སྙན་ངག་དང་རྒྱང་རིང་ལ་འདྲེས་པའི་གཟུགས་འདས་ཤུལ་བཞག་རིག་གནས།
2022.03.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

པད་ཁ་ཚང་གི་ཕྱུགས་ར།

རླངས་འཁོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་ཤེད་ཞོལ་མ་གྲོང་རྡལ་ཉི་མ་སྡེ་བའི་ཨར་འདམ་ལམ་བུའི་ཐོག་བསྐྱོད་སྐབས། རླངས་འཁོར་རྒྱུགས་པའི་ཕྱོགས་སུ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་མཛེས་པ་མངོན་བཞིན་མཆིས། སྐྱ་སེར་གྱི་རྩྭ་ཐང་དང་རྒྱང་རིང་གི་འཁྱགས་རོམ། གངས་རི། སྔོ་ཞིང་བསང་བའི་ནམ་མཁའ་བཅས་ནི་ཡུལ་ལྗོངས་ཁྱད་པར་བ་ཞིག་རེད།

“ཨ་ཅག་ཁྱོད་ཀྱིས་ལྟོས་དང་། འདི་ནི་ང་ཚོའི་ཕྱུགས་ར་རེད། ཕ་གི་ན་ནག་ལེབ་བེ་ཡོད་པ་ནི་ང་ཚོའི་ནོར་གནག་རེད། ཁྱོད་ཀྱིས་ཉོས་པའི་ཀ་ར་ནི་གནས་འདིའི་འབྲི་མོའི་འོ་མས་ལས་པ་རེད།” “ཁྱོད་ཚོའི་གནས་འདི་འདི་འདྲའི་མཛེས་པ་ཞིག་ཡིན་པ་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། ཐེངས་འདིར་གནས་འདིར་ཡོང་བ་དངོས་གནས་རིན་ཐང་ཡོད་པ་ཞིག་རེད།”

ཁ་བརྡ་བྱེད་བཞིན་པའི་མི་དེ་གཉིས་ནི་ཡུས་ཧྲུའུ“ཕྱུར་ཁུ་ཨ་འདག”གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་རྩལ་ཁུལ་རིམ་པའི་རྒྱུན་འཛིན་པ་པད་ཁ་དང་པེ་ཅིང་གི་ཡུལ་སྐོར་བ་ལིས་ཡུས་རུང་གཉིས་རེད།

པད་ཁ་ལ་དོན་དངོས་ཐོག་ད་དུང་ཐོབ་ཐང་ཞིག་ཡོད་པ་ནི་ཡུས་ཧྲུའུ་གྲོང་ཁྱེར་འབྲོག་མོ་བཟོ་ཚོང་ཚད་ཡོད་ཀུང་སིའི་སྤྱིའི་ལས་འཛིན་པ་ཡིན་ཞིང་། ཀུང་སིའི་གཙོ་གཉེར་ཐོན་རྫས་ནི“ཕྱུར་ཁུ་ཨ་འདག”རེད། པད་ཁས་ངོ་སྤྲོད་བྱས་པ་ལྟར་ན། “ཕྱུར་ཁུ་ཨ་འདག”ནི་བྲོ་བ་ཞིམ་པའི་འོ་མའི་ཐོན་རྫས་ཤིག་ཡིན་པ་དང་། ད་བར་དུ་ལོ་ངོ་སྟོང་བཞི་ལྷག་ཙམ་གྱི་བཟོ་རྩལ་ལོ་རྒྱུས་ལྡན་ཟེར།

རླངས་འཁོར་རས་གུར་ཞིག་གི་མདུན་དུ་བསྡད་རྗེས། པད་ཁ་རླངས་འཁོར་ལས་བབས་མ་ཐག་ལས་ཀར་བྲེལ་གྱིན་ཡོད་ལ། ལོགས་སུ་ཡོད་པའི་ལིས་ཡུས་རུང་གིས་ལག་འཁྱེར་ཁ་པར་གྱི་ཁ་ཕྱེ་ནས་པད་ཁའི་ལས་ཀ་ལས་པའི་རྣམ་པ་བརྙན་ཕབ་བྱེད་ཀྱིན་ཡོད།

པད་ཁས་ལག་པས་འོ་རྟར་འཇུས་ཏེ་འོ་ཟོའི་ནང་གི་དཀར་ཤག་ཤག་གི་འོ་མ་དེ་ལན་སྟོང་ཕྲག་ཅིག་ལ་བསྲུབས་པས། འོ་མ་བུད་དེ་མར་རྡོག་དག་རིམ་གྱིས་ཟོ་ཁར་ཐོན་པས། ཁོས་ལག་འཇམ་གྱིས་བླངས་ཏེ་སྡེར་མའི་ནང་དུ་བཞག དེ་ནི་འབྲོག་པ་རྣམས་ཆེས་དགའ་བའི་འབྲི་མར་སེར་པོ་རེད།

དེའི་རྗེས། ཁོས་སླར་ཡང་མར་བླངས་རྗེས་ཀྱི་ཁུ་བ་སླ་ངའི་ནང་བླུགས་ནས་བཙོས། ཡུད་ཙམ་འགོར་རྗེས་ཆུར་བ་སླ་ངའི་ནང་རིམ་གྱིས་ཆགས་པ་དང་། ཆུར་བ་སླ་ང་ལས་ཕྱིར་བླངས་རྗེས། པད་ཁས་ཐབ་ཏུ་འབར་ཤིང་འགའ་བསྣན་པ་དང་སླ་ངའི་ནང་གི་ཆུར་ཁུ་རླངས་འགྱུར་བྱས་ཏེ་མཇུག་མཐར་སྐྱུར་ལ་མངར་བའི “ཕྱུར་ཁུ་ཨ་འདག”གྲུབ་པ་རེད།

པད་ཁ་ཡིས་བཤད་རྒྱུར། “ང་རང་ཆུང་དུས་ནས་ནུ་མོ་དང་རྨོ་བོའི་མཉམ་དུ་ཡུས་ཧྲུའུ་གྲོང་ཁྱེར་ཧ་ཤུལ་ཡུལ་ཚོ་གཡང་ཐར་སྡེ་བ་རུ་ནར་སོན་པ་ཡིན། སྐབས་དེ་དུས་ཁྱིམ་གྱི་ཆ་རྐྱེན་ཞན་ལ་ཀ་ར་ཉོ་སྤྱད་ཡང་མེད་པས། རྨོ་བོས‘ཕྱུར་ཁུ་ཨ་འདག’གི་བཟོ་རྩལ་ང་ལ་བརྒྱུད་སྤྲོད་བྱས་པ་ཡིན”ཟེར།

བརྒྱུད་རིམ་ཆ་ཚང་ལ་བལྟས་རྗེས། ལིས་ཡུས་རུང་གི་གདོང་ལ་ཡ་མཚན་ཆེན་པོ་སྐྱེས་ཤིང་། “དངོས་གནས་མཐོང་རྒྱ་ཆེ་རུ་བསྐྱེད་དུ་བཅུག མ་གཞི་འོ་མས་ད་དུང་དངོས་པོ་དེ་འདྲ་མང་པོ་ལས་ཐུབ། པད་ཁ་དངོས་གནས་ངར་བ་རེད།”

བསྔགས་བརྗོད་བྱེད་པ་ཐོས་རྗེས། པད་ཁ་ཡིས་ཁེངས་སྐྱུང་གི་སྒོ་ནས་བཤད་རྒྱུར། “འདི་ནི་ང་ཚོའི་མི་རབས་ནས་མི་རབས་བར་ཁྱབ་པའི་ལག་རྩལ་ཞིག་རེད། འབྲོག་པ་མང་ཆེ་བས་དེ་ལས་ཤེས། ད་ལྟ་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ཚང་མས་མར་དང་ཆུར་བ་ལས་རྗེས་ལྷག་པའི‘ཁུ་བ’མར་གཡུག་བཞིན་ཡོད”ཅེས་བཤད།

དེ་ཡང་པད་ཁ་ཡིས་ཐོག་མར་ཀུང་སི་འཛུགས་པའི་རྒྱུ་རྐྱེན་ཡིན་ལ། རྒྱུ་མཚན་ནི་ཁོ་མོས་ལག་རྩལ་འདི་རྒྱུན་ཆད་དུ་འཇུག་མི་འདོད་པས་རེད།

དོན་དམ་པར། ལིས་ཡུས་རུང་དང་པད་ཁ་ཡང་གྲོགས་པོ་རྙིང་པ་རེད། 2021ལོའི་དབྱར་ཁར། ལིས་ཡུས་རུང་གིས་རང་ཉིད་ཀྱི་རླངས་འཁོར་བསྐོར་ནས་ཡུས་ཧྲུའུ་ལ་ཐེངས་དང་པོར་སླེབས། བྱ་ཆུའི་ངོགས་སུ་གནས་པའི་ཡུས་ཧྲུའུ་གྲོང་ཁྱེར་ཁམས་པའི་ཡུལ་སྲོལ་སྲང་ལམ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་ཁང་དུ། པད་ཁ་དང་ལིས་ཡུས་རུང་ཐོག་མར་ངོ་ཤེས་པ་དང་། ལིས་ཡུས་རུང་གིས་ཀྱང“ཕྱུར་ཁུ་ཨ་འདག”གི་བྲོ་བ་ཐེངས་དང་པོར་རོལ་མྱོང་བྱས་པ་རེད།

དེ་ལྟར། ལེ་དབར་སྟོང་ཕྲག་གིས་ཆོད་པའི་མི་ཆ་མེད་གཉིས་ཡུས་ཧྲུའུ་ཡི་སྐྱེ་ཁམས་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱས་པའི་དབང་གིས་ངོ་ཤེས་པར་གྱུར་བ་རེད།

ལིས་ཡུས་རུང་གིས་བཤད་རྒྱུར། “ཐེངས་དང་པོར་ཡུས་ཧྲུའུ་རུ་ཡོང་དོན་ནི་གནས་འདིའི་རི་ཆུའི་ཆེད་ཡིན་ལ། ཐེངས་འདིར་ཡོང་དོན་ནི་གནས་འདིའི་རིག་གནས་ཀྱི་ཆེད་ཡིན”ཟེར།

རླངས་འཁོར་རི་བོ་ཆེན་པོ་བརྒྱུད་ནས་ཡུས་ཧྲུའུ་གྲོང་ཁྱེར་པིན་ཧོ་ལམ་དུ་འབྱོར། རྒྱང་ནས་བལྟས་ཚེ། རི་བོ་ཆེན་པོའི་གངས་འཁྱགས་རིམ་གྱིས་ཞུ་བཞིན་ཡོད་པ་དང་། ཐག་ཉེའི་མཚམས་སུ་དྭངས་ཤིང་གཙང་བའི་དཔལ་ཆུ་དང་བྱ་ཆུ་གཉིས་ཡུས་ཧྲུའུ་གྲོང་ཁྱེར་དུ་འདྲེས་ཤིང་། ཆུ་ལམ་བརྒྱུད་དེ་འགྲོ་སྐབས་གཞུང་ལམ་སྟེང་འགྲོ་འོང་བྱེད་པའི་རླངས་འཁོར་རྒྱུན་མི་ཆད་པ་མ་ཟད། མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་དེ་ཡང་དཔྱིད་ཀྱི་དཔལ་ཡོན་ལྟ་བུའི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་དཀོན་མཆོག་འཆི་མེད་ཀྱིས་བཤད་རྒྱུར། “ཡུས་ཧྲུའུ་གྲོང་ཁྱེར་ལ་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཡོད་པ་དང་། ཆུ་ཁུངས་དང་དག་གཙང་གི་ཁྱད་ཆོས་མང་པོ་ལྡན་ལ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་སྒང་གི་བརླན་ས་དང་རྩྭ་ཐང་། སྡོང་ཕྲན་ནགས་ཚལ། གདོད་མའི་ནགས་ཚལ་སོགས་སྐྱེ་ཁམས་མ་ལག་ཡོད་པས། འཛམ་གླིང་ཐོག་མཚོ་འཕང་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་དང་སྐྱེ་སྣ། གཞི་རྒྱུ། རྒྱུད་འཛིན་བཅས་སྣ་མང་རང་བཞིན་ལྡན་པའི་གཅིག་བསྡུས་ས་ཁུལ་ཞིག་ཡིན”ཟེར།

སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལས་གཞན། ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་གཞོགས་འདེགས་སྒྲིག་ཆས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། རིག་གནས་ཡུལ་སྐོར་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་བ། རིག་གནས་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་པ་སོགས་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཕྱི་ནང་གཉིས་ཀའི་རྣམ་པ་ཇེ་ལེགས་སུ་བཏང་ནས། ཞིང་ཆེན་ཡོངས་སུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ཆེད་ཡུས་ཧྲུའུ་ཡི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་སུ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་གཉིས་ཙམ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་ལྔ་སྟོང་བཞི་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཅིག་བྱེ་བ་གཉིས་བླངས་པས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

པད་ཁའི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས་བཟོ་ཁང་དུ་ཐོན། “འདི་ནི་ང་ཚོའི་བཟོ་ཁང་ཡིན་ལ། མུས་གྲུ་བཞི་མ་སུམ་བརྒྱ་ལྷག་ཙམ་ཡོད། ‘ཕྱུར་ཁུ་ཨ་འདག’ནི་འདི་གར་ལག་ཤེས་རྐྱང་པས་ལས་པ་ཞིག་རེད”ཅེས་པད་ཁས་འགྲོ་ཞོར་དུ་ངོ་སྤྲོད་བྱས་པ་དང་། འགྲམ་གྱི་ལིས་ཡུས་རུང་གིས་མགོ་བོ་གཡུག་གཡུག་བྱས་ནས་ཁས་ལེན་བྱས།

དོན་དམ་དུ་ཡུས་ཧྲུའུ་ཡི་སྐྱེ་ཁམས་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ལ། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བརྟེན་སའང་ཡིན། ཡུས་ཧྲུའུ་གྲོང་ཁྱེར་ནི་ཡིད་དབང་འཕྲོག་པའི་ས་ཆ་ཞིག་ཡིན་པ་དང་། ཡིད་དབང་འཕྲོག་ཤུགས་དེ་ནི་རི་སྔོ་ཆུ་དྭངས་དང་ཞིང་ཁ། ཕྱུགས་ར་བཅས་ཀྱི་རང་བྱུང་མཛེས་ལྗོངས་ལས་བྱུང་བ་ཞིག་ཡིན་པ་མ་ཟད། གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་ཁྱད་ཆོས་ལྡན་པའི་ཁམས་པའི་རིག་གནས་ལས་བྱུང་བ་ཞིག་ཀྱང་རེད།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྲུང་སྐྱོབ་ནན་མོ་བྱེད་པའི་རྨང་གཞིའི་སྟེང་། རིག་དངོས་གནའ་ཤུལ་དང་སྲོལ་རྒྱུན་སྡེ་བ། ཞིང་ལས་རིག་གནས་ཤུལ་བཞག གཟུགས་འདས་ཤུལ་བཞག་རིག་གནས་སོགས་ནུས་ལྡན་ངང་བེད་སྤྱད་དེ། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་ཀྱིན་ཡོད། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། རིག་དངོས་ཐོན་ཁུངས་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཡར་སྐུལ་བྱེད་པ། རིག་དངོས་ཁྱབ་ཁོངས་ཀྱི་ཞིབ་འཇུག་ཡུལ་སྐོར་དང་ཡུལ་སྐོར་ཉམས་ལེན་བྱེད་པ། སྤྲོ་གསེང་ཡུལ་སྐོར་བཅས་ཀྱི་རྣམ་གྲངས་འོས་སྦྱོར་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་སུ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བཅུ་གཉིས་འཚོལ་སྡུད་དང་ལེགས་སྒྲིག་བྱས། རྫོང་རིམ་པས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་རྣམ་གྲངས་དྲུག་ཅུ་དང་། མཚོན་བྱེད་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་གོ་བརྒྱད་སྔོག་འདོན་བྱས་པ་མ་ཟད། ཐང་ག་དང་བཟོ་རྩལ་ཐོན་རྫས། ཡུལ་ཕྱོགས་ཀྱི་ཐོན་རྫས། ལག་ཤེས་འཁལ་འཐག་སོགས་རིག་གནས་ཐོན་ལས་ཀུང་སི་དོན་བཞི་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་རམ་འདེགས་བྱས།

གྲོགས་པོ་ལིས་ཡུས་རུང་བསྐྱལ་རྗེས། པད་ཁ་ཡིས་བསམ་བློ་གཏོང་ཞོར“ང་ལ་ཕྱུགས་ར་ཡོད་ལ་ལག་རྩལ་ཡང་ཡོད་པས། སྐྱེ་ཁམས་ཡུལ་སྐོར་དང་གཟུགས་འདས་ཤུལ་བཞག་རིག་གནས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ད་ལོ་ནས་བཟུང་ང་ཚོས་ལམ་ཐིག་རྩེ་གྲ་ཞིག་བསྐྲུན་ཏེ་ཕྱི་ཕྱོགས་ཀྱི་ཡུལ་སྐོར་པར་མཛེས་ལྗོངས་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ངོ་མཚར་མྱོང་རོལ་བྱེད་དུ་བཅུག་ཆོག”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།