ལག་ཤེས་ཡག་པོ་འཚོ་བའི་རྟེན་གཞི་ཡིན།
2022.03.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 55

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་དཔའ་སྤོབས་ཆེན་པོས་སྤྱོད་ལམ་གསར་བར་ཞུགས། དུས་རབས་གསར་བར་བྱས་རྗེས་ཆེན་པོ་བསྐྲུན་ཞེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་ལག་ཤེས་ཡག་པོ་འཚོ་བའི་རྟེན་གཞི་ཡིན་ཞེས་པར་ཉན་རོགས།

སྙན་སྒྲོན་པ།མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གཤོང་ཞན་བོད་རིགས་ཡུལ་ཚོ་ནི་ཞིང་ལས་གཙོ་བོར་གཉེར་བའི་ས་ཁུལ་ཞིག་ཡིན་ཞིང་།  སྟོད་ན་མགོན་པོ་བྲག་ནག་དང་ཙོང་ཁའི་སྐྱེས་རི་སོགས་དབུ་རྩེ་དགུང་ལ་མཉམ་པའི་རི་རྒྱུད་རིང་མོས་ཆོད་ཅིང་སྐེད་ན་ཚང་ཚིང་གཡུ་ལོའི་ནགས་ཚལ་སྣོལ་མར་འཁྲིགས་པས་རི་སྐྱེས་སྲོག་ཆགས་དག་གི་བསྟི་གནས་ཉམས་དགའ་ཞིང་།སྨད་ན་གསེར་ལྡན་རྨ་ཀླུང་རིང་མོ་ཤང་ཤང་དལ་གྱིས་འབབ་པས་ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག ཡུལ་གྲུ་དེའི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་གི་ཤེས་རབ་ཀྱི་དྭངས་མ་དང་ལག་ཟུང་གི་རྩོལ་བ་ལ་བརྟེན་ནས།རང་ཉིད་འཚོ་གཞེས་བྱེད་སའི་ཕ་ས་ཕ་ཡུལ་གྱི་ཕྱི་སྣོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ནང་བཅུད་ཀྱི་སེམས་ཅན་འཆམ་མཐུན་བདེ་སྐྱིད་ལྡན་པའི་བྱ་གཞག་ལྷུར་ལེན་བྱེད་བཞིན།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་རིགས་ཕན་ཚུན་བར་གྱི་མཛའ་འབྲེལ་གསེར་གྱི་ཐག་པ་རིང་དུ་བརྐྱངས་ནས།རིགས་སོ་སོའི་སྤུན་ཟླ་མི་རིགས་ཁག་གིས་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ལྡན་རྒྱལ་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོ་སྤོ་བཞིན་འདུག

མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་ཆེད།དཔའ་ལུང་རྫོང་དང་གཤོང་ཞན་བོད་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་དང་ཐད་ཀར་དུ་འབྲེལ་བ་ཡོད་པའི་ཡུལ་སྐོར་ལྗོངས་རྒྱུ་དང་ལག་རྩལ་གསོ་སྦྱོང་ལས་གཞི་སོགས་དམངས་ཕན་སྲིད་ཇུས་མང་པོ་ཞིག་ལག་བསྟར་དངོས་འབེབས་བྱས་པ་དེ། གཤོང་ཞན་བོད་རིགས་ཡུལ་ཚོའི་མི་དམངས་མང་ཚོགས་ལ་མཚོན་ན་ཆར་བ་ཆུ་གྲོགས་སུ་སོང་ནས་ཁོ་ཚོའི་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད། གནས་ཚུལ་དེའི་སྐོར་ནས་གཤོང་ཞན་བོད་རིགས་ཡུལ་ཚོའི་རྩ་འཛུགས་ཨུ་ཡོན་ཚེ་རིང་དབང་ཕྱུག་གིས་བཤད་རྒྱུར།

 ང་ཚོ་ཡུལ་ཚོ་འདིའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་སྔོན་ཆད་ཅུང་ཞན་པར་འདུག ཡིན་ནའང་མི་དམངས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་རིམ་བཞིན་མཐོ་རུ་ཕྱིན་པ་དང་། རྫོང་རིམ་པ་དང་ཡུལ་ཚོ་སྲིད་གཞུང་རིམ་པས་སྣེ་ཁྲིད་དང་ལམ་སྟོན་བྱས་ཏེ་ལག་ཤེས་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་པ་དང་། མི་དམངས་མང་ཚོགས་ཀྱིས་ཀྱང་དེ་རུ་ལག་ཤེས་རིགས་སྣ་ཚོགས་ལ་སྦྱང་པ་བྱས་ཏེ་རང་རང་གི་འཇོན་ཐང་མངོན་བཞིན་ཡོད། དཔེར་ན་དངུལ་བརྡུངས་ནས་མགར་བྱེད་མཁན་དང་བཟོ་བྱེད་མཁན། འཇིམ་སྐུ་བཟོས་ནས་ཡོང་སྒོ་འཚོལ་མཁན་སོགས་ཡོད་པས་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

སྙན་སྒྲོན་པ། སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་གསར་བའི་འགྱུར་ལྡོག་དང་བསྟུན་ནས། མི་རྣམས་ཀྱི་བསམ་བློའི་གོ་རྟོགས་དང་འཚོ་བའི་ལྟ་སྟངས་སོགས་ལའང་རིམ་བཞིན་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། འགྱུར་ལྡོག་དེ་དག་གི་ཁྲོད་ནས་ད་གཟོད་རང་གི་འཚོ་བའི་ཁ་ཕྱོགས་གསར་སྐྲུན་དང་འཚོལ་སྙེག་བྱེད་མཁན་གྱི་མི་སྣ་མང་པོ་ཞིག་ཀྱང་བྱུང་དང་འབྱུང་མུས་སུ་ཡོད་པ་རེད། དེ་བཞིན་དུ་གཤོང་ཞན་བོད་རིགས་ཡུལ་ཚོའི་སྡེ་བ་སོ་སོའི་མི་སྣ་སྐོར་ཞིག་གིས་ཀྱང་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་གཉེར་བ་ཁོ་ན་ཙམ་གྱིས་འཚོ་བའི་འཕེལ་རྒྱས་ཀྱི་གོམ་ཁ་དལ་བའི་ངེས་ཤེས་གསར་དུ་རྙེད་དེ། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་བཟང་བོའི་སྣེ་ཁྲིད་འོག་ཏུ་རང་ཉིད་ཀྱི་རྩལ་ནུས་དང་འཇོན་ཐང་སྣ་ཚོགས་སྔོག་འདོན་བྱས་ནས་འཚོ་བ་གསར་བའི་བདེ་སྐྱིད་བསུ་མཁན་ཡང་མང་པོ་ཞིག་ཡོད་དེ། གཤོང་ཞན་བོད་རིགས་ཡུལ་ཚོའི་བྲང་ཀ་སྡེ་བའི་བཟོ་རིག་ལག་ཤེས་པ་པདྨ་ནི་མི་སྣ་དེ་དག་གི་གྲས་ཀྱི་གཅིག་རེད།

ང་རང་ཉིད་ནི་ཆུང་དུས་ནས་རི་མོར་འབྲི་རྒྱུར་དགའ་བས་ཕ་རྒན་གྱིས་ཀྱང་རི་མོ་འབྲི་བའི་ཕྱོགས་ལ་ཞུགས་དགོས་པར་བསྟན། དགེ་རྒན་བཀྲ་ཤིས་དོན་འགྲུབ་དགེ་རྒན་ལ་བརྟེན་ནས་སྦྱང་བ་བྱས་པ་དང་དེ་ནས་རིམ་བཞིན་དགེ་རྒན་རེ་འགའ་བརྟེན་ནས་རང་ཉིད་ཀྱིས་རང་མགོ་ཐོན་ཙམ་བྱུང་རྗེས། དགོན་པ་སྐོར་ཞིག་ལ་སོང་ནས་འཇིམ་སྐུ་ལས་པ་དང་། རྗེས་སུ་རྒྱ་ནང་དུ་སོང་ནས་ཟངས་སྐུའི་མ་ཡིག་སོགས་ལས་པ་དང་། ཕྱིར་ཡོང་ནས་ཁྲི་ཀའི་ལྷ་ཁང་ནང་གི་ཐུགས་རྗེ་ཆེན་པོ་དང་ཟངས་མདོག་དཔལ་རིའི་ཕོ་བྲང་སོགས་ལས་ནས་སྒོར་མོ་མང་པོ་བླངས། རང་གི་ད་ལྟའི་འཚོ་བའི་ཡོང་སྒོ་གཙོ་བོ་དེ་ཡང་འཇིམ་བཟོའི་ལག་རྩལ་ལ་བརྟེན་ཡོད་པས་འཚོ་བའི་ཐད་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

སྙན་སྒྲོན་པ། ལག་ཤེས་སྣ་གཅིག་ཤེས་ན་ཁྱིམ་གཅིག་ཕྱུག་པོར་བསྒྱུར་ཐུབ་ཟེར་བ་ནང་བཞིན།གཤོང་ཞན་བོད་རིགས་ཡུལ་ཚོའི་སྲང་ལམ་སྡེ་བའི་མགར་བ་བློ་བཟང་ནི་དབང་བོ་སྐྱོན་ཅན་གྱི་མི་སྣ་ཞིག་ཡིན་ན་ཡང་།ཁོས་བསམ་བློའི་ནང་དུ་ནམ་ཡང་སྒུག་བརྟེན་སློང་གསུམ་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་ཙམ་བྱེད་པའི་སྒྱིད་ལུག་དང་ལས་ལ་མི་སྤྲོ་བའི་དྲི་མའི་རང་བཞིན་ཅུང་ཙམ་ཡང་མེད་པར་སྐྱིད་སྡུག་འདྲེས་མའི་འཚོ་བར་དངོས་སུ་གདོང་གཏོད་མཁན་ཞིག་ཡིན་ལ།ད་ལྟ་ཁོའི་འཚོ་བའི་ཕུགས་འདུན་དེ་གཞི་ནས་མངོན་འགྱུར་བྱུང་ཡོད་པར་མ་ཟད།ཁོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རྡུང་བཟོའི་ལག་ཤེས་དེ་གཞན་ལའང་བརྒྱུད་སྤྲོད་བྱས་པས་ཕན་འབྲས་ངོ་མ་ཐོབ་ཡོད།

ང་ལ་མཚོན་ན་དངུལ་རྡུང་བའི་མགར་བ་ཞིག་ཡིན་ནི་རེད། གཙོ་བོ་གློ་གཟུར་དང་བཞོ་བཟུང་སོགས་འདོགས་ཆའི་རིགས་དང་དགོན་པའི་མཎ་ཌལ་སོགས་རྡུང་བཞིན་ཡོད། ལོ་བཅུ་དགུ་ནས་བཟུང་མགར་བྱས་པ་དང་ད་ལྟའི་བར་དུ་ལོ་སུམ་ཅུ་ཙམ་འདས། ད་ལྟ་སྒོར་འགྲོ་མ་ཐུབ་ཀྱང་སྡེ་བའི་ནང་དུ་མགར་བྱས་ནས་བསྡད་ན་ལོ་གཅིག་ལ་སྒོར་མོ་ཁྲི་འགའ་རེ་བཙལ་ཐུབ་ཀི  མགར་ཕྲུག་ཀྱང་རེ་གཉིས་ཡོད་པ་དང་ད་ལྟ་ཁོ་ཚོས་ཀྱང་ལོ་རེ་ལ་སྒོར་མོ་ཁྲི་བདུན་བརྒྱད་རེ་བཙལ་ཐུབ་ཀྱི་འདུག  རང་གི་ད་ལྟའི་འཚོ་བ་དངོས་གནས་སྐྱིད་པོ་རེད།

སྙན་སྒྲོན་པ།མ་རྒྱ་སྡེ་བ་ནི་གཤོང་ཞན་བོད་རིགས་ཡུལ་ཚོའི་ཁོངས་གཏོགས་ཀྱི་བོད་སྡེ་ཆུང་ཆུང་ཞིག་ཡིན་ཞིང་། ད་ལོ་ལོ་ན་དོན་གསུམ་ལ་སོན་པའི་རྒན་པོ་ནོར་བུ་ནི་མ་རྒྱ་སྡེ་བའི་སྡེ་མི་རེད། སྔོན་ཆད་ཁོའི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་མི་བཟང་བའི་ཁར་ཁོའི་ལུས་ཕུང་ཡང་དེ་འདྲ་བདེ་ཐང་མིན་པས་ཁྱིམ་གྱི་འཚོ་བ་དེ་རིམ་བཞིན་རྒུད་པའི་ལམ་ལ་ཞུགས་མགོ་བརྩམས། ཡིན་ན་ཡང་ཏང་དང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་གྱི་རླབས་ཆེན་བཟོ་འགོད་ལག་བསྟར་བྱས་པའི་ལོ་ཤས་རིང་།གཤོང་ཞན་བོད་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གོང་རིམ་སྡེ་ཁག་གི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། རྒན་པོ་ནོར་བུ་ཚང་མ་མཐའི་འཚོ་བའི་འགན་སྲུང་གི་རིམ་པ་དང་པོའི་ནང་བཞག་པ་དེས་ཁོའི་འཚོ་བའི་ཕུགས་འདུན་ལ་ཡང་བསྐྱར་རེ་བ་གསར་བས་ཁེངས་པར་བྱས། དེ་ནས་བཟུང་ཁོས་རང་ཉིད་ལོ་ན་བཅོ་བརྒྱད་ཀྱི་སྐབས་ནས་བཟུང་སྦྱངས་ཤིང་བྱང་ཆ་ལྡན་པའི་བཟོ་ཡི་ལག་ཤེས་དེ་འདི་ནས་ཡང་བསྐྱར་རྩལ་དུ་སྤྲུགས་མགོ་བརྩམས།

སྔོན་ཆད་ངེད་ཚང་གི་ཁྱིམ་གྱི་འཚོ་བ་དེ་འདྲ་བཟང་རྒྱུ་མེད། གནས་ཚུལ་དེར་དམིགས་ནས་གོང་རིམ་ལས་ཁུངས་ཀྱིས་ངེད་ཚང་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ནང་དུ་བཞག་པ་རེད།  གོང་རིམ་གྱིས་སྒོར་མོ་བྱིན་པ་དེའི་སྟེང་དུ་རང་གིས་ཀྱང་སྔོན་ཆད་རང་ལ་བཟོ་ཡི་ལག་ཤེས་ཤིག་ཡོད་པ་དེ་ཡང་བསྐྱར་བཀོལ་སྤྱོད་བྱས་ནས་བཟོ་ཁང་ཞིག་ཕྱེས་པ་ཡིན། ན་ནིང་གི་ཡོང་སྒོ་སྒོར་མོ་ཁྲི་ལྔ་ཙམ་ཡིན་པ་དང་ད་ལོར་སྒོར་མོ་ཁྲི་དྲུག་བདུན་ཙམ་བཙལ་ཐུབ་པའི་འཆར་གཞི་ཡོད། ལོ་འདི་ཚོར་རང་གི་འཚོ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

སྙན་སྒྲོན་པ། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་བཟང་བོའི་སྣེ་ཁྲིད་འོག་ཏུ། གཤོང་ཞན་བོད་རིགས་ཡུལ་ཚོའི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ས་གནས་ཀྱི་ཁྱད་སྟོབས་དང་།རང་རང་གི་རྩལ་ནུས་དང་འཇོན་ཐང་སྣ་ཚོགས་སྔོག་འདོན་དང་བཀོལ་སྤྱོད་བྱས་ནས།སྐྱིད་སྡུག་འཚོ་བའི་རི་མོ་རིས་སུ་བཀོད་དེ་བདེ་སྐྱིད་འཚོ་བ་གསར་བར་རེ་བས་ཁེངས་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་དང་གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕན་མགོན་པོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་ལག་ཤེས་ཡག་པོ་འཚོ་བའི་རྟེན་གཞི་ཡིན་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། ཕྱུག་ལོ། གཡང་འབུམ་རྒྱལ། བན་དེ་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།