཚོར་ཡོད་པས་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ཡོད། ཡུལ་དེར་འཚོ་ཞིང་གནས་པའི་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་པཎ་ཆེན་མཆོག་གི་བཀའ་སློབ་ཡིད་ལ་གོམས་པར་བྱས་ཏེ།རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ཁྲོད་དུ། མི་རིགས་མཐུན་སྒྲིལ་གྱི་ལག་གདང་མཉམ་དུ་སྦྲེལ་ཞིང་མི་རིགས་གཞན་གྱི་རིག་གནས་གསར་བ་ནང་འདྲེན་དང་རང་ཆས་སུ་མངའ་བའི་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བགྱིས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཡིད་ལ་དམ་པོར་བཅངས་ནས།རིགས་སོ་སོའི་སྤུན་ཟླ་མི་རིགས་ཁག་དང་མཉམ་དུ་རླབས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁའི་ཡོ་ལང་དང་འགྲོགས་ནས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་རང་ས་གནས་ཀྱི་ཁྱད་སྟོབས་ཐོན་ཁུངས་སྔོག་འདོན་དང་བཀོལ་སྤྱོད་བྱེད་པ་དང་ཟུང་འབྲེལ་གྱིས་འབྱོར་འབྲིང་འཚོ་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་བཞིན་འདུག

རྒྱུས་ལོན་བྱུང་བ་ལྟར་ན།ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བིས་མདོ་བོད་རིགས་ཡུལ་ཚོ་རུ་རྒྱལ་ཡོངས་ཀྱི་ས་གནས་གཞན་དག་དང་འདྲ་བར་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱས་པ་དང་བསྟུན་ནས།ས་གནས་མང་ཚོགས་ཀྱིས་ཀྱང་རང་གི་བློ་གྲོས་དང་རྩོལ་བ་ལ་བརྟེན་ནས་ཕྱོགས་གང་ཅིའི་ཐད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་ཐད་ལ་འབད་འབུང་བྱེད་བཞིན་འདུག  ལྷག་པར་དུ་ལོ་འདི་འགའི་རིང་ལ་བིས་མདོ་བོད་རིགས་ཡུལ་ཚོའི་སྡེ་བ་སྐོར་ཞིག་གིས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་།དེ་མིན་གོང་རིམ་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་ལྷག་བཏང་པ་དེ་གོ་སྐབས་སུ་བཟུང་ནས།ཐབས་བརྒྱ་ཇུས་སྟོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་ཏེ་དམངས་བྱིངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཐད་ལ་འབད་བརྩོན་ཆེན་པོ་བྱེད་བཞིན་འདུག གནས་ཚུལ་དེའི་སྐོར་ནས་བིས་མདོ་བོད་རིགས་ཡུལ་ཚོའི་ཡུལ་གཙོ་རྟ་མགྲིན་ཚེ་བརྟན་གྱིས་བཤད་རྒྱུར།

 ང་ཚོ་བིས་མདོ་བོད་རིགས་ཡུལ་ཚོའི་སྡེ་བ་བཅུ་དྲུག་པོ་ཚང་མར་སོ་སོར་ཐུན་མོང་དཔལ་འབྱོར་གཉེར་སྟངས་རེ་ཡོད་ནི་རེད། སྡེ་བ་ཡོངས་ཀྱི་བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུ་ཙམ་གྱིས་ཟི་ལིང་སོགས་སུ་ཚོང་ཁང་ཕྱེས་ཡོད་པ་དང་། སྡེ་བ་ལ་ལས་རང་གི་ས་ཆ་ན་ཡུལ་སྐོར་ལྗོངས་རྒྱུ་དང་ཟ་ཁང་སོགས་ལས་ཡོད་པ་དང་། སྡེ་བ་ལ་ལ་ཞིག་གིས་བ་མོ་དང་ལུག་གསོས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་གཉེར་བཞིན་ཡོད་པ་རེད། 

སྙན་སྒྲོན་པ། བིས་མདོ་བོད་རིགས་ཡུལ་ཚོའི་སྡེ་བ་སོ་སོའི་ས་གནས་ཀྱི་ཁྱད་སྟོབས་མི་འདྲ་བའི་དབང་གིས་སྡེ་བ་རེ་རེས་ཐུན་མོང་དཔལ་འབྱོར་གཉེར་སྟངས་ཀྱང་མི་འདྲ་སྟེ། ཉ་གཤོང་སྡེ་བ་ལྟ་བུ་ཞིག་ལ་མཚོན་ན་ཁོར་ཡུག་མཛེས་ཤིང་གནམ་གཤིས་དྲོ་བ། འགྲིམ་འགྲུལ་སྟབས་བདེ་བ་སོགས་ས་བབ་ཀྱི་དགེ་མཚན་ཁྱད་པར་བ་ལ་བརྟེན་ནས་སྡེ་བའི་ཉེ་འགྲམ་དུ་ཚ་བོ་ཆེ་སྤྲོ་སྐྱིད་གླིང་ག་ཞེས་པ་ཞིག་ཕྱེས་ནས་ཉེ་འགྲམ་གྱི་རྫོང་དང་གྲོང་ཁྱེར་གྱི་མི་རྣམས་ལ་ཁམས་གསེང་སྤྲོ་གཡེང་གཏོང་སའི་བསྟི་གནས་ཡག་པོ་ཞིག་བསྐྲུན་ཡོད་པའི་སྐོར་ནས་ཉ་གཤོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་རྒྱལ་གྱིས་བཤད་རྒྱུར།

 ང་ཚོ་ཉ་གཤོང་སྡེ་བའི་ཚ་བོ་ཆེ་སྤྲོ་སྐྱིད་གླིང་ག་འདི་ལ་མཚོན་ན་ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་སྡེ་བའི་ལས་བྱེད་པ་དང་ཏང་ཡོན། ལོ་ལོན་རྒན་པ་བཅས་ཀྱིས་གླིང་ག་འདི་འདྲ་ཞིག་འཛུགས་པར་གྲོས་བྱས།   ཡིན་ནའང་མ་དངུལ་དཀོན་པས་ལེགས་འགྲུབ་མ་བྱུང་། ཉིས་སྟོང་ཉེར་གཅིག་ལོར་རྫོང་རིམ་པས་སྒོར་མོ་འབུམ་བཅུ་དང་ཀྲུང་དབྱང་རིམ་པས་སྒོར་མོ་འབུམ་ལྔ། ཤར་ནུབ་མཉམ་འབྲེལ་ཀྱིས་སྒོར་མོ་འབུམ་གཉིས་བཅས་བྱིན་ནས་བསྡོམས་པས་སྒོར་མོ་ས་ཡ་གཅིག་དང་འབུམ་བདུན་བཏང་ནས་སྤྲོ་སྐྱིད་གླིང་ག་འདི་ཕྱེས་པ་ཡིན། ན་ནིང་སྒོར་མོ་འབུམ་གཅིག་ལྷག་བཙལ་ཞིང་དེ་ལས་སྒོར་མོ་ཁྲི་ལྔ་ལྷག་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁྲོད་དུ་བཞག་པ་ཡིན། དེ་དག་གཙོ་བོ་སྨན་བཅོས་མ་དངུལ་དང་རྒན་གསོའི་མ་དངུལ་སོགས་ཀྱི་ནང་དུ་བཞག་པས་སྡེ་བའི་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་། ད་ལོ་ཅུང་སྔ་མོ་ནས་སྤྲོ་སྐྱིད་གླིང་ག་འདིའི་སྒོ་ཕྱེས་ན་ཡོང་སྒོ་དེ་ལས་ཀྱང་མང་པོ་ལོན་སྲིད་པས་རྗེས་ཕྱོགས་སུ་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་ནུས་པ་ཆེན་པོ་ཐོན་ཐུབ་རྒྱུ་རེད།

སྙན་སྒྲོན་པ།  ཉ་གཤོང་སྡེ་བས་ཚ་བོ་ཆེ་སྤྲོ་སྐྱིད་གླིང་ག་ཕྱེས་པ་དེས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྩལ་བར་མ་ཟད། སློབ་ཆེན་མཐར་ཕྱིན་སློབ་མ་རེ་འགའི་ལས་ཞུགས་གནད་དོན་ཐག་གཅོད་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་འཚོ་བའི་ཡོང་སྒོ་སོགས་ཀྱི་ཐད་ལའང་ཕན་འབྲས་ཅུང་ཟད་རེ་ཐོབ་ཐུབ་ཀྱི་ཡོད་པའི་སྐོར་ནས་ཚ་བོ་ཆེ་སྤྲོ་སྐྱིད་གླིང་གའི་དོ་དམ་པ་མགོན་པོས་གསར་འགོད་པར་འདི་ལྟར་བཤད།

  ང་ལ་མཚོན་ན་ཉ་གཤོང་སྤྲོ་སྐྱིད་གླིང་གིའི་འགན་འཛིན་པ་ཡིན། རང་ཉིད་ཀྱིས་སྤྲོ་སྐྱིད་གླིང་ག་འདི་འགན་དུ་ལེན་དོན་ཡང་ཕྱི་ཕྱོགས་སུ་ཞོར་ལས་ལ་སོང་ན་ལན་རེར་ཡོང་སྒོ་བཟང་ལ་ལན་རེར་མི་བཟང་པའི་གནས་ཚུལ་རྒྱུན་པར་འབྱུང་བཞིན་ཡོད། དེ་བས་རང་ཉིད་ཀྱིས་ཁྱིམ་ཚང་གི་སྒོ་འགྲམ་ནས་ཡོང་སྒོ་ཞིག་གཉེར་ཐུབ་པའི་ཕྱིར་དང་། གཞན་ཞིག་ནི་སྡེ་བའི་དབང་བོན་སྐྱོན་ཅན་གྱི་ཁྱིམ་ཚང་དང་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་ཀྱང་འདིར་ཡོང་ནས་ལས་ཀ་ཕྲན་ཙམ་རེ་གཉེར་ན་པོ་ཚོར་ཡང་ཡོང་སྒོ་རེ་ཡོད་པར་དམིགས་ནས་འགན་དུ་བླངས་པ་ཡིན། ན་ནིང་སྒོ་ཕྱེས་དུས་ཅུང་འཕྱི་མོད་སྒོར་མོ་འབུམ་གཅིག་ཙམ་ཞིག་བཙལ་ཐུབ་སོང་།  དེ་ལས་སྡེ་བར་སྒོར་མོ་ཁྲི་ལྔ་སྤྲད་རྗེས་སུ་རང་ཉིད་ལའང་སྒོར་མོ་ཁྲི་འགའ་ཡི་ཡོང་སྒོ་ཡོད་པས་ཤིན་ཏུ་བཟང་།

སྙན་སྒྲོན་པ། ཚ་བོ་ཆེ་སྤྲོ་སྐྱིད་གླིང་ག་ནས་ལམ་ལ་ཆས་ཏེ་ལྷོ་ནུབ་ཕྱོགས་སུ་ཅུང་ཙམ་སོང་ན་གདོང་སྣ་ཆེན་པོ་ཞིག་ཏུ་གནའ་བོའི་རོང་སྡེ་ཞིག་མིག་ལམ་དུ་གསལ་ལྷིང་ངེར་མངོན་ཡོང་ཞིང་། མ་གཞིར་སྡེ་བ་དེ་ནི་བིས་མདོ་བོད་རིགས་ཡུལ་ཚོའི་ར་ལུང་པ་སྡེ་བ་རེད། ང་ཚོ་སྡེ་བའི་ནང་དུ་ཐོན་དུས་ལུ་གུ་བརྒྱ་ཕྲག་གཅིག་ལས་བརྒལ་བ་ཞིག་ལུག་ར་ཆེན་པོ་ཞིག་གི་ནང་དུ་བཅུག་ཡོད་པ་དང་སྡེ་བ་དང་ཐག་མི་རིང་བའི་སར་ན་ལུག་ཁྱུ་ཞིག་རྩ་ཆུར་རོལ་བཞིན་པ་མཐོང་ཐུབ། རྒྱུས་ལོན་བྱུང་བ་ལྟར་ན་ར་ལུང་པ་སྡེ་བ་ནི་ཞིང་ལས་གཙོ་བོར་བརྟེན་ཞིང་ཕྱུགས་ལས་ཀྱང་འོས་འཚམ་ཞིག་གཉེར་བཞིན་པའི་སྡེ་བ་ཞིག་ཡིན་པ་དང་།ད་ལྟ་སྡེ་བ་དེས་ས་གནས་ཀྱི་རྩྭ་ཆུ་བཟང་བོའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ་འབྲོག་ལུག་འཚོ་སྐྱོང་བྱས་པར་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་ལ་འབད་བརྩོན་བྱེད་བཞིན་འདུག  གནས་ཚུལ་དེའི་སྐོར་ནས་ར་ལུང་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར།


ན་ནིང་གི་ཟླ་དྲུག་པའི་ནང་ཡུལ་ཚོ་སྲིད་གཞུང་གིས་ང་ཚོའི་སྡེ་བར་སྒོར་མོ་འབུམ་ལྔ་བྱིན་པ་དེས་ལུག་ཉིས་བརྒྱ་དང་ལྔ་བཅུ་ཉོས་པ་ཡིན། ན་ནིང་ལུག་བཅུ་དྲུག་བཙོང་པར་སྒོར་མོ་ཁྲི་གསུམ་གྱི་ཡོང་སྒོ་ཡོད་པ་རེད།  ད་ལོ་ལུ་གུ་བརྒྱ་ལྷག་རྒྱག་ཐུབ་པས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཕན་ཐོགས་ཆེན་པོ་ཡོད། སྡེ་བ་ཞིག་ལ་མཚོན་ན་ཐུན་མོང་དཔལ་འབྱོར་ཞིག་མེད་ན་སྡེ་མི་རྣམས་ལ་དཀའ་ངལ་ཆེན་པོ་འདུག  སྡེ་བའི་ཐུན་མོང་དཔལ་འབྱོར་དེ་ཇེ་རྒྱས་ཇེ་ལེགས་སུ་བཏང་ན་སྡེ་བའི་མི་དམངས་མང་ཚོགས་ལ་རོགས་རམ་བྱེད་ཐུབ་ཀྱི་ཡོད་པས་ཧ་ཅང་བཟང་།

སྙན་སྒྲོན་པ། ར་ལུང་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་མ་སྐྱབས་ལ་མཚོན་ན་སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་ལ་བདམས་པ་དང་། སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་རིམ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དུ་བདམས་མྱོང་།ཁོ་ལ་མཚོན་ན་སྡེ་དོན་ཆེ་མ་ཆུང་གསུམ་ཅི་ཞིག་ཡིན་ཡང་མི་མང་པོར་གྲོས་ཁ་བསྡུར་ནས་ཐག་གཅོད་བྱེད་མཁན་ཞིག་རེད།དེ་བས་ར་ལུང་པ་སྡེ་བས་ལོ་ངོ་རེ་འགའི་སྔོན་ནས་བཟུང་སྟེ་སྡེ་བའི་སྤྱིའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་ལ་ཏང་ཀྲི་པུའུ་ཧྲུའུ་ཅི་གཙོས་སྡེ་བའི་ཏང་ཡོན་དང་སྡེ་མི་རྒན་པ་རྣམས་ཚོགས་ནས་ཡང་ཡང་གྲོས་ཁ་བསྡུར་རྗེས་ད་གཟོད་འབྲོག་ལུག་འཚོ་སྐྱོང་བྱེད་པའི་ལམ་འདི་འདྲ་ཞིག་བདམས་པ་ཡིན་ཞེས་ར་ལུང་པ་སྡེ་བའི་ཨ་ཁུ་གསུང་རབ་སྡེ་བའི་ད་ལྟའི་བྱ་བར་ཡིད་ཚིམ་ཞིང་མ་འོངས་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་མདུན་ལྗོངས་ཡག་པོ་ཡོད་པར་གདེང་ཚོད་ཡོད་པའི་སྒོ་ནས་འདི་ལྟར་བཤད།

 སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་སྡེ་མི་ཚང་མས་གྲོས་བྱས་ནས་ལུག་ཉོས་པ་ཡིན། ལུག་འཚོ་བའི་རྒྱུ་མཚན་དེ་ཡང་གཙོ་བོ་ང་ཚོ་སྡེ་བའི་རྩྭ་ས་བཟང་བའི་དགེ་མཚན་ལ་དམིགས་པ་ཡིན། ཕྱིན་ཆད་ཀྱང་ལུག་གི་གྲངས་ཀ་མུ་མཐུད་དུ་ཇེ་མང་དུ་གཏང་ཐུབ་ཚེ་སྡེ་བའི་ཡོང་སྒོ་སྔར་ལས་བཟང་བ་ཁག་ཐེག་རེད།

སྙན་སྒྲོན་པ།ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན་པས་མི་དམངས་མང་ཚོགས་ཀྱི་འཚོ་བར་སྔར་མེད་ཀྱི་འགྱུར་ལྡོག་གསར་བ་བྱུང་སྟེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་བར་དགའ་བས་བསུ་མ་བྱེད་བཞིན་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕན་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཏེ་ཁ་ཡིག་ལ་ཕྱུག་འགྱུར་གྱི་ལམ་ཁ་སྙེག་བཞིན་པའི་བིས་མདོ་ཡུལ་ཚོ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།