"ས་ཁུལ་བཞི"འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།
2022.03.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

 ཙུང་ལི་ལི་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བསྟན་དོན། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།     ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱེད་པ།   ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ།  རྙིང་གཏོར་གསར་འཛུགས་དང་ཁྱོན་ཡོངས་ལ་ཐབས་ཇུས་འདིང་བ་རྒྱུན་འཁྱོངས་བྱས་ནས།  ནུས་ཁུངས་ཐཱན་ཉུང་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས།    རླུང་ཤུགས་གློག་འདོན་རྟེན་གཞི་ཆེ་གྲས་དང་དེའི་ལྷུ་ལག་ཆ་ཚང་གི་སྙོམས་སྒྲིག་རང་བཞིན་གྱི་གློག་ཁུངས་འཆར་འགོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་།  གློག་དྲས་སླར་སྐྱེ་ཐུབ་པའི་ནུས་ཁུངས་གློག་འདོན་གྱི་བསྡུ་ཉར་ནུས་པ་ཆེ་རུ་གཏོང་དགོས།   ནུས་ཁུངས་ཟད་གྲོན"ཚོད་འཛིན་གཉིས"ཅན་ནས་ཐཱན་འབུད་ཚད་ཀྱི་བསྡོམས་འབོར་དང་ཤུགས་ཚད"ཚོད་འཛིན་གཉིས་"ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།   སྦགས་བཙོག་ཉུང་འཕྲི་དང་ཐཱན་ཇེ་ཉུང་དུ་གཏོང་བར་སྐུལ་སློང་དང་ཚོད་འཛིན་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མགྱོགས་མྱུར་ངང་ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་པར་བྱེད་དགོས།

ཉིན་འགའི་རིང་མཚོ་སྔོན་གྱི་དོན་དངོས་ལ་གཞིགས་ཏེ། "ས་ཁུལ་བཞི་"འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་དེ་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཨུ་ཡོན་ཅིན་ཧྭ་ཡིས་བཤད་རྒྱུར། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་ནས།  སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་ཏེ།  ནུས་ཁུངས་སྟོབས་ཆེན་གྱི་རྒྱལ་ཁབ་བསྐྲུན་པར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་བཞིན་ཡོད།  ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཉི་ནུས་དང་རླུང་ནུས་ཐོན་ཁུངས་དང་།   དེ་བཞིན་གཞི་ཁྱོན་ཆེ་བའི་བྱེ་ཐང་དང་མྱ་ངམ་ཐང་། ས་རྒོད་ཐང་སྟོང་བཅས་ཀྱི་ས་ཆའི་ཐོན་ཁུངས་ལ་བརྟེན་པ་དང་།  རྒྱལ་ཁབ་ཀྱིས་ནུས་ཁུངས་གསར་པ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ལ་བརྟེན་ནས།   ནུས་ཁུངས་གསར་པའི་ཐོན་ལས་ཀྱི་ཐོད་བརྒལ་འཕེལ་རྒྱས་མངོན་འགྱུར་བྱས་ཏེ།    སྟོང་ཝ་བྱེ་བ་གཅིག་ཅན་གྱི་ནུས་ཁུངས་གསར་བའི་རྟེན་གཞི་བསྐྲུན་ཡོད།     ཤོང་ཚད་ཆེ་ཞིང་བར་ཐག་རིང་ལ་ལས་ཆོད་ཆེ་བའི་སྒོ་ནས་ནུབ་རྒྱུད་ཀྱི་ནུས་ཁུངས་གཙང་མ་དབུས་ཤར་རྒྱུད་ཀྱི་ནུས་ཁུངས་བསྡུ་ཉར་ལྟེ་གནས་སུ་སྐྱེལ་འདྲེན་བྱས་ཏེ།     "ནུབ་གློག་ཤར་འདྲེན"གྱི་བཟོ་སྐྲུན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།  ནུས་ཁུངས་གཙང་མ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ།  དབུས་ཤར་ས་ཁུལ་གྱི་ནུས་ཁུངས་ཟད་གྲོན"ཚོད་འཛིན་གཉིས"ཅན་ཇེ་ལེགས་སུ་གཏོང་བ་ནི་རྒྱལ་ཡོངས་ཀྱི"ཐཱན་གཉིས"འཐབ་ཇུས་ལ་རམ་འདེགས་བྱེད་པའི་གནད་འགག་ཡིན་ཞིང་།   དམིགས་བསལ་མཐོ་གནོན་གློག་འདྲེན་བགྲོད་ལམ་འཛུགས་སྐྲུན་བྱེད་པ་ནི་གོང་གསལ་དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  དམིགས་བསལ་མཐོ་གནོན་གློག་འདྲེན་ལག་རྩལ་གྱིས་གློག་ཤུགས་སྐྱེལ་འདྲེན་གྱི་བར་ཐག་དང་ཤོང་ཚད་ཕན་ནུས་ལྡན་པའི་སྒོ་ནས་ཇེ་མཐོར་གཏོང་ཐུབ་པ་དང་། གློག་འདྲེན་ཟད་གྲོན་ཇེ་ཉུང་དང་གློག་འདྲེན་མ་རྩ་ཇེ་ཆུང་དུ་གཏོང་ཐུབ་པས།   རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནུས་རྒྱུ་ཅུས་ཀྱིས་མཚོ་ནུབ་ཁུལ་ནས་འབྲི་ཆུའི་ཟུར་གསུམ་གླིང་དང་ཀོང་ཏུང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ས་ཁུལ་དང་།   དབུས་རྒྱུད་ས་ཁུལ་བར་དམིགས་བསལ་མཐོ་གནོན་སྐྱེལ་འདྲེན་ལམ་བུ་འཆར་འགོད་ལག་བསྟར་བྱེད་པའི་དུས་མཚུངས་སུ།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ནས།  ཤར་ནུབ་རྒྱུད་ས་ཁུལ་གྱི་གློག་ཤུགས་སྐྱེལ་འདྲེན་མངོན་འགྱུར་བྱས་ནས་ཐོན་ཁུངས་བཀོད་སྒྲིག་ནུས་ལྡན་བྱེད་པར་རེ་བ་བཅངས་ཡོད་ཟེར།

ཨུ་ཡོན་ཧན་བུན་ལིན་གྱིས་བཤད་རྒྱུར། མཚོ་སྔོན་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ།  ས་བབ་མཐོ་བ་དང་། ཉི་འོད་འཛོམས་པ། གནམ་གཤིས་དྲོད་ཚད་རན་པ།  ནད་འབུའི་གནོད་པ་ཉུང་བ།  སོན་རྒྱུ་ལེགས་པ་སོགས་ཀྱི་ཆ་རྐྱེན་འཛོམས་པས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བཟང་བོ་ཡོད།  དེར་བརྟེན་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་པ་འཐུས་ཚང་དུ་བཏང་ནས།  ས་ཁོངས་ཁག་གི་ཁྱད་ཆོས་དང་ལེགས་ཆ་མཚོན་པ་དང་། གྲུབ་ཆ་ལེགས་སྒྲིག་ལ་ཁྲིད་སྟོན་བྱེད་པ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོ་སྒང་གི་ཁྱད་ལྡན་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱེད་དགོས།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་འཛུགས་པ་དང་།  གཞི་གྲངས་ཆེན་མོའི་དབྱེ་ཞིབ་དང་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་འཛུགས་པ།  ཞིང་ཕྱུགས་ཐོན་རྫས་བདེ་འཇགས་ཀྱི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ། ཉེན་ཁ་དཔྱད་དཔོག་དང་ཉེན་སྐུལ་ལམ་ལུགས་ལག་བསྟར་བྱེད་པ།  ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཐོན་རྫས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་།   སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཐབས་གསར་གཏོད་དང་གནད་སྨིན་སྤུས་རྟགས་དྲིལ་བསྒྲགས་ལག་བསྟར་བཅས་བྱས་ཏེ།  སྤུས་རྟགས་དེ་ཕྱོགས་རྐྱང་པའི་བརྒྱུད་བསྒྲགས་ནས་ཕན་ཚུན་བརྒྱུད་བསྒྲགས་བྱེད་པའི་བར་འཕེལ་རྒྱས་གཏོང་དགོས་ཟེར།

འཐུས་མི་ཨ་ཧྲིན་ཆིན་དང་ཁུང་ཆིན་ཅུས་གཉིས་ཀྱིས་བཤད་རྒྱུར། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་གསར་བསྐྲུན་བྱེད་བཞིན་ཡོད་མོད། ཡིན་ན་ཡང་གསར་བསྐྲུན་བྱེད་པའི་གོ་རིམ་ཁྲོད་འགལ་བ་དང་དཀའ་ཁག་མི་ཉུང་བ་ཞིག་གནས་ཡོད།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ།  རྒྱལ་ཁབ་ཀྱིས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་བཟོ་འགོད་ལག་བསྟར་བྱས་ནས། ཡུལ་སྐོར་ཁྱབ་ཁོངས་ཀྱི་གཙོ་གནད་སྤྱི་པའི་ཞབས་ཞུ་དང་དོ་དམ་སྒྲིག་ཆས་ཇེ་ལེགས་སུ་གཏོང་བར་མངོན་གསལ་གྱིས་རྒྱབ་སྐྱོར་དང་། རིག་གནས་ཀྱི་ཞིབ་ཆ་དོད་པའི་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ། རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ཁམས་གསེང་གྲོང་ཁྱེར་དང་ཁྲོམ་གཞུང་བཅས་བསྐྲུན་པར་ཤུགས་སྣོན་བྱས་ཡོད།  རིག་གནས་དང་ཡུལ་སྐོར་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེས་ཁམས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚྭ་ཁ་ཚྭ་མཚོ་དང་གསེར་དངུལ་ཐང་གི་རྡུལ་ཕྲན་མཁར་སོགས་གཙོ་གནད་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་པའི་ལས་དོན་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་།  རྒྱལ་ཁབ་རིམ་པའི་རྨ་ཙོང་རིག་གནས་སྐྱེ་ཁམས་ཚོད་ལྟའི་སྲུང་སྐྱོབ་ཁུལ་འཛུགས་པའི་ལས་དོན་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་ཏེ། མགྱོགས་མྱུར་ངང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཡུལ་སྐོར་གཞི་རྟེན་དུ་བྱས་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པར་རེ་བ་བཅངས་ཡོད་ཟེར།

ཡིག་སྒྱུར་བ།དངོས་སྦྱོང་སློབ་མ་སྒྲོལ་མ་རྒྱལ།