དཔའ་རིས་པ་ཡིས་བདེ་སྐྱིད་འཚོ་བ་གླེང་།
2022.03.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 42

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་དཔའ་སྤོབས་ཆེན་པོས་སྤྱོད་ལམ་གསར་བར་ཞུགས། དུས་རབས་གསར་བར་བྱས་རྗེས་ཆེན་པོ་བསྐྲུན་ཞེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་དཔའ་རིས་པ་ཡིས་བདེ་སྐྱིད་འཚོ་བ་གླེང་ཞེས་པར་ཉན་རོགས།

སྙན་སྒྲོན་པ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བ་བཟའ་བོད་རིགས་ཡུལ་ཚོ་ནི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཤར་བྱང་ཕྱོགས་ཀྱི་སྤྱི་ལེ་རེ་གསུམ་མཚམས་ཀྱི་རི་མཐོ་ལུང་ཟབ་ཀྱི་ས་ཁུལ་དུ་ཆགས་ཡོད།བ་བཟའ་བོད་རིགས་ཡུལ་ཚོའི་ཁོངས་གཏོགས་སུ་བསྡོམས་པས་སྡེ་བ་བརྒྱད་ཡོད་ལ་ཁྱིམ་གྲངས་སྟོང་གཅིག་དང་སུམ་བརྒྱ་གྱ་ལྔ་དང་མི་གྲངས་སྟོང་ལྔ་དང་ཉིས་བརྒྱ་གོ་གསུམ་ཡོད།བོད་རིགས་མི་གྲངས་ཀྱིས་ཡུལ་ཚོ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་རེ་ལྔ་ཟིན་པ་དང་རྒྱ་རིགས་ཀྱིས་བརྒྱ་ཆའི་སོ་གཉིས་དང་ཧོར་རིགས་ཀྱིས་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་ཟིན།ཡུལ་ཚོ་ཡོངས་ཀྱི་སྡེ་བ་སོ་སོས་གཙོ་བོ་འདེབས་འཛུགས་དང་གསོ་སྤེལ།ཡུལ་སྐོར་ཐོན་ལས་བཅས་ལ་བརྟེན་འཚོ་བ་རོལ་བཞིན་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དང་ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་བཟོ་འགོད་ཆེན་མོ་ལག་བསྟར་བྱས་པའི་རྗེས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་ཏུ། ཡུལ་ཚོ་དེ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་རེ་བརྒྱད་ཀྱི་མི་གྲངས་ལྔ་བརྒྱ་དང་སོ་བདུན་པོ་ཚང་མས་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པར་གྱུར། དུས་དེ་ནས་བཟུང་བ་བཟའ་བོད་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པའི་མཛུབ་སྟོན་འོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཡུལ་ཚོ་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་བྱེད་པ་དང་།ཡུལ་ཚོ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་བྱེད་པའི་བྱ་བ་དམ་འཛིན་བགྱིས་ཏེ། ཁྱད་ལྡན་ཡུལ་སྐོར་དང་ཞིང་ཕྱུགས་ཐོན་སྐྱེད།སྐྱེ་ཁམས་མཛེས་སྡུག་དང་འཆམ་མཐུན་དཔལ་ཡོན་བཅས་ཀྱི་ཡུལ་ཚོ་ཞིག་འཛུགས་སྐྲུན་བྱེད་པ་དེ་ཡུལ་ཚོ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱིའི་དམིགས་འབེན་དུ་བཟུང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ནུས་ཤུགས་ཆེན་པོ་བཏོན།

ཚེ་ལུང་སྡེ་བ་ནི་བ་བཟའ་བོད་རིགས་ཡུལ་ཚོའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱད་ཀྱི་མཚམས་ཀྱི་ཚེ་རིག་ལུང་པར་ཆགས་ཤིང་། སྡེ་བ་དེས་གཙོ་བོ་ཞིང་ལས་དང་ཕྱུགས་ཟོག་གསོ་སྤེལ། སྨན་རྩྭ་འཐུ་བ་དང་ཕྱི་ཕྱོགས་སུ་ཞོར་ལས་སུ་འགྲོ་བ་བཅས་ལ་བརྟེན་ནས་ཡོང་སྒོའི་ཐབས་ལམ་རྒྱ་སྐྱེད་བཞིན་ཡོད།ཚེ་ལུང་སྡེ་བའི་ནགས་རྩའི་སྔོ་ཁེབས་ཚད་ཀྱིས་བརྒྱ་ཆའི་གྱ་བཞི་ལྷག་ཟིན་པས་རི་ཆུ་མཛེས་སྡུག་ལྡན་ཞིང་རྩྭ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས། དགེ་མཚན་ལྡན་པའི་རང་སའི་ཐོན་ཁུངས་ཀྱི་ཁྱད་སྟོབས་གཞིར་བཟུང་ནས་སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོར་སྡེ་བ་དེས་ཁྱིམ་ཚང་བཅུ་ལྷག་གིས་དར་རྒྱས་མཉམ་ལས་ཁང་ཞེས་པ་ཞིག་ཐོག་མར་བཙུགས་ནས་ཕྱུགས་ཟོག་གསོ་སྤེལ་བྱས་ཏེ་ཕྱིར་ཚོང་བྱེད་པ་དང་། འོ་མ་དང་ཞོ་སོགས་བཙོང་ནས་ཡོང་སྒོ་འཕར་སྣོན་གཏོང་བའི་ཐོན་ལས་ཤིག་གཉེར་མགོ་བརྩམས།མཉམ་ཁང་དེ་རིམ་བཞིན་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་གྱུར་ཡོད་པར་མ་ཟད། ད་ལྟ་སྡེ་བའི་མང་ཚོགས་སྐོར་ཞིག་གི་ཡོང་སྒོ་འཕར་སྣོན་ཐད་ཕན་འབྲས་མངོན་གསལ་ཐོན་བཞིན་ཡོད་པའི་གནས་ཚུལ་ཐད་ནས་ཚེ་ལུང་སྡེ་བའི་ཀྲུའུ་རིན་རིག་འཛིན་གྱིས་བཤད་རྒྱུར།

    མཉམ་ལས་ཁང་འདི་ཉིས་སྟོང་བཅུ་བདུན་ལོར་ཐོག་མར་མགོ་བཙུགས་ཤིང་དེ་དུས་སྒོར་མོ་འབུམ་དྲུག་དང་ཁྲི་གཉིས་ལྷག་བཏང་། ཐོག་མར་འཛུགས་དུས་ཁྱིམ་ཚང་སུམ་ཅུ་མ་གཏོགས་མེད།  རིམ་བཞིན་མཉམ་ལས་ཁང་འདི་འཕེལ་རྒྱས་དང་གཞི་ཁྱོན་ཅན་གྱི་ལམ་དུ་ཞུགས་ཤིང་། ན་ནིང་སྒོར་མོ་འབུམ་བཞི་དང་ཁྲི་གཉིས་ལྷག་ཁྱིམ་ཚང་སུམ་ཅུ་ཙམ་ལ་བགོ་བཤའ་བརྒྱབ་པ་ཡིན། ད་ལོའི་ཡོང་སྒོ་དེ་ན་ནིང་དང་བསྡུར་ན་བཟང་རྒྱུ་རེད་བསམ་བཞིན་ཡོད། 

སྙན་སྒྲོན་པ། ཚེ་ལུང་སྡེ་བའི་སྡེ་མི་རྣམ་སྲས་ལ་མཚོན་ན་ཁོ་ཚང་ལ་ས་ཞིང་མུའུ་དགུ་ཡོད་པ་དང་ལུག་བརྒྱ་ཤོག་ཅིག་ཡོད་པའི་ཁར་བ་ལང་རེ་འགའ་ཡང་ཡོད་པས་ད་ལྟའི་འཚོ་བ་དེ་ཕྱོགས་གང་ཅིའི་ཆ་ནས་སྔོན་ཆད་དང་བསྡུར་ན་སྐྱིད་པོ་ཡིན་ཞིང་། ལྷག་པར་དུ་ཉིས་སྟོང་བཅུ་བདུན་ལོར་ཚེ་ལུང་སྡེ་བའི་དར་རྒྱས་མཉམ་ལས་ཁང་ཐོག་མར་འཛུགས་པའི་སྐབས་སུ། ཁོ་རང་ནི་མཉམ་ལས་ཁང་དུ་མ་རྐང་འཇོག་མཁན་ཐོག་མའི་གྲས་སུ་ཚུད་ཡོད་པས་ད་ལྟ་ལོ་མཇུག་ཏུ་མཉམ་ལས་ཁང་གི་ཡོང་འབབ་བགོ་བཤའ་རྒྱག་དུས། ཁོ་ལ་མཚོན་ན་རང་གི་མ་རྐང་གི་ཚད་གཞི་ལྟར་ཡོང་འབབ་འོས་འཚམ་ཞིག་རེག་བཞིན་ཡོད་པས་ཁོ་རང་ད་ལྟའི་འཚོ་བར་ཡིད་ཚིམ་པའི་ཉམས་དང་བཅས་ང་ཚོར་འདི་ལྟར་བཤད།

 ང་ཉིས་སྟོང་བཅུ་བདུན་ལོར་སྡེ་བའི་མཉམ་ལས་ཁང་དུ་ཞུགས་པ་དང་། ཐོག་མར་ཞུགས་དུས་སུ་སྒོར་མོ་ཁྲི་གཉིས་ཀྱི་མ་རྐང་བཞག་པ་ཡིན། ན་ནིང་ཡོང་སྒོ་བགོ་བཤའ་བརྒྱབ་པར་སྒོར་མོ་ཁྲི་གཅིག་ལྷག་གི་ཡོང་སྒོ་ཐོབ། མཉམ་ལས་ཁང་དེ་དངོས་ནས་ཡག་པོ་འདུག

སྙན་སྒྲོན་པ། ང་ཚོ་ཚེ་ལུང་སྡེ་བ་དང་གྱེས་ནས་བྱ་དཀར་རི་བོའི་འདབས་རོལ་ན་ལྷུང་ལྷུང་འབབ་པའི་འཇུ་ལག་གཙང་པོའི་འགྲམ་རྒྱུད་དུ་ཐོན་དུས་ཕྱི་དྲོའི་དུས་ཚོད་གསུམ་པར་སླེབས་འདུག་པ་དང་། ལུང་ཁུག་དེའི་ཚ་བའང་སྔ་དྲོ་དང་བསྡུར་ན་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་འདུག སྐབས་དེར་ང་ཚོ་བ་བཟའ་བོད་རིགས་ཡུལ་ཚོའི་འབྲེལ་ཡོད་མི་སྣ་དང་མཉམ་དུ་གཡོན་ཕུ་ཞེས་པའི་ལུང་པ་ནས་འབབ་པའི་ཆུ་རྒྱུན་ཕྲ་མོ་དེའི་འགྲམ་རྒྱུད་དེད་ནས་གཡོན་ཕུ་སྡེ་བར་བསྐྱོད་པ་ཡིན། རྒྱུས་ལོན་བྱུང་བ་ལྟར་ན།སྡེ་བ་དེར་ཁྱིམ་ཚང་དོན་གཉིས་དང་མི་གྲངས་ཉིས་བརྒྱ་དྲུག་ཅུ་ཡོད་པ་དང་དེའི་ནང་དུ་རྒྱ་རིགས་གཉིས་མ་གཏོགས་གཞན་ཚང་མ་བོད་རིགས་རྐྱང་རྐྱང་རེད།

གཡོན་ཕུ་སྡེ་བ་ནི་ཞིང་ཕྱུགས་གཉིས་ལས་ཀྱང་ཕྱུགས་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་རེད། རྒྱུ་མཚན་ནི་སྡེ་བ་དེའི་རི་ཆུ་ནགས་གསུམ་གྱི་རི་མོ་ཕྱོགས་ཀྱི་མགྲོན་པོའི་མིག་ལ་མཛེས་པ་ཙམ་དུ་མ་ཟད། བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི་ལྔ་དང་སྟོང་གསུམ་ཡོད་པའི་རྩ་ཆུ་འཛོམས་པའི་སྡེ་བ་ཞིག་ཡིན་སྟབས། ཕྱུགས་རིགས་ཀྱི་གྲངས་འབོར་ཡང་ཉེ་འགྲམ་གྱི་སྡེ་བ་གཞན་ལས་ཆེས་ཆེར་བརྒལ་ཡོད་ཅིང་།ཏང་དང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དམངས་ཕན་སྲིད་ཇུས་སྣ་ཚོགས་ཀྱི་སྣེ་ཁྲིད་འོག གཡོན་ཕུ་སྡེ་བའི་སྡེ་མི་རྣམས་ཀྱིས་རང་སའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་འབྲིང་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་དེ། དེའི་སྐོར་ནས་གཡོན་ཕུ་སྡེ་བའི་རྩིས་གཉེར་པ་གནམ་ལྷ་ཚེ་རིང་གིས་བཤད་རྒྱུར།

 ང་ཚོ་གཡོན་ཕུ་སྡེ་བའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི་ལྔ་དང་སྟོང་གསུམ་ལྷག་ཡོད། སྡེ་བ་ཡོང་ལ་ནོར་སྟོང་གསུམ་དང་དྲུག་བརྒྱ་དང་ལུག་སྟོང་གཉིས་དང་དྲུག་བརྒྱ་ཙམ་ཡོད། ན་ནིང་སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་དྲུག་ལྷག་ཡིན།

སྙན་སྒྲོན་པ། གཡོན་ཕུ་སྡེ་བའི་སྡེ་མི་གཡུང་དྲུང་ཚེ་རིང་ནི་སྡེ་བ་སྤྱིའི་ཆ་ནས་བཤད་ན། ཕྱུགས་ལས་ཐོན་སྐྱེད་ཀྱི་ཡོང་སྒོ་འབྲིང་ཙམ་གྱི་ཁྱིམ་ཚང་ཞིག་ཡིན་ཞིང་། ང་ཚོ་ཁོ་དང་འཕྲད་དུས་ཏག་ཏག་ཁོས་ཕྱུགས་ཟོག་འཚོ་སྐྱོང་བྱེད་བཞིན་འདུག ཁོས་རང་གི་ད་ལྟའི་ཕྱུགས་ཟོག་གི་གྲངས་ཀ་དང་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་སྒོའི་སྐོར་ནས་འདི་ལྟར་ཁ་བརྡ་ཐུང་ངུ་ཞིག་བྱས་བྱུང་།

 ང་ཡིན་ན་གཡོན་ཕུ་སྡེ་བའི་སྡེ་མི་ཞིག་ཡིན། གཙོ་བོ་ནོར་ལུག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ནོར་ལྔ་བཅུ་དྲུག་ཅུ་ཞིག་ཡོད་ལ་ལུག་ཀྱང་དེ་འདྲ་ཞིག་ཡོད། ལོ་རེའི་ནོར་ལུག་གི་ཡོང་སྒོའི་སྒོར་མོ་ཁྲི་ལྔ་དྲུག་ཙམ་རེ་ཡོད། དེ་འདྲ་ཡིན་ཚེ་ཁྱིམ་གྱི་འཚོ་བ་ནི་བདེ་མོ་སྐྱིད་པོ་རེད།

སྙན་སྒྲོན་པ། ཉིས་སྟོང་ཉི་ཤུ་ལོར་དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་བཟོ་འགོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་རྗེས་སུ། ཚེ་ལུང་སྡེ་བ་དང་གཡོན་ཕུ་སྡེ་བའི་མི་དམངས་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་གོ་སྐབས་སུ་བཟུང་སྟེ། རང་གི་བློ་གྲོས་དང་བརྩོན་འགྲུས་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་འཚོ་བའི་བཞུད་ལམ་གསར་སྐྲུན་བྱེད་བཞིན། རྒྱལ་ཁ་དང་གྲུབ་འབྲས་ཀྱི་ཁྲོད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕན་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཏེ་ཁ་ཡིག་ལ་དཔའ་རིས་པ་ཡིས་བདེ་སྐྱིད་འཚོ་བ་གླེང་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ།བན་དེ་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།