ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2022ལོར་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་བྱ་བ་སྐུལ་འདེད་ལེགས་པོར་གཏོང་བའི་སྐོར་གྱི་བསམ་འཆར》ལག་ལེན་མཐར་ཕྱིན་བྱེད་པའི་ལག་བསྟར་བསམ་འཆར།
2022.03.30 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 18

མཚོ་སྤེལ〔2022〕ཨང1པོ།

2021ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་གོང་འོག་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་དམ་པོར་དམིགས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱ་བསྐྱེད་སྲ་བརྟན་དང་། གྲོང་གསེབ་དར་སྤེལ་ཏན་ཏིག་སྒོས་སྐུལ་འདེད་བཏང་ནས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་བྱེད་གནས་བསྐྲུན་པར་ཤུགས་ཆེན་པོས་འཆར་འགོད་བྱ་དགོས་ལ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་ལ་བརྟན་བརླིང་ཁྲོད་འཕར་བ་དང་བརྟན་བརླིང་ཁྲོད་མཐོར་འདེགས། བརྟན་བརླིང་ཁྲོད་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མགོ་ལེགས་པོ་ཞིག་བརྩམས་ཡོད།

2022ལོའི་བྱ་བ་ལེགས་པོར་བསྒྲུབ་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གིས་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་ཕྱོགས་ཡོངས་ལ་དབུ་ཁྲིད་གནང་བ་རྒྱུན་འཁྱོངས་དང་ཤུགས་ཇེ་དྲག་ཏུ་བཏང་ནས། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་མདོ་དོན་རྒྱུན་འཁྱོངས་དང་། གྲོང་གསེབ་དར་སྤེལ་གྱིས་གཅིག་འདོམས་བྱེད་ཅིང་། འབྲུ་རིགས་སོགས་ཞིང་ཕྱུགས་ཐོན་རྫས་གཙོ་བོ་བརྟན་འཇགས་ངང་འདོན་སྤྲོད་བྱེད་རྒྱུ་དམིགས་འབེན་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་བྱེད་གནས་བསྐྲུན་པ་འཛིན་ལུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱེད་པ་དང་གཞི་ཁྱོན་ཅན་གྱི་དབུལ་བོར་བསྐྱར་ལོག་མི་བྱེད་པ། རྨོ་ཞིང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་མཐའ་ཐིག་གསུམ་བརྟན་པོར་སྲུང་ནས། “ཞིང་གསུམ”བྱ་བའི་འགུལ་སྐྱོད་བརྒྱད་ལག་བསྟར་དང་། གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་འཇགས་དང་འདོན་སྤྲོད་འགན་སྲུང་ཐུབ་པ་དང་། རོང་འབྲོག་པའི་ཡོངས་འབབ་བརྟན་བརླིང་ངང་འཕར་བ། རོང་འབྲོག་ཁུལ་བརྟན་བརླིང་འཆམ་མཐུན་ཡོང་བ་བཅས་ཁག་ཐེག་བྱ་དགོས།

གཅིག འབྲུ་རིགས་ཀྱི་བདེ་འཇགས་ཁག་ཐེག་བྱ་དགོས།

(གཅིག) འབྲུ་རིགས་འདེབས་པའི་རྒྱ་ཁྱོན་དང་ཐོན་ཚད་བརྟན་འཇགས་ཡོང་བར་བྱ་དགོས། འབྲུ་རིགས་བདེ་འཇགས་ཐད་ཏང་དང་སྲིད་གཞུང་གཉིས་ཀར་འགན་འཁྲི་ཡོད་པ་དོན་འཁྱོལ་ནན་མོ་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་སྤེལ་ཏེ། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་བརྟན་པོར་གནས་པ་དང་། ཐོན་ཚད་ཏུན་ས་ཡ་གཅིག་དང་ཁྲི་བདུན་ཡན་དུ་བརྟན་པོར་གནས་པ་ཁག་ཐེག་བྱ་དགོས། ལོག་དཀར་གྱི་སྤུས་འདེགས་ཐོན་འཕར་བཟོ་སྐྲུན་ལག་བསྟར་བྱ་དགོས། ཞིང་ལས་ཐོན་སྐྱེད་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། རིགས་རྒྱུད་གཙོ་བོ་དང་ཐོན་ཁུལ་གྱི་ལེགས་ཆ་གཙོ་བོར་དམིགས་ནས། འབྲུ་རིགས་དང་ལོག་དཀར་སོགས་ཀྱི་ཐོན་སྐྱེད་སྲུང་སྐྱོབ་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་གཏན་འབེབས་བྱེད་པ་ཞིང་ས་དང་ས་ཞིང་གི་ཐོག་ལ་དོན་འཁྱོལ་བྱ་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་སྲུང་སྐྱོབ་ཁུལ་གཙོ་བོའི་གནད་འཁེལ་དོ་དམ་ལག་བསྟར་བྱ་དགོས། འབྲུ་རིགས་སྤུས་ལེགས་ཀྱི་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ། འབྲུ་རིགས་ཀྱི་འཇལ་བྱེད་ཐོན་ཚད་དང་སྤུས་ཀ་མཐོར་འདེགས་གཏང་དགོས། འབྲུ་རིགས་གྲོན་ཆུང་དང་བརླག་ཚད་ཉུང་གཏོང་གི་འགུལ་སྐྱོད་སྤེལ་དགོས། འབྲུ་རིགས་ལོ་ཏོག་དང་ཞིང་ལས་ཐོན་རྫས་གཙོ་བོའི་མ་རྩ་ཧྲིལ་བོ་འགན་ལེན་དང་འདེབས་འཛུགས་ཀྱི་ཡོང་འབབ་འགན་ལེན་བྱེད་པའི་སྲིད་ཇུས་འཚོལ་ཞིབ་བྱས་ཏེ་ལག་བསྟར་བྱ་དགོས། རྒྱལ་དབང་ཞིང་ཕྱུགས་ར་བའི་འབྲུ་སྣུམ་ཐོན་སྐྱེད་རྒྱ་བསྐྱེད་གཏང་དགོས།

(གཉིས) རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། “སོ་སྐྱེས་པ”ལྟ་བུའི་རྨོ་ཞིང་སྲུང་སྐྱོབ་བྱེད་ཐབས་བཙན་པོ་དོན་འཁྱོལ་བྱེད་པ་དང་། རྨོ་ཞིང་སྲུང་བའི་ཐད་ཏང་སྲིད་གཉིས་ཀྱི་འགན་འཁྲི་མཚུངས་པ་ལག་བསྟར་བྱས་ཏེ། རྨོ་ཞིང་མུའུ་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་གཅིག་གི་དམར་ཐིག་ནན་སྲུང་བྱ་དགོས། རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ཞིང་ས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག མཁར་གྲོང་གསར་སྤེལ་བྱེད་པའི་མཐའ་མཚམས་བཅས་ཀྱི་གོ་རིམ་ལྟར། ཚོད་འཛིན་གྱི་ཚད་ཐིག་གསུམ་གཅིག་གྱུར་གྱིས་མཚམས་གཅོད་བྱ་དགོས། རིམ་པ་བཞིན་དུ་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་དམིགས་འབེན་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ་དང་། དངོས་ཡོད་རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ཞིང་ས་སྲུང་སྐྱོབ་བྱེད་པའི་དམིགས་འབེན་ལས་འགན་ཆད་ལུས་མེད་པར་གནས་ས་དང་བཅས་བགོས་ནས་གཤམ་སྤྲོད་བྱས་ཏེ། འགྱུར་མེད་དམིགས་ཚད་དུ་བཞག་ནས་དཔྱད་ཞིབ་ནན་མོ་དང་གཅིག་ཆད་ཁྲ་སློག ཚེ་གང་བོར་འགན་འཁྲི་རྩད་གཅོད་བཅས་ལག་བསྟར་བྱ་དགོས། གཏན་འཇགས་གཞི་རྩའི་ཞིང་ས་དེ་གཙོ་བོ་འབྲུ་རིགས་ཐོན་སྐྱེད་བྱེད་པར་སྤྱོད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་དེ་རྩ་དོན་སྟེང་ཚང་མ་འབྲུ་རིགས་ཐོན་སྐྱེད་བྱེད་པར་སྤྱོད་དགོས། གསར་དུ་སྤེལ་བའི་སིལ་སྡོང་ལས་རིགས་རི་ངོས་དང་ལ་ངོས་སུ་སྤེལ་བར་སྣེ་ཁྲིད་པ་དང་། “ས་རྒོད་བཞིའི”ཐོན་ཁུངས་བེད་སྤྱོད་པར་སྐུལ་མ་བྱས་ཏེ། འབྲུ་རིགས་ཀྱི་ཞིང་ས་འཕྲོག་མི་རུང་། རྨོ་ཞིང་གི་སྤྱོད་སྒོར་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ་དང་། རྨོ་ཞིང་དེ་ཞིང་ལས་སྤྱོད་སྒོ་གཞན་དུ་བསྒྱུར་བར་དོ་དམ་ཚོད་འཛིན་ནན་མོ་བྱ་དགོས། རྨོ་ཞིང་གཞན་བསྒྱུར་བྱེད་པ་གཏན་འགོག་དང“འབྲུ་མིན་ཅན”དུ་སྒྱུར་བ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། “སྤྱིལ་ཁང་ཆེན་མོ”དང་ཁྲིམས་འགལ་ངང་བསྐྲུན་པའི་བྱེས་བྲང་གི་གནད་དོན་ཆེད་དོན་གཙང་སེལ་དང་བཅོས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། ཞིང་སྡེ་རུ་རྨོ་ཞིང་གང་འདོད་དུ་བཟུང་ནས་ཁང་བ་བསྐྲུན་པའི་ཆེད་དོན་བཅོས་སྐྱོང་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་དགོས། རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་བྱས་པ་དོ་མཉམ་པའི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏང་དགོས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་སོགས་རྨ་ཆུའི་འགྲམ་རྒྱུད་དང་ཙོང་ཆུ་འབབ་ཡུལ་གྱི་ཆུ་རྐ་གཙོ་གནད་དུ་བཟུང་སྟེ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཞིང་ས་མུའུ་འབུམ་གཉིས་གསར་དུ་བསྐྲུན་ནས། ཆུ་གྲོན་ཆུང་དང་ཞིང་སའི་ཆུ་རྐའི་སྒྲིག་བཀོད་ཆ་ཚང་གཅིག་གྱུར་བཀོད་འདོམས་བྱས་ནས་ཐོན་སྐྱེད་བརྟན་འཇགས་དང་ཐོན་ཚད་ཇེ་མང་དུ་ཡོང་བར་སྐུལ་འདེད་གཏང་དགོས། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་སྔ་དུས་ཀྱི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རྨ་ཡུར་བྱང་མ་ལས་སྐབས་གཉིས་པ་དང་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་རྨ་ཡུར་ནུབ་མ། ནཱ་ལིན་ཀི་ལེ་ཆུ་བོའི་ཆུ་བེད་ལྟེ་བ་སོགས་ཀྱི་ཆུའི་ཐོན་ཁུངས་དབྱེ་བགོ་བཟོ་སྐྲུན་མགྱོགས་མྱུར་ངང་བསྐྲུན་དགོས། ཞིང་ཆུ་གཏོང་ཡུལ་འབྲིང་གྲས་ཀྱི་ཆུ་རྐ་མུ་མཐུད་དུ་ལས་ནས་ཆུ་གྲོན་ཆུང་དང་བསྒྱུར་བཀོད་བྱས་ཏེ། ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། ཞིང་སའི་ཆུ་བེད་ཆུང་གྲས་ཉམས་གསོ་དང་བདག་སྐྱོང་བཅས་ཀྱི་བཟོ་སྐྲུན་ལག་ཏུ་བསྟར་བར་མུ་མཐུད་དུ་སྐུལ་འདེད་གཏང་དགོས། ཐོན་ཚད་དམའ་བ་དང་འབྲིང་བའི་ཞིང་ས་བསྒྱུར་བཀོད་བྱ་དགོས། ཆ་རྐྱེན་དང་འཚམ་པའི་ཞིང་ས་བ་ཚྭ་ཅན་སོགས་རྗེས་གྲབས་ཐོན་ཁུངས་འོས་འཚམ་ངང་གོ་རིམ་ཡོད་པའི་སྒོ་ནས་རྨོ་ཞིང་དུ་བསྒྱུར་བར་རྒྱབ་སྐྱོར་བྱ་དགོས། གཤིན་ས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་སྤེལ་འགོ་བརྩམ་དགོས།

(གསུམ)འདེབས་འཛུགས་ལས་རིགས་དར་སྤེལ་གྱི་འགུལ་སྐྱོད་ལག་བསྟར་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་འདེབས་འཛུགས་ལས་རིགས་དར་སྤེལ་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་ཅིང་ཕྱིར་བཏོན་ནས། སོན་རྒྱུ་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་བརྒྱག་དགོས། ལོ་ཏོག་དང་བྱ་ཕྱུགས་ཀྱི་སོན་རྒྱུ་ཐོན་ཁུངས་ཀྱི་མཛོད་ཁང་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། དེང་རབས་ཀྱི་སྐྱེ་དངོས་སོན་གསོ་ལག་རྩལ་ཉེར་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་གཏང་དགོས། གྲོ་དང་ལོག་དཀར། ཞོག་ཁོག ནས། གཟན་རྩྭ་སོགས་སོན་རྒྱུའི་ཐོན་ཁུངས་ཀྱི་སྲོག་ཤིང་དུ་གྱུར་བའི་ལག་རྩལ་གྱི་གནད་འགག་གཏོར་བར་ཤུགས་སྣོན་པ་དང་། ནོར་ནག་དང་བོད་ལུག་གི་རིགས་རྒྱུད་འདེམས་གསོ་ལ་སྐུལ་འདེད་བཏང་ནས། མཐོ་སྒང་གི་སོན་ཁུངས་སྤུས་ལེགས་རང་བདག་ཡིན་ལ་ཚོད་འཛིན་ཐུབ་པ་མངོན་འགྱུར་བྱ་དགོས། དེང་རབས་ཅན་གྱི་ས་བོན་ཐོན་སྐྱེད་རྟེན་གཞི་དང་། ནོར་ནག་དང་བོད་ལུག་གི་རྒྱུད་ལེགས་གསོ་སྤེལ་རྟེན་གཞི། བྱ་ཕྱུགས་དང་ཆུ་ཐོན་གྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་སོན་སྲུང་ར་བ། རྒུད་སྐྱོབ་གནོད་འགོག་གི་ས་བོན་གྲབས་གསོག་མཛོད་ཁང་སོགས་ལས་གཞི་ལག་བསྟར་བྱས་ཏེ། ནོར་ནག་དང་བོད་ལུག་གི་རྒྱུད་ལེགས་གསོ་སྤེལ་རྟེན་གཞི་ཁག་ཅིག་བསྐྲུན་པ་དང་། ཚན་གཞི་ཅན་གྱི་ནོར་རྒྱུད་ལེགས་སྒྱུར་ས་ཚིགས་བསྒྱུར་བཀོད་དང་མཐོར་འདེགས་སུ་གཏོང་བ། ལོ་ཏོག་གི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་པ་དང་། རྨ་ཙོང་གྲོག་རོང་དུ་འཁྱགས་བསིལ་རང་བཞིན་གྱི་ལོ་ཏོག་གི་ས་བོན་ཐོན་སྐྱེད་རྟེན་གཞི་བསྐྲུན་དགོས། སོན་ལས་མནའ་འབྲེལ་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཚན་རིག་ཞིབ་འཇུག་གླིང་གིས་སོན་ལས་ཀྱི་ཉེར་སྤྱོད་རང་བཞིན་གྱི་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སོན་ལས་ཁེ་ལས་ཀྱིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སོན་སྣ་གསར་བ་གསོ་སྐྱོང་བྱེད་པར་སྐུལ་མ་བཏང་ཐོག ཐོན་ལས་དང་སློབ་སྦྱོང་། ཞིབ་འཇུག་གསུམ་ཟུང་འབྲེལ་དང་། གསོ་སྤེལ་དང་ཁྱབ་གདལ་གསུམ་གཞི་གཅིག་གི་ཚོང་ལས་ཅན་གྱི་སོན་གསོ་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་གཏང་དགོས།

(བཞི)དངོས་པོའི་སྒྲིག་ཆས་དང་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། ཞིང་འཕྲུལ་སྒྲིག་ཆས་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། རིག་ནུས་ཅན་གྱི་ཞིང་འཕྲུལ་སྒྲིག་ཆས་དང་། སིལ་ཏོག་དང་སྔོ་ཚལ་ཐོན་སྐྱེད། བྱ་ཕྱུགས་གསོ་སྤེལ། ཆུའི་ཐོན་རྫས་གསོ་སྤེལ་སོགས་ཀྱི་ཞིང་འཕྲུལ་སྒྲིག་ཆས་མགྱོགས་པོར་ཁྱབ་གདལ་དང་ཉེར་སྤྱོད་བྱས་ཏེ། ཞིང་ལས་ཐོན་སྐྱེད་གོ་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་གཏང་དགོས། ཞིང་འཕྲུལ་ཉོ་སྒྲུབ་དང་ཉེར་སྤྱོད་གསབ་དངུལ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གྱིས་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་ལ་འདེགས་སྐྱོར་བྱེད་པའི་འགུལ་སྐྱོད་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་། སྔོན་ཐོན་ཅན་དང་བྱང་ཆ་ལྡན་པའི་ལག་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། ལེགས་བསྡུས་ཞིབ་གཉེར་སྒོས་མྱུ་གུ་གསོ་བ་དང་སྐྱེ་ཁམས་ལ་མཐུན་པར་འདེབས་གསོ་བྱེད་པ་སོགས་ཀྱི་སྒྲིག་བཀོད་ཞིང་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང། དོ་མཉམ་གྱིས་ལུད་འཇོག་པ་དང་ལྗང་མདོག་གི་ཚོད་འཛིན་བྱེད་པ། ཚད་གཞི་ཅན་གྱིས་གཟན་གསོ་བྱེད་པ། འཁྱགས་ཆུའི་ཉ་སྐམ་སའི་རྟེན་གཞིར་གསོ་སྤེལ་བྱེད་པ་སོགས་ཀྱི་ལག་རྩལ་གསར་བ་མགྱོགས་མྱུར་ངང་ཁྱབ་གདལ་དུ་བཏང་ནས། ཚན་རིག་དང་མཐུན་པར་འདེབས་གསོ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། གཞི་རིམ་གྱི་སྲོག་ཆགས་དང་རྩི་ཤིང་གི་རིམས་འགོག་མ་ལག་བསྐྲུན་པར་ཤུགས་སྣོན་པ་དང་། ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་དང་ཆེད་ལས་མི་སྣ་ཁ་ཚང་ཞིང་སྟོབས་དང་ལྡན་པ་བཀོད་སྒྲིག་བྱས་ཤིང་། འགན་འཁྲི་དང་ལས་རྐང་། མི་སྣ་བཅས་ངེས་གཏན་ཡིན་པ་ལག་བསྟར་བྱས་ཏེ། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་བཀག་སྡོམ་བྱེད་པར་འགན་འཁྲི་འཁུར་མཁན་ཡོད་པ་དང་ལས་ཀ་སྒྲུབ་མཁན་ཡོད་པ། དོ་དམ་བྱེད་མཁན་ཡོད་པར་ཁག་ཐེག་བྱ་དགོས། མི་ཕྱུགས་གཉིས་ཀར་འགོ་བའི་ནད་ལ་མགོ་ཁུངས་ནས་བཀག་སྡོམ་ལེགས་པོ་བྱ་དགོས། ཞིང་ཕྱུགས་ལས་ཐད་ཀྱི་གནོད་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བ། གནོད་སེལ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཤེས་རིག་ཅན་གྱི་ཞིང་ཕྱུགས་ལས་ཀྱི་གནམ་གཤིས་ཞབས་ཕྱིའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། གནམ་གཤིས་བརྟག་དཔྱད་དང་སྡོན་བརྡ། ཉེན་ཟོན་བཅས་ཀྱི་གནད་ཁེལ་ཡིན་ཚད་དང་ནུས་མཐོའི་གྲུབ་འབྲས་ཉེར་སྤྱོད་མཐོར་འདེགས་སུ་བཏང་སྟེ། ཐལ་དྲགས་པའི་གནམ་གཤིས་ལ་ཁ་གཏད་འཇལ་བའི་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས། ཆུ་ལོག་གི་གནོད་འཚེ་ལ་བརྟག་དཔྱད་དང་སྔོན་བརྡ། ཉེན་ཟོན་གྱི་མ་ལག་དང་ཆུ་མཛོད་ཆུང་འབྲིང་གི་བདེ་འཇགས་འཁོར་སྐྱོད་ཀྱི་བརྟག་དཔྱད་མ་ལག་མགྱོགས་པོར་འཛུགས་པ་དང་། ཆུ་མཛོད་སྐྱོན་ཅན་དང་ཉེན་ཁ་ཡོད་པ་དག་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་པ་དང་། ཆུས་བརླགས་པ་དང་གནོད་འཚེ་ཐེབས་པའི་ཞིང་ཕྱུགས་ལས་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་བྱ་དགོས།

(ལྔ)འབྲུ་རིགས་སོགས་ཞིང་ཕྱུགས་ཐོན་རྫས་གལ་ཆེན་གྱི་སྙོམ་སྒྲིག་ཚོད་འཛིན་ཐད་གཅིག་གྱུར་བཀོད་འདོམས་ལེགས་པོ་བྱ་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོའི་བརྟག་དཔྱད་ཉེན་ཟོན་མ་ལག་འཐུས་ཚང་དུ་བཙུགས་ནས། སྡེ་ཁག་སོ་སོའི་བརྟག་དཔྱད་གཞི་གྲངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་འདོན་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པར་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་ཕྱི་ནང་གི་འབྲུ་རིགས་དང་ཞིང་ཕྱུགས་ཐོན་རྫས་གལ་ཆེན་གྱི་ཐོན་འཚོང་མཉམ་ལས་ལེགས་པོར་སྒྲུབ་པ་དང་། བབ་བསྟུན་མཁོ་འདོན་གྱི་འགན་སྲུང་མ་ལག་འཐུས་ཚང་དུ་བསྐྲུན་ནས། སྙོམ་སྒྲིག་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། འབྲུ་རིགས་ཉོ་འཚོང་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་དང་རྐྱེན་སྲོལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་དམིགས་བཅོས་སྐྱོང་བྱས་ནས་ཁྲིམས་ལྟར་མ་ལག་རང་བཞིན་གྱི་རུལ་སུངས་ལ་ཐག་གཅོད་ནན་མོ་བྱ་དགོས། རིག་ནུས་འབྲུ་མཛོད་བསྐྲུན་པར་ཤུགས་བསྣན་ནས། མི་དང་ལག་རྩལ། དངོས་པོ་བཅས་ཀྱི་འགོག་སྲུང་ཟུང་དུ་སྦྲེལ་བར་སྐུལ་སྤེལ་བཏང་སྟེ། འབྲུ་རིགས་མཛོད་ཉར་ལ་འགུལ་རྣམ་གྱི་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས།

(དྲུག) ཞིང་པས་འབྲུ་རིགས་བཏབ་ན་ཁེ་ཕན་རེག་ཐུབ་པ་འགན་སྲུང་བྱ་དགོས། ཞིང་པའི་འབྲུ་འདེབས་ཁེ་ཕན་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། ཞིང་པས་འབྲུ་རིགས་བཏབ་ན་ཁེ་སྤོགས་སྙེག་རྒྱུ་ཡོད་པར་བྱ་དགོས། རྨོ་ཞིང་ས་བཅུད་ཀྱི་གསབ་དངུལ་སོགས་འབྲུ་རིགས་ཐོན་སྐྱེད་ཀྱི་ཁ་གསབ་རོགས་སྐྱོར་སྐུལ་སློང་རྐྱེན་སྲོལ་དོན་འཁྱོལ་བྱེད་ཅིང་། འབྲུ་སྣུམ་ཐོན་སྐྱེད་བྱེད་པའི་ས་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་འགན་སྲུང་གི་གསབ་དངུལ་སྲིད་ཇུས་དོན་འཁྱོལ་བྱ་དགོས། ལུད་རྫས་སོགས་ཞིང་ལས་མཁོ་དངོས་ཐོན་སྐྱེད་དང་གྲབས་གསོག གཏོང་འདྲེན་བཅས་ལ་ཤུགས་བསྣན་དགོས། གྲོ་དང་ནས་ཀྱི་ཆེས་དམའ་བའི་བསྡུ་ཉོ་རིན་གོང་ལམ་ལུགས་དོན་འཁྱོལ་བྱ་དགོས། ཁྱིམ་ཚང་གི་ཞིང་ཕྱུགས་ར་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྣ་ཚོགས། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འཁྲིད་ཁེ་ལས་སོགས་རིགས་གསར་བའི་ཚོང་གཉེར་མཁན་གྱིས་འབྲུ་རིགས་མང་འདེབས་དང་ལེགས་འདེབས་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཞིང་ཕྱུགས་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་རྩ་འཛུགས་མགྱོགས་པོར་གསོ་སྐྱོང་བྱེད་པ་དང་། ཆེད་ལས་ཞབས་ཕྱི་ཀུང་སི་དང་རོང་འབྲོག་པའི་མཉམ་ལས་ཁང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། གཞི་རིམ་མཁོ་འཚོང་ཁང་སོགས་གཉེར་མཁན་ལ་རྒྱབ་སྐྱོར་བྱ་དགོས། གནད་འགག་ལས་ཀའི་རིམ་པ་དང་སྲོལ་རྒྱུན་ཚོང་གཉེར་ཁང་ལ་དམིགས་ནས། རིམ་པ་རྐྱང་བ་དང་རིམ་པ་མང་བོ། གོ་རིམ་ཧྲིལ་བོ་བཅས་ཀྱི་ཐོན་སྐྱེད་ཚབ་གཉེར་ཞབས་ཕྱི་ཤུགས་ཆེན་པོས་གོང་སྤེལ་དུ་གཏང་དགོས། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འཁྲིད་ཁེ་ལས་དང་འབྲུ་རིགས་ཐོན་སྐྱེད་མཁན་བར་གྱི་ཕན་ཁེ་མཉམ་སྦྲེལ་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། སྣེ་འཁྲིད་ཁེ་ལས་ཀྱིས་མངགས་ཐོ་ཞིང་ལས་དང་ལས་སྣོན་ཟོང་སྐྱེལ། ཐོན་རྫས་ཚོང་གཉེར་སོགས་སྤེལ་བར་ཁྲིད་སྟོན་བྱ་དགོས།

གཉིས། གཞི་ཁྱོན་ཅན་གྱི་དབུལ་བོ་བསྐྱར་ལོག་མི་འབྱུང་བའི་མཐའ་ཐིག་བརྟན་སྲུང་བྱ་དགོས།

(བདུན) དབུལ་བོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་བཤེར་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། “མི་ཕུད་པ་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ཏེ། ད་ཡོད་ཀྱི་སྲིད་ཇུས་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་ཤིང། “1+5+7+N”ཡི་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་མ་ལག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱ་དགོས། རོགས་སྐྱོར་འགན་འཁྲི་ལྟ་བཤེར་ཇེ་དྲག་ཏུ་བཏང་ནས། “2411”ཡི་དབུལ་བོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་བཤེར་རོགས་སྐྱོར་རྐྱེན་སྲོལ་མུ་མཐུད་དོན་འཁྱོལ་ལེགས་པོ་བྱས་ཏེ། ལྟ་བཤེར་བྱ་ཡུལ་གནད་དུ་འཁེལ་བར་བྱས་ཤིང། དབུལ་བོ་བསྐྱར་ལོག་དང་དབུལ་བོར་འགྱུར་བའི་ཉེན་ཁ་ཡོད་པ་དང་། གློ་བུར་དུ་དཀའ་ཁག་ཆེན་པོ་བྱུང་བའི་རོང་འབྲོག་ཁྱིམ་ཚང་ལྟ་བཤེར་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་འཇོག་དགོས། རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་གྲངས་ལ་རིགས་དབྱེ་ནས་རོགས་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཙུགས་ནས། གནོད་འཚེ་དང་ནད་ཀྱི་དབང་གིས་དབུལ་བོར་འགྱུར་སླ་བའི་མི་གྲངས་ལ་ཁ་གཏད་དེ། སྨན་བཅོས་འགན་སྲུང་དང་དམངས་སྲིད་མཐའ་སྐྱོར། འགན་སྲུང་རོགས་སྐྱོབ་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་དུས་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་། དུས་ཐོག་ཏུ་བསྡུ་ལེན་དང་དུས་ཐོག་ཏུ་རོགས་སྐྱོར། དུས་ཐོག་ཏུ་སེལ་ཐབས་བཅས་བྱ་དགོས།

(བརྒྱད)དབུལ་ཐར་མི་གྲངས་ཀྱིས་ལས་ཞུགས་བྱེད་པར་སྐུལ་སྤེལ་གཏང་དགོས། ལས་ཞུགས་ནི་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་གནད་འགག་ཏུ་བཟུང་ནས། གཅིག་ནས་ཐོན་ལས་འཛིན་པ་དང་གཅིག་ནས་ལས་ཞུགས་འཛིན་དགོས། གྲོང་ཁྱེར(ཁུལ)དང་རྫོང་། ཡུལ་ཚོ། སྡེ་བ་བཅས་ཀྱི་ལས་ཞུགས་གསོ་སྦྱོང་མ་ལག་འཐུས་ཚང་དུ་བསྐྲུན་ནས། གསོ་སྦྱོང་རིགས་སོ་སོའི་ཐོན་ཁུངས་ལ་གཅིག་གྱུར་བཀོད་འདོམས་བྱ་དགོས་ཤིང། མངགས་ཐོའི་རྣམ་པ་དང་ཟས་འདེམས་རྣམ་པ། ཕོགས་ཡོད་ལས་རྐང་གི་རྣམ་པ། “སྤྱི་སྐད་དང་རྩལ་ནུས”སོགས་ཀྱི་གསོ་སྦྱོང་རྣམ་པ་ཁྱབ་གདལ་དུ་གཏང་དགོས་ལ། དབུལ་ཐར་མང་ཚོགས་ཀྱི་དུས་ཐུང་གི་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་དང་ཕྱུག་འགྱུར་སྣེ་འཁྲིད་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་དགོས། ཞིང་ཆེན་ཕྱི་ནང་གི་ངལ་ལས་མཉམ་སྒྲུབ་ཟབ་སྤེལ་བྱས་ཏེ། དབུལ་ཐར་མི་གྲངས་ཀྱི་སྤོ་སྒྱུར་ལས་ཞུགས་ལ་སྐུལ་འདེད་གཏང་དགོས། ལས་ཞུགས་རོགས་སྐྱོར་གྱི་རྒྱུན་རིང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། སྐྱེ་ཁམས་བདག་སྐྱོང་སོགས་གྲོང་གསེབ་ཀྱི་སྤྱི་ཕན་ལས་རྐང་དེ་སྔོན་ལ་དབུལ་ཐར་མང་ཚོགས་ལ་ཕྱོགས་དགོས། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པའི་རྣམ་པ་བསྐྲུན་པར་ཤུགས་བསྣན་ནས། ཆ་རྐྱེན་ལྡན་པའི་དབུལ་ཐར་མི་གྲངས་ཀྱིས་རང་བདག་སྒོས་ལས་སྐྲུན་བྱེད་པར་རོགས་རམ་བྱ་དགོས། ངལ་ལས་ཚོང་རྟགས་བསྐྲུན་ནས། མཉམ་འབྲེལ་རྣམ་པ་དང་མཉམ་སྒྲུབ་རྣམ་པ། རྩལ་ནུས་རྣམ་པ་བཅས་ཀྱི་ལས་ཞུགས་བྱེད་སྟངས་འགྲུབ་པར་སྐུལ་འདེད་གཏང་དགོས། རོགས་སྐྱོར་འཁོར་ཁང་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དུ་བསྲིང་དགོས། དབུལ་ཐར་ས་ཁུལ་གྱི་ཞིང་འབྲེལ་ལས་གཞིའི་འཛུགས་སྐྲུན་དང་བདག་སྐྱོང་ལ་རྒྱབ་སྐྱོར་བྱེད་སྐབས། རྒུད་གསབ་ལས་སྤྲོད་ཀྱི་བྱེད་ཐབས་ཧུར་ཐག་གིས་ཁྱབ་གདལ་དུ་གཏང་དགོས་ཤིང། རོང་འབྲོག་ཁུལ་གྱི་མང་ཚོགས་ཏེ་ལྷག་པར་དུ་དབུལ་ཐར་མི་གྲངས་དང་དབུལ་བོ་བསྐྱར་ལོག་སླ་བའི་ལྟ་བཤེར་བྱ་ཡུལ། ཡོང་སྒོ་དམའ་བའི་མི་གྲངས་གཞན་དག་བཅས་ལས་ཀ་བ་བསྡུ་ལེན་གང་ལེགས་བྱས་ནས། ཐག་ཉེ་ས་དང་ས་གནས་དེ་གར་ལས་ཞུགས་ཐུབ་པ་མངོན་འགྱུར་བྱ་དགོས།

(དགུ) ཡུལ་གཞན་གནས་སྤོ་རྗེས་ཀྱི་རོགས་སྐྱོར་ཤུགས་ཚད་ཆེ་རུ་གཏང་དགོས། གཅིག་བསྡུས་གནས་སྤོས་སྡེ་བའི(སྡེ་ཁུལ)བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཙུགས་ནས། གནས་སྤོས་མང་ཚོགས་ཀྱི་ཡུལ་ལོག་སྣང་བ་དང་འདྲེས་སྡོད་སྣང་བ་མཐོར་འདེགས་སུ་གཏང་དགོས། ཆ་རྐྱེན་ཡོད་པའི་གཅིག་བསྡུས་གནས་སྤོས་བཀོད་སྒྲིག་ས་ཁུལ་དུ་རོགས་སྐྱོར་འཁོར་ཁང་དང་ཐོན་ལས་གླིང་འཛུགས་པ་དང་། ཡུལ་གཞན་གནས་སྤོས་མང་ཚོགས་ཀྱིས་ད་ཡོད་ཀྱི་ཞིང་ས་དང་རྩྭ་ར་གཉེར་ནས་ཡོང་འབབ་ཇེ་མང་དུ་གཏོང་བའི་རྨང་གཞིའི་སྟེང་དུ། ས་དེ་གར་དང་ཐག་ཉེ་ས་ནས་ཐོན་ལས་གཉིས་པ་དང་གསུམ་པར་ཞུགས་པར་སྐུལ་མ་བཏང་སྟེ། སྣ་མང་གི་ཡོང་འབབ་འཕར་བ་མངོན་འགྱུར་བྱ་དགོས། གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་ལ་མུ་མཐུད་དུ་ཤུགས་བསྣན་ནས། ངལ་རྩོལ་པ་ཡོད་པའི་ཁྱིམ་ཚང་ནས་ཆེས་ཉུང་ནའང་མི་གཅིག་ལས་ཞུགས་བྱེད་པར་ཁག་ཐེག་བྱ་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་ཚང་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། བཀོད་སྒྲིག་ཁུལ་མཐའ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་དང་གྲོང་སྲིད་ཀྱི་སྤྱི་སྤྱོད་སྒྲིག་བཀོད། སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད། ཐོན་ལས་སྟེགས་བུའི་ཆ་ཚང་སྒྲིག་ཆས་བཅས་ཀྱི་རིམ་སྤར་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། མི་འདང་ས་དང་ཉམས་ཞན་ཁག་ཁ་ཚང་དུ་གསབ་དགོས། བཀོད་སྒྲིག་ས་ཁུལ་གྱི་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། གནས་སྤོས་མང་ཚོགས་ཀྱིས་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཀྱི་དགོས་མཁོ་དངོས་གནས་འཚམ་པར་བྱ་དགོས། གནས་སྤོས་མང་ཚོགས་ཀྱི་རྒན་གསོ་དང་ལས་ཞུགས། སྨན་བཅོས་འགན་སྲུང་སོགས་ཀྱི་ཞབས་ཕྱི་བརྟན་འཇགས་དང་གོ་རིམ་ཡོད་པའི་ངང་ལེགས་པོར་སྒྲུབ་པ་དང་། བྱིས་པ་སློབ་གྲྭར་འགྲོ་བ་སོགས་ཀྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབས་ཏེ། གནས་སྤོས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས།

(བཅུ)ཤར་རྒྱུད་ནུབ་རྒྱུད་ཀྱི་མཉམ་སྒྲུབ་དང་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་དགོས། ཅང་སུའུ་དང་མཚོ་སྔོན་གྱི་མཉམ་སྒྲུབ་སྒོས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས། ཐོན་ལས་དང་ལས་ཞུགས། འཛད་སྤྱོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་སྒྲུབ་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་དང་སློབ་གྲྭ། སྨན་ཁང་སོགས་ཀྱི་ཟླ་སྦྲེལ་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་དགོས། མཉམ་འབྲེལ་གྲོས་ཚོགས་དང་མཐོ་རིམ་བར་གྱི་འཚམས་འདྲི། དཔྱད་ཞིབ་དཔྱད་འཇོག ལས་གཞིའི་མ་དངུལ་དོ་དམ་སོགས་འབྲེལ་ཡོད་ཀྱི་ལམ་ལུགས་དང་རྐྱེན་སྲོལ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཁ་གཏད་རོགས་སྐྱོར། ཀྲུང་དབྱང་གི་གནད་ཁེལ་རོགས་སྐྱོར་བཅས་ཀྱི་བྱ་བ་མུ་མཐུད་མཐུན་སྦྱོར་བྱས་ཏེ་ལེགས་པོར་བསྒྲུབ་དགོས། ཤར་རྒྱུད་ནུབ་རྒྱུད་ཀྱི་མཉམ་སྒྲུབ་དང་ཁ་གཏད་རོགས་སྐྱོར་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ཏེ། རོང་འབྲོག་ཁུལ་གྱི་ཐོན་ལས་གཉིས་པ་དང་གསུམ་པ་ཤུགས་ཆེན་པོས་གོང་སྤེལ་དུ་བཏང་ནས་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏང་དགོས། ཤར་རྒྱུད་ནུབ་རྒྱུད་ཀྱི་མཉམ་སྒྲུབ་དང་ཁ་གཏད་རོགས་སྐྱོར་གྱི་སྒྲོམ་གཞིའི་འོག་ཏུ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྤྱོད་ས་འཕར་འཕྲི་དང་སྦྲེལ་བའི་ལྷག་འཕྲོའི་དམིགས་ཚད་ཞིང་ཆེན་བརྒལ་ནས་སྙོམ་སྒྲིག་བྱེད་པ་མུ་མཐུད་དུ་སྤེལ་དགོས། མ་དངུལ་བཀོལ་སྤྱོད་དང་ལས་གཞིའི་དོ་དམ་ལ་ཤུགས་བསྣན་ནས། རོགས་སྐྱོར་མ་དངུལ་དེ་གཙོ་བོ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་དུ་བཀོལ་དགོས་ལ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་བཅོ་ལྔ་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་བཅུ་ལ་རྒྱབ་སྐྱོར་བྱེད་པར་གཞོལ་དགོས་ཤིང། ཞན་ཆར་ཁ་གསབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གཞི་ཁག་ཅིག་ལག་བསྟར་བྱས་ཏེ། ཚན་རྩལ་དང་སློབ་གསོ། སྨན་བཅོས་བཅས་ཀྱི་ལས་བྱེད་འཇོན་མིས་ཚོགས་ཁག་ལྟར་རོགས་སྐྱོར་བྱེད་པ་འཆར་གཞི་ལྡན་པའི་སྒོ་ནས་སྤེལ་དགོས།

གསུམ། ནུས་ཤུགས་ཡོད་དགུས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་བྱེད་གནས་བསྐྲུན་དགོས།

(བཅུ་གཅིག) ཞིང་ཕྱུགས་ལས་ཀྱི་ལྗང་མདོག་ཐོན་སྐྱེད་ཁོར་ཡུག་ལེགས་སྒྱུར་ལ་ཤུགས་རྒྱག་དགོས། རྨོ་ཞིང་གི་ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། སྦགས་བཙོག་མགོ་ཁུངས་ནས་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁའ་དབུགས་དང་ས་རྒྱུ། ཆུ་རྒྱུ་བཅས་ཀྱི་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་དཔྱད་འཇོག་ལ་ཤུགས་སྣོན་པ་དང་། ཚད་གཞི་ནན་མོ་སྒོས་ཚད་ལྡན་དུ་བཏང་སྟེ་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་པའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། རེབ་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་ལག་བསྟར་གང་ལེགས་བྱ་དགོས། ལྗང་མདོག་འཁོར་སྐྱོད་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་དགོས། ཚན་རིག་དང་མཐུན་པར་ལུད་འཇོག་པ་དང་སྐྱེ་དངོས་ཀྱིས་འགོག་བཅོས་བྱེད་པའི་ལག་རྩལ་ཁྱབ་གདལ་དང་ཉེར་སྤྱོད་ལ་ཤུགས་སྣོན་པ་དང་། ལུད་རྫས་དང་ཞིང་སྨན་བཀོལ་ཚད་ཇེ་ཉུང་དང་ཕན་འབྲས་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱ་དགོས། རྫོང་ཁག་ཅིག་བདམས་ནས་རྫོང་ཡོངས་སུ་བྱ་རྟུག་དང་ཕྱུགས་ཟོག་གི་ལུད་ཀྱི་ཐོན་ཁུངས་ཅན་དུ་བེད་སྤྱོད་གཏོང་བར་སྐུལ་འདེད་གཏོང་བ་དང་། ལོ་ཏོག་གི་སོག་མ་ཕྱོགས་བསྡུས་སྒོས་བེད་སྤྱོད་ཚད་དང་ཞིང་སའི་ནང་གི་འགྱིག་ཤོག་གི་སྙིགས་རོ་ཕྱིར་སྡུད་ཚད་ཇེ་མཐོར་གཏང་དགོས། ཆུ་གྲོན་ཆུང་ཐུབ་པའི་སྐམ་འདེབས་ཞིང་ལས་གོང་སྤེལ་དུ་གཏང་དགོས། རྨོ་ཞིང་དང་རྩྭ་ཐང་ལ་སྐྱེ་ལྡན་ངོས་འཛིན་བདེན་དཔང་བྱེད་ཤུགས་ཆེ་རུ་གཏང་དགོས། འབྲི་ཆུའི་འབབ་ཡུལ་གྱི་མཚོ་སྔོན་མཚམས་སུ་ཀླུང་རྒྱ་སྡོམ་པ་དང་རྨ་ཆུ་འབབ་ཡུལ་གྱི་མཚོ་སྔོན་མཚམས་སུ་ཉ་འཛིན་འགོག་པ། མཚོ་སྔོན་པོར་མཚོ་རྒྱ་བསྡམས་ནས་ཉ་གསོ་བའི་འགུལ་སྐྱོད་བཅས་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཤུགས་བསྣན་ནས། ཆུ་བོ་འབབ་ཡུལ་གྱི་སྐྱེ་ཁམས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། ནགས་དཔོན་ལམ་ལུགས་མཐོར་འདེགས་དང་འཐུས་ཚང་དུ་གཏོང་བ་དང་། ནགས་ལས་སྐྱེ་ཁམས་ཀྱི་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

(བཅུ་གཉིས)ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་ཤུགས་མུ་མཐུད་དུ་ཇེ་མཐོར་གཏང་དགོས། “ཚོད་སླེ”ལ་ཧྲི་ཀྲང(ཁུལ་དཔོན)གིས་འགན་འཁུར་བའི་ལམ་ལུགས་དངོས་འབེབ་བྱ་དགོས། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཕག་གི་ཐོན་སྐྱེད་བརྟན་འཇགས་ཡོང་བ་བྱ་དགོས་ལ། བྱ་ཕྱུགས་གསོ་སྤེལ་ར་བ་གཞི་ཁྱོན་ཅན་དང་ནོར་ནག་དང་བོད་ལུག་ཐོན་སྐྱེད་རྟེན་གཞི་ཚད་ལྡན་ཅན་འཛུགས་དགོས། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་སྔོ་ཚོད་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། སྔོ་ཚོད་ཐོན་སྐྱེད་ཁུལ་གཙོ་གནད་ཅན་ལ་བྱ་དགའ་དང་ཁ་གསབ་སྟེར་བའི་སྲིད་ཇུས་ལག་ཏུ་བསྟར་བར་འཚོལ་ཞིབ་བྱ་དགོས། སྔོ་ཚོད་ཀྱི་སྒྲིག་བཀོད་དྲོད་ཁང་ཁག་ཅིག་སྒྱུར་བཀོད་དང་མཐོར་འདེགས་སུ་གཏང་དགོས། མཐོངས་ཡངས་ཀྱི་སྐྱེ་ལྡན་སྔོ་ཚོད་འདེབས་འཛུགས་བྱེད་པར་ཧུར་ཐག་གིས་ཁྱབ་གདལ་གཏང་དགོས། ཞིང་ཆེན་ཕྱིའི་ལྷོ་ཚལ་བྱང་འདྲེན་གྱི་རྟེན་གཞི་བསྐྲུན་པར་སྐུལ་འདེད་བཏང་ནས། སྔོ་ཚོད་ཐད་ཀྱི་འཕྲལ་བསྟུན་མཁོ་འདོན་འགན་སྲུང་གི་ནུས་པ་ཇེ་ཆེར་གཏང་དགོས། ལྗང་མདོག་བདེ་ཐང་གི་འོ་མའི་ལས་རིགས་མུ་མཐུད་དུ་གོང་སྤེལ་གཏོང་བ་དང། ཆུ་ཐོན་བདེ་ཐང་ངང་གསོ་སྤེལ་བྱེད་པར་སྐུལ་འདེད་གཏང་དགོས། རྩྭ་ཐང་གི་ཕྱུགས་ལས་ཀྱི་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་སྒྱུར་བཀོད་དང་སྤུས་འབྲས་མཐོར་འདེགས་ལ་སྐུལ་འདེད་གཏང་དགོས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་ཏེ། ཆ་རྐྱེན་ཡོད་པའི་ས་ཁུལ་དུ“ཡུལ་ཚོ་གཅིག་ལ་ཐོན་ལས་གཅིག”དང“སྡེ་བ་གཅིག་ལ་ཐོན་རྫས་གཅིག”ཡོད་པའི་རྣམ་པ་ཆགས་པར་སྐུལ་མ་གཏོང་བ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་ལས་སྣོན་ལ་རྒྱབ་སྐྱོར་བྱ་དགོས། ས་ཁུལ་སོ་སོས་ཞིང་ཕྱུགས་ལས་ཀྱི་བྱེད་ནུས་སྣ་མང་རྒྱ་བསྐྱེད་གཏོང་བར་ཁྲིད་སྟོན་བྱས་ཏེ། གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར། ཞིང་སྡེའི་གློག་རྡུལ་ཚོང་དོན་སོགས་ཀྱི་ཐོན་ལས་གཙོ་གནད་དུ་བཟུང་སྟེ་འཕེལ་རྒྱས་སུ་བཏང་ནས། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏང་དགོས།

(བཅུ་གསུམ)ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་མ་ལག་འཐུས་ཚང་དུ་བསྐྲུན་དགོས། ཁྱད་ལྡན་ཐོན་ལས་ཀྱི་སྦྲེལ་ཕྲེང་ཧྲིལ་པོ་རིམ་སྤར་གྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། “སྦྲེལ་དཔོན་ལམ་ལུགས”ཀྱི་ཚོད་ལྟའི་གནས་སྤེལ་ནས་ལྗང་མདོག་སྐྱེ་ལྡན་གྱི་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་སུ་གཏོང་བར་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར། ཁེ་ལས་འབྲིང་ཆུང་ཕྲན་གསུམ་སོགས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཐོན་ཁུལ་དུ་ཐོག་མའི་ལས་སྣོན་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏང་དགོས། ཞིང་ཕྱུགས་ལས་ཀྱི་སྣེ་འཁྲིད་ཁེ་ལས་ཀྱི་སྒྱུར་བཀོད་དང་རིམ་སྤར་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ་དང་། ཞིང་འབྲེལ་ཞིང་འཁྲིད་ཚགས་དམ་པ། དེང་རབས་ཅན་གྱི་ཆུ་ཚད་མཐོ་བའི་སྣེ་འཁྲིད་ཁེ་ལས་ཁག་ཅིག་ལ་རོགས་སྐྱོར་དང་གསོ་སྦྱོང་བྱས་ནས། ལས་སྣོན་ཟབ་མོ་བྱེད་པའི་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་མཐོར་འདེགས་སུ་གཏང་དགོས། ལག་རྩལ་གསར་སྐྲུན་ཇེ་མགྱོགས་སུ་བཏང་ནས་ལྗང་མདོག་སྐྱེ་ལྡན་དང་བདེ་གསོ་ཡུལ་སྐོར་སོགས་བྱེད་ནུས་གསར་བ་དང་ལས་རྣམ་གསར་བ་གསར་སྤེལ་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་ཀྱི་རིམ་པ་སྤོར་བར་སྐུལ་འདེད་གཏང་དགོས། དེང་རབས་ཞིང་ལས་ཐོན་ལས་གླིང་དང་དབུལ་ཐར་ཐོན་ལས་གླིང་། རོགས་སྐྱོར་འཁོར་ཁང་བཅས་ལ་གཞི་བཅོལ་ནས། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཡིན་པའི་ཚོང་བཟོ་ཞིང་གསུམ་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གླིང་ཁུལ་ཁག་ཅིག་བསྐྲུན་དགོས། ལས་སྣོན་ཟབ་མོ་དང་ཞོར་ཐོན་དངོས་རྫས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་ཕན་སྒྱུར་ཚད་ཇེ་མཐོར་གཏང་དགོས།

(བཅུ་བཞི)ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་མ་ལག་སྐྲུན་པར་ཤུགས་སྣོན་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་ཅིང་ཁེ་ལས་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་ཚོང་རྟགས་དང་ཁེ་ལས་ཚོང་རྟགས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་ཁག་ཅིག་ཤུགས་ཆེན་པོས་བསྐྲུན་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་ཁུངས་འདེད་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཚད་ལོན་ཁས་བླངས་པའི་ཚད་མཐུན་དཔང་ཡིག་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་ནས། རིགས་སྣ་ལེགས་གསོ་དང་སྤུས་ཀ་མཐོར་འདེགས། ཚོང་རྟགས་བསྐྲུན་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་འཁོར་རྒྱུག་གི་བརྒྱུད་ལམ་གཙོ་བོའི་བྱེད་ནུས་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་དགོས། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཧུར་ཐག་གིས་མཉམ་འདྲེས་བྱས་ཏེ། ཆ་རྐྱེན་ཡོད་པའི་ཁེ་ལས་ཀྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་མ་གཏང་དགོས། གློག་རྡུལ་ཚོང་དོན་གསོ་སྤེལ་ལས་སྟེགས་གསར་སྐྲུན་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ཏུ་ཉོ་ཚོང་བྱེད་ཚད་གོང་སྤེལ་དུ་གཏང་དགོས། “སྦྲེལ་དྲ་དང་ཞིང་ལས”ས་ཁོངས་ཅན་དང་སྦྲེལ་ཕྲེང་ཅན་མགྱོགས་མྱུར་ངང་ལག་བསྟར་བྱས་ཏེ། ཞིང་ཕྱུགས་ར་བས་ཐད་འདོན་དང་འཛད་སྤྱོད་པས་མངགས་བཟོ། དྲ་ཐོག་ནས་འདེམས་གསོ་ངོས་འཛིན། མངགས་ཐོའི་ཞིང་ཕྱུགས་ལས་བཅས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། བརྟན་འཇགས་ཀྱི་ཕྱིར་འདྲེན་རྐྱེན་སྲོལ་བཙུགས་ནས། ཞིང་ཕྱུགས་ཐོན་རྫས་སྡེ་བ་ནས་མཁར་གྲོང་དུ་བསྐྱོད་པ་དང“མཚོ་སྔོན་གྱི་ཚོང་ཟོག་ཞིང་ཆེན་ཕྱི་རུ་སྐྱེལ་བའི”བརྒྱུད་ལམ་རྒྱ་བསྐྱེད་གཏང་དགོས། འཁྱགས་སྦྲེལ་ཟོང་སྐྱེལ་ཞབས་ཕྱིའི་དྲ་རྒྱ་དེ་རོང་འབྲོག་ཁུལ་དུ་སྲིང་བར་སྐུལ་འདེད་བཏང་ནས། རྫོང་ཁག་ཅིག་བདམས་ནས་དེའི་རྫོང་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཐོན་ཁུལ་གྱི་མཛོད་ཉར་འཁྱགས་སྦྲེལ་ཟོང་སྐྱེལ་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཞིང་ལས་འགྲེམས་ཚོགས་དང་ཤར་རྒྱུད་ནུབ་རྒྱུད་ཀྱི་མཉམ་སྒྲུབ་སོགས་ལས་སྟེགས་སྣ་མང་ལ་གཞི་བཅོལ་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཚོང་སྦྲེལ་མཐུད་ལ་སྐུལ་འདེད་གཏང་དགོས། མཁོ་ཚོང་མཉམ་ལས་ཁང་གིས་རྫོང་ཁོངས་ཀྱི་འཁོར་རྒྱུག་ཞབས་ཕྱིའི་དྲ་བ་འཛུགས་སྐྲུན་དང་མཐོར་འདེགས་ཀྱི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་ཉོ་སྒྲུབ་སྡེབ་སྐྱེལ་ལྟེ་གནས་བསྐྲུན་དགོས།

བཞི། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་གསར་སྐྲུན་སྐུལ་འདེད་གཏང་དགོས།

(བཅོ་ལྔ) གྲོང་གསེབ་འཛུགས་སྐྲུན་ལ་རིགས་དབྱེ་ནས་སྐུལ་འདེད་གཏང་དགོས། རོང་འབྲོག་པ་གཙོ་བོ་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་དར་སྤེལ་གཏང་རྒྱུ་དེ་རོང་འབྲོག་པའི་ཆེད་དུ་དར་སྤེལ་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་རོང་འབྲོག་པའི་ཆེད་དུ་སྐྲུན་པའི་འདུ་ཤེས་ཆགས་པར་བྱེད་དགོས། འོག་རིམ་ནས་གོང་རིམ་དུ་ཕྱོགས་ཤིང་། སྡེ་དམངས་ཀྱིས་རང་བཅོས་བྱེད་པ། རོང་འབྲོག་པ་ཐེ་ཞུགས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་ཏེ་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། གྲོང་གསེབ་འཛུགས་སྐྲུན་བྱེད་པའི་དུས་ཚོད་དང་ཚད་གཞི། ཕན་འབྲས་བཅས་ཁོང་དུ་ཆུད་པར་བྱས་ནས་རྒྱུན་འཁྱོངས་བྱས་ཏེ་གྲངས་འབོར་ནི་སྤུས་ཚད་ལ་བསྟུན་པ་དང་། མྱུར་ཚད་ནི་ཕན་འབྲས་ལ་བསྟུན་པ། གང་ལེགས་བརྩོན་པ་ལས་གང་མགྱོགས་བརྩོན་མི་རུང་། མཁར་གྲོང་དང་གྲོང་གསེབ་ཀྱི་བཀོད་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང་། སྡེ་བའི་རིགས་དབྱེ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱས་ཏེ། སྡེ་བའི་ཁྱད་ཆོས་དང་ཐོན་ལས་ཀྱི་ཁྱད་ཆོས་གང་ལེགས་ཀྱིས་མཚོན་པ་དང་། འཛུགས་སྐྲུན་བྱེད་སྟངས་གཏན་འཁེལ་བྱ་དགོས། “འཆར་མང་གཅིག་སྒྲིལ”གྱི་སྡེ་བའི་འཆར་འགོད་སྒྲིག་བཟོའི་བྱ་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། སྡེ་བའི་འཆར་འགོད་བཟོ་སྐབས་ད་ཡོད་ཀྱི་རྨང་གཞིར་གཞི་ཚུགས་པར་བྱས་ནས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པ་སོར་འཇོག་བྱེད་དགོས་པ་ལས་བཤིག་སྤོ་དང་འཛུགས་སྐྲུན་ཆེན་པོ་བྱེད་མི་རུང་། འཆར་འགོད་ལྟར་གོ་རིམ་ལྡན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་འཛུགས་སྐྲུན་གྱི་ལས་གཞི་སོ་སོ་སྤེལ་བ་དང་། སྒྲིག་འགལ་ངང་གང་བྱུང་དུ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་དགོས། གྲོང་གསེབ་ཀྱི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ་སོགས་འཕེལ་རྒྱས་གཏོང་བར་མཁོ་བའི་ས་ཞིང་འགན་སྲུང་བྱ་དགོས། སྲོལ་རྒྱུན་གྱི་སྡེ་བ་དང་གདོད་མའི་རྣམ་པའི་སྡེ་བ་དང་སྡོད་ཁང་། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རོང་འབྲོག་ཁུལ་གྱི་རིག་གནས་ཤུལ་བཞག་དང་རྗེས་ཤུལ་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། གྲོང་གསེབ་འཛུགས་སྐྲུན་ལས་གཞིའི་ཐོན་དབང་ཁ་གསལ་བཟོས་ནས་རྫོང་ཁོངས་སྡེ་ཚན་དུ་བྱས་ཏེ། སྡེ་བའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བདག་སྐྱོང་བྱེད་པའི་འགན་འཁྲིའི་གསལ་ཐོ་སྒྲིག་བཟོ་བྱེད་པར་རྩ་འཛུགས་བྱ་དགོས། “ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི”བྱ་འགུལ་སྤེལ་བར་རྩ་འཛུགས་བྱ་དགོས།

(བཅུ་དྲུག)ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་གཏོང་བའི་ལོ་ལྔའི་འགུལ་སྐྱོད་ལག་ཏུ་བསྟར་དགོས། རོང་འབྲོག་པའི་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་ཞིང་སྡེའི་སྤྱོད་ཁང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཐོག ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ཆུ་བཤལ་དག་གཙང་སྤྱོད་ཁང་ཁྱབ་སྤེལ་བྱས་ནས་གཅིག་གྱུར་འཆར་འགོད་ཀྱིས་ཆུ་འདོན་འགན་སྲུང་དང་བཙོག་ཆུ་གནོད་མེད་ཅན་དུ་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ཆ་རྐྱེན་མི་འཛོམས་པའི་ས་ཁུལ་དུ་དག་གཙང་ཆུ་མེད་སྤྱོད་ཁང་བསྐྲུན་ཆོག རྟུག་ལུད་གཙང་སེལ་དང་ཐོན་ཁུངས་ཅན་དུ་སྤྱོད་པར་གཅིག་གྱུར་གྱིས་འཆར་འགོད་ལེགས་པོ་བྱ་དགོས། ཁྱིམ་ཚང་གི་སྤྱོད་ཁང་གནད་དོན་མཐིལ་རྟོགས་ལེབ་བཤེར་དང་བཅོས་སྒྲིག་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་རྩིས་ཁྲ་བཟོས་ནས་དོ་དམ་བྱ་དགོས། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་འབྱུང་རྩ་ནས་རིགས་དབྱེ་དང་ཉུང་འཕྲི་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་རུབ་དང་སྐྱེལ་འདྲེན་གཙང་སེལ་བྱེད་པའི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་སྟེ། སྐྱེ་ལྡན་བེད་མེད་ཟོག་རོ་ཕྱོགས་བསྡུས་ཀྱིས་གཙང་སེལ་བེད་སྤྱོད་བྱེད་པའི་སྒྲིག་བཀོད་ཁག་ཅིག་འཛུགས་སྐྲུན་བྱ་དགོས། རོང་འབྲོག་ཁུལ་དུ་ཁྱབ་ཁོངས་ཡོངས་སྙིགས་མེད་གསར་སྐྲུན་བྱེད་པའི་ཚོད་ལྟའི་གནས་སྤེལ་བར་མུ་མཐུད་དུ་སྐུལ་འདེད་གཏང་དགོས། ཁུལ་དང་རིགས་བགོས་ནས་རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ཆ་རྐྱེན་ཡོད་པའི་ས་ཁུལ་དུ་གྲོང་ཁྱེར་གྱི་བཙོག་ཆུ་སྦུག་དྲ་ཞིང་སྡེར་མཐུད་པར་སྐུལ་འདེད་གཏང་དགོས། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་མཐོ་སྒང་གི་མཛེས་པའི་གྲོང་གསེབ་དང་མཛེས་པའི་མཁར་གྲོང་ཁག་ཅིག་བསྐྲུན་དགོས་ལ། གྲོང་གསེབ་ཀྱི་གདོད་མའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས། སྡེ་བ་དག་གཙང་འགུལ་སྐྱོད་དང་ལྗང་སྒྱུར་མཛེས་སྒྱུར་འགུལ་སྐྱོད་གཏིང་ཟབ་མོས་ལག་ཏུ་བསྟར་དགོས་པ་དང། མཛེས་སྡུག་བདེ་སྡོད་ཀྱི་སྡེ་བ་དང་མཛེས་པའི་ལྷས་ར། དག་གཙང་གི་གྲོང་ཚོ་བཅས་ཀྱི་དཔེ་སྟོན་གསར་སྐྲུན་བྱ་འགུལ་སྤེལ་དགོས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་གི་སྒྲིག་བཀོད་བདག་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

(བཅུ་བདུན)གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས། ཆུ་བོ་འབྲིང་ཆུང་བཅོས་སྐྱོང་བྱེད་པའི་ལས་གཞི་འཛུགས་སྐྲུན་དང་ཆུ་ལོག་ལུང་ཤུར་བཅོས་སྐྱོང་བྱ་རྒྱུ་མུ་མཐུད་དུ་སྤེལ་ནས། རོང་འབྲོག་ཁུལ་གྱི་གནོད་མེད་འཐུང་ཆུ་འགན་སྲུང་ཆུ་ཚད་དང་རང་འབབ་ཆུ་ཁྱབ་གདལ་དུ་གཏོང་ཚད་ཇེ་ཆེར་གཏང་དགོས། རོང་འབྲོག་ཁུལ་གྱི་གློག་དྲའི་གློག་འདོན་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ་ཐག་རིང་ལུང་ཁུག་ཏུ་གློག་དྲ་མགྱོགས་མྱུར་གྱིས་འཐེན་ནས་ཁེབས་པར་བྱ་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་སྤུས་འདེགས་འགུལ་སྐྱོད་སྤེལ་ནས་ཡུལ་ཚོ་དང་གྲོང་རྡལ་དུ་རིམ་པ་གསུམ་པའམ་དེའི་ཡན་གྱི་གཞུང་ལམ་ཤར་བགྲོད་ཐུབ་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མི་གྲངས་ཅུང་མང་བའི་རང་བྱུང་སྡེ་བར་ཨར་འདམ་ལམ་ཤར་གཏོང་ཐུབ་པར་བྱ་དགོས་ལ། ཞིང་སྡེའི་གཞུང་ལམ་བདེ་འཇགས་དང་ཚེ་སྲོག་སྲུང་སྐྱོབ་ཀྱི་བཟོ་སྐྲུན་དང་ཉེན་ཆེའི་ཟམ་པ་སྒྱུར་བཀོད་བཅས་ཀྱི་བྱ་བ་ལག་ཏུ་བསྟར་དགོས། ཞིང་སྡེའི་གཞུང་ལམ་དོ་དམ་དང་བདག་སྐྱོང་གི་སྒྲིག་སྲོལ་བཅོས་སྒྱུར་གྱི་ཚོད་ལྟའི་གནས་ཏན་ཏིག་ངང་སྤེལ་དགོས། ཞིང་སྡེའི་འོད་ཤུགས་སོགས་དག་གཙང་ནུས་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་དྭངས་གཙང་གི་དྲོད་འདོན་པའི་བཟོ་སྐྲུན་ལ་སྐུལ་འདེད་གཏང་དགོས། གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཕྱིའི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ནས་འཕྲིན་གཏོང་དྲ་རྒྱའི་ཁེབས་ཚད་ཇེ་ཆེར་གཏང་དགོས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཟོང་འདྲེན་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས་ལ། དྲ་ཚིགས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། “མྱུར་སྐྱེལ་སྡེ་བར་སྐྱོད་པའི”བཟོ་སྐྲུན་ལག་ཏུ་བསྟར་དགོས། “ས་ཚིགས་མང་པོ་གཅིག་ཏུ་བསྡུས་པའི”ཡུལ་ཚོ་དང་གྲོང་རྡལ་གྱི་འགྲུལ་ཟོང་སྦྲག་གསུམ་ཕྱོགས་བསྡུས་ཀྱི་ཞབས་ཕྱིའི་ས་ཚིགས་དང་། “ས་ཚིགས་གཅིག་ནས་ནུས་མང་འདོན་པའི”སྡེ་བ་རིམ་པའི་ཡིག་སྐུར་མྱུར་སྐྱེལ་ཟོང་འདྲེན་བཅས་ཕྱོགས་བསྡུས་ཀྱི་ཞབས་ཕྱིའི་ས་ཚིགས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་ནས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་ཟོང་འདྲེན་གྱིས་མཉམ་དུ་སྡེབ་སྐྱེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རོང་འབྲོག་ཁུལ་གྱི་འགྲུལ་ཟོང་སྦྲག་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། རོང་འབྲོག་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཁོར་སྐྱོད་དང་སྲུང་སྐྱོབ། དོ་དམ་བཅས་ལ་ཤུགས་བསྣན་ནས་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་ཡོང་བར་སྐུལ་འདེད་གཏང་དགོས།

(བཅོ་བརྒྱད)རྫོང་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཕྱིར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡེབ་སྒྲིག་ངང་གོང་དུ་སྤེལ་བར་གཅིག་འདོམས་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ལ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ལས་ཞུགས་དང་ལས་སྐྲུན། སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཙུགས་ནས། སྤྱི་པའི་ཞབས་ཕྱི་དེ་རོང་འབྲོག་ཁུལ་དུ་མཆེད་པར་བྱེད་པ་དང་། སྤྱི་ཚོགས་ལས་དོན་དེ་རོང་འབྲོག་ཁུལ་དུ་ཁེབས་པར་སྐུལ་འདེད་གཏང་དགོས། རྫོང་ཁོངས་གཙོར་བྱས་པའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་ཕྱོགས་བསྡུས་ཞབས་ཕྱིའི་ནུས་པ་ཇེ་ཆེར་བཏང་སྟེ། ཡུལ་ཚོ་དང་གྲོང་རྡལ་དེ་རོང་འབྲོག་པ་ལ་ཞབས་འདེགས་ཞུ་བའི་ས་ཁོངས་ཀྱི་ལྟེ་གནས་སུ་འགྱུར་བར་བྱ་དགོས། སློབ་བྱོལ་བྱེད་པ་འགོག་སྲུང་གི་གྲུབ་འབྲས་ལྡོག་འཕར་མི་འབྱུང་བར་སྲ་བརྟན་དུ་བཏང་ནས་འོས་འགན་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏང་དགོས། རེས་སྐོར་གསར་བའི་སློབ་སྔོན་སློབ་གསོའི་འཕེལ་རྒྱས་འགུལ་སྐྱོད་འཆར་གཞི་ལག་ཏུ་བསྟར་ནས། སློབ་སྔོན་སློབ་གསོའི་སྤྱི་སྐད་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏང་དགོས། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཏན་ཏིག་གཏང་དགོས་པ་དང་། དམིགས་བསལ་སློབ་གསོ་ལེགས་པོར་གཉེར་དགོས། གཞི་རིམ་གྱི་རྒན་གསོའི་ཞབས་ཕྱིའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་རོང་འབྲོག་ཁུལ་གྱི་འཚོ་བའི་ཐད་རང་མགོ་མི་ཐོན་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་བསྡུས་ཀྱིས་ལྟ་སྐྱོང་བྱེད་པའི་ནུས་པ་ཁྱོན་ཡོངས་ལ་ཁེབས་པར་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་སྡེ་བ་རིམ་པའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་རྒན་པའི་ཟ་ཁང་འཛུགས་སྐྲུན་བྱེད་པར་བསྟོད་སྐུལ་བྱ་དགོས། དམ་ཚགས་ཅན་གྱི་རྫོང་ཁོངས་ཀྱི་སྨན་ཞབས་མཐུན་ཚོགས་འཛུགས་སྐྲུན་ལ་གཏིང་ཟབ་མོས་སྐུལ་འདེད་བཏང་ནས། སྨན་བཅོས་འགན་སྲུང་གི་སྤྱིའི་བསྡོམས་འབོར་ལྟར་གྲོན་དངུལ་སྤྲོད་པ་ལག་བསྟར་བྱས་ནས། ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་པ་དང་། ལྷག་འཕྲོ་ཉར་སྤྱོད་དང་ཚད་བརྒལ་གྱི་འགྲོ་གྲོན་འགན་འཁུར་ལུགས་མཐུན་ཡོང་བར་མངོན་འགྱུར་བྱ་དགོས། ཐུམ་འབུའི་ནད་དང་གློ་གཅོང་གི་ནད། མཆིན་ནད་ཁ་པ་སོགས་ས་གནས་ནད་དང་འགོས་ནད་འགོག་བཅོས་བྱ་བ་རྒྱུན་མཐུད་ངང་ལེགས་པོར་བསྒྲུབ་དགོས། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དུ་ཞུགས་པའི་རིགས་དབྱེ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རིམ་པ་དང་རིགས་བགོས་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཙུགས་ནས། དཀའ་ངལ་ཡོད་པའི་རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ངེས་པ་དོན་གྱིས་འགན་སྲུང་བྱ་དགོས། གྲོང་གསེབ་ཀྱི་ལོ་ན་མ་སོན་པའི་མིར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་བྱ་བར་ཤུགས་སྣོན་དགོས།

(བཅུ་དགུ)གྲངས་འཛིན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། “སྦྲེལ་དྲ་དང་སྲིད་དོན་ཞབས་ཕྱི”གྲོང་གསེབ་ཏུ་མཆེད་པར་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་བརྟག་དཔྱད་ཉེན་ཟོན་ལས་སྟེགས་ཀྱི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་ཁྲོམ་རའི་རིན་གོང་བརྟག་དཔྱད་ཉེན་ཟོན་དང། རིན་གོང་སྙོམས་སྒྲིག་དང་དེ་བཞིན་སྤྱི་པའི་ཞབས་ཕྱིའི་ནུས་པ་དང་ལས་ཕྱོད་ཇེ་མཐོར་གཏང་དགོས། རོང་འབྲོག་ཁུལ་གྱི་གྲངས་འཛིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་རོང་འབྲོག་ཁུལ་གྱི་གཉེར་སྐྱོང་དོ་དམ་ཆུ་ཚད་ཇེ་མཐོར་གཏང་དགོས། མཚོ་སྔོན་གྱི“སྦྲེལ་དྲ་དང་ཤེས་རིག་ཞིང་ཕྱུགས་ལས”ཀྱི་གཞི་གྲངས་ཆེན་མོའི་ལས་སྟེགས་ཀྱི་ཐོན་སྐྱེད་བཀོད་གཏོང་དང་སྲིད་འཛིན་ཁྲིམས་འཛིན། འཚུབ་ཟློག་བཀོད་འདོམས་སོགས་ཆ་འཕྲིན་མ་ལག་གི་རྩོལ་ནུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏང་དགོས།

ལྔ། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏང་དགོས།

(ཉི་ཤུ)གཞི་རིམ་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་རྩ་འཛུགས་རྒྱུན་རྣམ་ལྟར་ལེབ་བཤེར་དང་དག་ཐེར་བྱས་ཐོག སྔོན་ཐོན་ཀྲི་པུའུ་སྲ་བརྟན་གོང་འཕེལ་དང་བར་མའི་ཀྲི་པུའུ་མཐོར་འདེགས་རིམ་སྤོར། རྗེས་ལུས་ཀྲི་པུའུ་དག་ཐེར་ལེགས་བསྒྱུར་བཅས་ཡོང་བར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་འཛིང་གི་བཙན་རྫོང་སྲ་བརྟན་དུ་གཏང་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་ཁྲིམས་ལྟར་རང་སྐྱོང་བྱེད་པའི་དོན་ཚན་དང་ཁྲིམས་ལྟར་སྲིད་གཞུང་གི་བྱ་བར་གཞོགས་འདེགས་བྱེད་པའི་དོན་ཚན་སོགས་ཀྱི་གསལ་ཐོའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས་པ་དང་། སྡེ་བ་རིམ་པའི་རྩ་འཛུགས་ལས་ཁུངས་ཀྱི་སྒོ་བྱང་དང་བདེན་དཔང་དོན་ཚན་ཚད་ལྡན་དུ་གཏོང་དགོས་ལ། སྡེ་བ་རིམ་པའི་རྨང་གཞིའི་ཆ་འཕྲིན་བསྡོམས་རྩིས་བྱེད་པའི“རེའུ་མིག་གཅིག”གི་ལམ་ལུགས་ཁྱབ་སྤེལ་བཏང་ནས་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏང་དགོས། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱིས་གཅིག་བསྡུས་སྒོས་སྐབས་བརྗེ་རྗེས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རོང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གྲོང་གསེབ་དར་སྤེལ་སྐོར་གྱི་བརྗོད་གཞི་ཡིན་པའི་གསོ་སྦྱོང་བྱ་འགུལ་སྤེལ་དགོས། སྡེ་བའི་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་བྱ་དགོས། སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གིས་ཏང་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ནུས་པ་འདོན་སྤེལ་བྱ་དགོས། སྡེ་བའི་ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་གྲོས་མོལ་ཚོགས་འདུ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། སྡེ་བ་རིམ་པའི་ལས་དོན་ཐད“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལམ་ལུགས་གཟབ་ནན་སྒོས་དོན་འཁྱོལ་བྱས་ནས་དམངས་གཙོའི་དོ་དམ་དང་གྲོས་མོལ་ལ་ཤུགས་སྣོན་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཕྱིའི་བྱེད་ཐབས་དང་ཞབས་ཕྱི་སྒྲུབ་སྟངས། ཞབས་ཕྱིའི་རྐྱེན་སྲོལ་བཅས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིས་རེས་མོས་ཀྱིས་ལས་རེས་བྱེད་པ་དང་དམངས་ཀྱི་ཆེད་དུ་ཚབ་སྒྲུབ་བྱེད་པ། དུས་བཅད་ལྟར་ཁྱིམ་ལ་སྐྱེལ་བ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ནས་མང་ཚོགས་ལ་སྟབས་བདེ་ཞིང་མྱུར་བའི་ཞབས་ཕྱི་བསྒྲུབ་དགོས།

(ཉེར་གཅིག)རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། དུས་རབས་གསར་བའི་དཔལ་ཡོན་ལག་བསྟར་ལྟེ་གནས(ས་ཚིགས་དང་ཁང)ལ་གཞི་བཅོལ་ནས། རོང་འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་རྩ་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་མོ་བྱེད་པ་དང། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་བ་དང་། “མཐུན་འགྱུར་ལྔ”ཇེ་དྲག་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏང་དགོས། “ཏང་གི་བཀའ་སྲུང་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང”ཞེས་པ་སོགས་མང་ཚོགས་རང་བཞིན་གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། དཔལ་ཡོན་སྡེ་གྲོང་དང་དཔལ་ཡོན་ཁྱིམ་ཚང་། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་བཅས་གསར་དུ་བཙུགས་ཏེ་དཔལ་ཡོན་ལྡན་པའི་ཡུལ་སྲོལ་དང་ཁྱིམ་སྲོལ་བཟང་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་བཅས་གསོ་སྐྱོང་བྱ་དགོས། གྲོང་གསེབ་དར་སྤེལ་བརྗོད་བྱ་ཡིན་པའི་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་འཕེལ་རྒྱས་མཚོན་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་སྤེལ་དགོས། གྲོང་གསེབ་རིག་གནས་ཀྱི་རང་སའི་ཤེས་ལྡན་འཇོན་མི་སྔོག་འདོན་བྱེད་དགོས་པ་དང་། དམངས་ཁྲོད་ཀྱི་རིག་རྩལ་ཚོགས་པ་འདེགས་སྐྱོར་དང་གསོ་སྐྱོང་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་རིག་གནས་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པ་དང། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱ་དགོས། གྲོང་གསེབ་ཀྱི་གཞི་རིམ་སྤྱི་པའི་རིག་གནས་ལུས་རྩལ་དང་རྒྱང་སྒྲོག་བརྙན་འཕྲིན་བཅས་ཀྱི་ཐོན་ཁུངས་སྡེབ་སྒྲིག་དང་བེད་སྤྱོད་བྱས་ནས། རོང་འབྲོག་ཁུལ་གྱི་ཕུལ་བྱུང་ཟློས་གར་གྱི་གཞས་མ་གཏམ་དང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཞིང་པའི་ལོ་ལེགས་དུས་ཆེན་ལེགས་པོ་གཉེར་ནས་ཞིང་བའི་སྒྱུ་རྩལ་དུས་ཆེན་དང་ཞིང་རྨོ་རིག་གནས་དུས་ཆེན། རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སོགས་རིག་གནས་དང་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་དཔེ་སྟོན་གཏིང་ཟབ་ཏུ་སྤེལ་ནས“ཆ་བསགས་ལམ་ལུགས”དང“གསལ་ཐོའི་ལམ་ལུགས”སོགས་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་དུ་གཏང་དགོས། སྡེ་ཁྲིམས་དམངས་ཆིངས་ཀྱི་ནུས་པ་འདོན་སྤེལ་བྱེད་ཅིང་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རིན་གོང་མཐོ་བའི་གཉེན་རྟེན་དང་རྒྱས་གཤོམ་རྒྱས་སྤྲོས། དུར་འཇུག་མཐོང་ཆེན་དང་གཉོར་སྐྱོང་སྣང་ཆུང་། ངོ་སོ་བསྡུར་རེས་སོགས་ལུགས་རྙིང་སྲོལ་ངན་ལ་སློབ་གསོ་གཏོང་བ་དང་དག་ཐེར་ལེགས་བཅོས་བྱ་དགོས།

(ཉེར་གཉིས)རོང་འབྲོག་ཁུལ་གྱི་བདེ་འཇགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱ་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་དུ་སྦྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་དགོས། བདེ་འཇགས་ཀྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི“དཀར་གསལ་བཟོ་སྐྲུན”ལག་ཏུ་བསྟར་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྡོམ་སྟོབས་ཤུགས་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་གཏང་དགོས། རྒྱུན་རྣམ་ལྟར་ནག་འཇོམས་ངན་སེལ་འཐབ་རྩོད་སྤེལ་ནས“སྡེ་བའི་དབང་ཤེད་ཅན”དང་གྲོང་གསེབ་ཀྱི་ངན་ནག་སྟོབས་ཤུགས། འཆལ་རྒྱན་དུག་རྐུན་དང་མགོ་སྐོར་བསླུ་བྲིད། དེ་བཞིན་རོང་འབྲོག་ཁུལ་གྱི་བུད་མེད་དང་བྱིས་པའི་མི་ལུས་དབང་ཆར་གནོད་འཚེ་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་དགོས། ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། སྡེ་བ་རིམ་པའི“བཅའ་ཁྲིམས་བསམ་ཤེས་ཅན”སྐྱེད་སྲིང་བཟོ་སྐྲུན་ལག་ཏུ་བསྟར་ནས། སྡེ་བ་རིམ་པའི་བཅའ་ཁྲིམས་བློ་འདྲིའི་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས། སྣེ་མང་ཅན་གྱི་འདུམ་སྒྲིག་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས་པ་དང་། “ཧྥེང་ཆའོ་ཉམས་མྱོང”མཚོ་སྔོན་ནས་ལག་ལེན་ཟབ་མོ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སེལ་བ་དང་། སྔ་མོ་ནས་རྩད་ཞིབ་དང་གསར་རྙེད། ཐག་གཅོད་བཅས་ཡོང་བར་བྱ་དགོས། ཞིང་སྡེའི་འགྲིམ་འགྲུལ་དང་མེ་གསོད། བདེ་འཇགས་ཐོན་སྐྱེད། རང་བྱུང་གནོད་འཚེ། ཟས་རིགས་དང་སྨན་རྫས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལེབ་བཤེར་དང་ཆེད་དོན་བཅོས་སྐྱོང་བྱས་ནས། རོང་འབྲོག་ཁུལ་དུ་སྤུས་ཀ་ཞན་པའི་ཞིང་སྤྱོད་དངོས་རྫས་རྫུན་མ་བཟོས་ཤིང་བཙོང་བ་དང་། ཁྲིམས་མིན་མ་དངུལ་བསྡུ་རུབ་བྱེད་པ། གློག་འཕྲིན་ཐོག་ནས་མགོ་སྐོར་བསླུ་ལེན་བྱེད་པ་སོགས་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱ་དགོས། རོང་འབྲོག་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ལྟར་འགོག་སྡོམ་བྱེད་པའི་བྱ་བའི་མ་ལག་འཐུས་ཚང་དུ་བཙུགས་ནས། མཉམ་འགོག་མཉམ་འཛིན་དང་ཡོངས་འགོག་ཡོངས་འཛིན་གྱི་བྱེད་ཐབས་གཟབ་ནན་སྒོས་དོན་འཁྱོལ་བྱ་དགོས།

དྲུག གྲོང་གསེབ་དར་སྤེལ་གྱི་འགན་སྲུང་ཐབས་བཀོད་འཐུས་ཚང་དུ་གཏོང་དགོས།

(ཉེར་གསུམ)མ་དངུལ་གཏོང་འཇོག་གི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ནོར་སྲིད་ཀྱིས་སྔོན་ལ་འགན་སྲུང་དང་དངུལ་རྩས་གཙོ་གནད་ཡོད་ཚད། སྤྱི་ཚོགས་ཀྱིས་ཧུར་ཐག་ཐེ་ཞུགས་བཅས་བྱེད་པའི་སྣ་མང་གི་མ་དངུལ་གཏོང་འཇོག་རྣམ་པ་མགྱོགས་མྱུར་གྱིས་ཆགས་པར་བྱ་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱེད་པའི་ཁྱབ་ཁོངས་སུ་རྩི་ཞིང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་གི་མ་དངུལ་གཏོང་འཇོག་དེ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་སྔར་ལས་གསེག་གཞོལ་བྱས་ནས། རོང་འབྲོག་ཁུལ་གྱི་དམངས་ཚིས་ལས་དོན་ཇེ་ལེགས་སུ་གཏོང་བའི་ཐད་གཙོ་ཆེར་སྤྱོད་དགོས། ས་ཞིང་བཤུག་སྤྲོད་ཀྱི་ཡོང་འབབ་དེ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་སྤྱོད་པའི་བསྡུར་ཚད་བརྟན་པོའི་ངང་ཇེ་མཐོར་གཏང་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་གྱིས་དེང་རབས་ཞིང་ཕྱུགས་ལས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཁ་གསབ་བྱེད་སྟངས་གསར་སྐྲུན་དང་འཐུས་ཚང་དུ་གཏོང་དགོས་ལ། བྱ་དགའ་ཡིས་ཁ་གསབ་ཀྱི་ཚབ་བྱེད་པ་དང་། སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ་བྱེད་པ། དངུལ་བུན་སྐྱེད་གསབ་བྱེད་པ་སོགས་ཀྱི་ཁ་གསབ་བྱེད་སྟངས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། གཉེར་སྐྱོང་བྱེད་མཁན་གྱི་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱེད་པ་དང་། ནོར་སྲིད་མ་དངུལ་བེད་སྤྱོད་པའི་ཕན་འབྲས་འདོན་སྤེལ་གང་ལེགས་བྱ་དགོས། རོང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཕྱིའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་ཐོག དངུལ་རྩའི་ལས་ཁུངས་ཀྱི་དྲ་ཚིགས་གྲོང་གསེབ་ཏུ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་ནས། ཞིང་ལས་དང་ཉམས་ཆུང་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་བསྐྱར་སྤྲོད་དང་དུས་མ་ཐིམ་པའི་སྐྱེད་ཀ་སྤྲོད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཁྱད་ལྡན་ཞིང་ཕྱུགས་ལས་དང་རྒྱུན་འཁོར་ཞིང་ཕྱུགས་ལས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཞིང་འབྲེལ་ལས་གཞིའི་མ་དངུལ་བསྡུ་རུབ་ནང་དངུལ་རྩའི་ལས་ཁུངས་ཞུགས་པར་བསྟོད་སྐུལ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་ཚད་གཞིའི་མཐོར་འདེགས་དང་ཐོན་རྫས་ཇེ་མང་དུ་གཏོང་དགོས་པ་དང་། གཞི་ཁྱོན་རྒྱ་བསྐྱེད་བཅས་ལ་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་ལས་ཀྱི་ཡིད་རྟོན་དངུལ་བུན་འགན་ལེན་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་གཞི་ཁྱོན་ཇེ་ཆེར་གཏོང་བར་སྐུལ་མ་བྱེད་དགོས་པ་དང་། རོང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། སྤྱི་ཚོགས་ཀྱི་ཐོན་ཁུངས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་ལ་གཏོང་བར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་རོང་འབྲོག་ཁུལ་གྱི་ཐོན་ལས་གོང་སྤེལ་དང་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཞུགས་པར་སྐུལ་མ་བྱེད་དགོས།

(ཉེར་བཞི)འཇོན་མིའི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་སྤེལ་ཟབ་མོ་བྱ་དགོས། བྱང་ཚད་མཐོ་བའི་རོང་འབྲོག་པ་གསོ་སྐྱོང་འཆར་གཞི་ལག་ཏུ་བསྟར་ནས། ཕྱུག་སྒྱུར་སྣེ་ཁྲིད་པ་དང་རྩལ་ནུས་ལྡན་པའི་རོང་འབྲོག་པ་དང་ཞིང་སྡེའི་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་ཆེར་དམ་དུ་འཛིན་དགོས། འཇོན་མི་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་རོང་འབྲོག་ཁུལ་གྱི་ཕྱི་རུ་སོང་ནས་ཞོར་ལས་བྱེད་པ་དང་། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མ། དཔུང་འཁྱུར་དམག་མི། ཕྱི་ན་ཡོད་པའི་ཁེ་ལས་པ་སོགས་འཇོན་མི་ཕ་ཡུལ་དུ་ལོག་ནས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་མ་བྱེད་དགོས། སློབ་ཆེན་སློབ་མ་སྟོང་གིས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་ལ་ཞབས་འདེགས་ཞུ་བའི་བྱ་འགུལ་མུ་མཐུད་དུ་སྤེལ་དགོས། “ཞིང་གསུམ”ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་འཆར་འགོད་བཟོས་ཐོག ཞིང་སྡེ་དང་འབྲོག་ཁུལ་གྱི་ལས་ཡུལ་དང་པོའི་སྦྱོང་བརྡར་དེ་ལས་བྱེད་པ་སྐྱེད་སྲིང་དང་གནས་སྤར་བསྐོ་སྤྱོད་བྱེད་པའི་ཐབས་ལམ་གཙོ་བོར་བརྩིས་ནས། ཕུལ་བྱུང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་མུ་མཐུད་དུ་ཁ་གཏད་ནས། ཡུལ་ཚོ་དང་གྲོང་རྡལ(སྲང་ལམ)གྱི་གཞུང་ཞབས་པར་ཁ་ཕྱོགས་གཏན་འཁེལ་གྱིས་རྒྱུགས་སྤྲོད་བསྡུ་ལེན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ་དང་ཕན་ཚུན་བརྗེ་རེས་བྱ་དགོས། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)གི་ལས་ཁུངས་དང་རྒྱལ་དབང་ཁེ་ལས་ཁྲོད་ཕུལ་བྱུང་ལས་བྱེད་པ་ཁག་ཅིག་བདམས་ཏེ། ཞིང་སྡེ་དང་འབྲོག་ཁུལ་དུ་གནས་སྤར་སྦྱོང་བརྡར་བྱེད་པར་མངག་དགོས། འཇོན་མིས་དུས་བཀག་ལྟར་གྲོང་གསེབ་ལ་ཞབས་ཕྱི་སྒྲུབ་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་སྡེ་ཚན་གྱི་ལས་སྒྲུབ་མི་སྣས་གྲོང་གསེབ་ཏུ་ལས་འགན་གཅིག་ལྕོགས་སུ་འཁུར་བའམ་ལས་གནས་ནས་བྲལ་ཏེ་ཁེ་ལས་ཀྱི་སྣེ་འཁྲིད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས། ཞིང་འབྲེལ་ཆེད་ལས་མི་སྣ“རྫོང་གིས་དོ་དམ་བྱེད་པ་དང་ཡུལ་ཚོས་བཀོལ་སྤྱོད་བྱེད་པ།  སྡེ་བར་གཤམ་སྤྲོད་བྱེད་པ། ཁྱིམ་ཚང་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་རྐྱེན་སྲོལ་གསར་བ་འཛུགས་པར་འཚོལ་ཞིབ་བྱེད་ཅིང་། འཇོན་མི་སྣ་ཚོགས་གཞི་རིམ་གྱི་ལས་ཡུལ་དང་པོར་འཛོམས་པར་ཁྲིད་སྟོན་བྱས་ནས། གཏན་དུ་མི་འབྲལ་བའི་ལས་དོན་རུ་ཁག་ཁག་ཅིག་སྐྱེད་སྲིང་བྱ་དགོས། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་ལས་རིགས་ལག་རྩལ་སློབ་གླིང་གི་གསོ་སྦྱོང་རྩོལ་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཞིང་འབྲེལ་ལས་བྱེད་པ་དང་ཞིང་ཕྱུགས་ལས་ཀྱི་འཇོན་མི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས།

(ཉེར་ལྔ)རྐྱེན་སྲོལ་གྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཞིང་སྡེའི་འགན་གཙང་ལེན་ས་ཞིང་དང་ཞིང་སྡེའི་ཁང་ས། ཞིང་སྡེའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་བཅས་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི“དབང་གསུམ་དབྱེ་བཀོད”ལམ་ལུགས་ཧུར་ཐག་སྒོས་སྐུལ་སྤེལ་བཏང་ནས། རྣམ་པ་དུ་མའི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་སུ་གཏང་དགོས། རེབ་གསར་བའི་ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟའི་གནས་ལ་གཟབ་ནན་དང་བརྟན་འཇགས་ངང་སྐུལ་འདེད་བཏང་ནས། སྡོད་ཁང་དང་ས་ཞིང་གཞི་གཅིག་ཡིན་པའི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་བྱ་བ་ཚད་ལྡན་ངང་སྤེལ་དགོས། གྲོང་གསེབ་དར་སྤེལ་ལ་མཁོ་བའི་ས་ཞིང་གི་སྲིད་ཇུས་འཐུས་ཚང་དང་ཚད་ལྡན་དུ་གཏང་དགོས། རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་ལ“ཕྱི་མིག་ལྟ་བའི”བྱ་བ་སྤེལ་ཞིང་། ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་རྒྱུ་ནོར་དོ་དམ་གྱི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱེད་ཅིང་བཙུགས་ཏེ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏང་དགོས། ས་ཞིང་གསར་སྦོལ་གྱི་རྒྱལ་དབང་ཞིང་སྤྱོད་ས་ཞིང་གི་སྤྱོད་དབང་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། རོང་འབྲོག་ཁུལ་གྱི་གཞུང་ལམ་བདག་སྐྱོང་བྱེད་པའི་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཞིང་སྡེའི་ཆུ་བེད་བཟོ་སྐྲུན་དོ་དམ་བྱེད་པའི་སྒྲིག་སྲོལ་བཅོས་སྒྱུར་དང་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། མཁོ་འཚོང་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱས་ནས་ཐོན་སྐྱེད་དང་མཁོ་འཚོང། ཡིད་རྟོན་བཅས“ཕྱོགས་གསུམ་གཞི་གཅིག”གི་ཕྱོགས་བསྡུས་མཉམ་ལས་ཚོད་ལྟའི་བྱ་བ་ཇེ་མགྱོགས་སུ་བཏང་ནས་འཕེལ་རྒྱས་གཏོང་སྟངས་གསར་བ་བསྐྲུན་དགོས།

(ཉེར་དྲུག)རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་པར་ཤུགས་སྣོན་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་དམ་དུ་འཛིན་པའི་འགན་འཁྲི་དོན་འཁྱོལ་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་ཞིང་ཆེན་གྱིས་སྤྱི་འགན་འཁུར་ཞིང། གྲོང་ཁྱེར(ཁུལ)གྱིས་གཅིག་གྱུར་འཆར་འགོད་བྱེད་པ་དང། རྫོང་དང་ཡུལ་ཚོས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་འགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)གི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། གྲུབ་འབྲས་དངོས་མངོན་གསལ་ཅན་ལ་བརྩོན་སྐུལ་འོས་འཚམ་བྱས་ཏེ། དཔྱད་ཞིབ་ཨང་རིམ་མཇུག་གྲས་སུ་གནས་པ་དང་འགན་འཁྲི་བརྩོན་པས་མི་བསྒྲུབས་པ་ལ་དུས་ཆད་ཁ་ཏ་བྱ་དགོས། འགོ་ཁྲིད་ལས་བྱེད་པའི་གྲོང་གསེབ་དར་སྤེལ་གྱི་མཉམ་འབྲེལ་རོགས་སྐྱོར་ལམ་ལུགས་དོན་འཁྱོལ་བྱ་དགོས་པ་དང་། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་འཆར་འགོད(2018ལོ་ནས2022ལོ་བར)ལ་སྤྱི་བསྡོམས་དང་དཔྱད་འཇོག་བྱ་དགོས། རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས“ཞིང་གསུམ”བྱ་བ་སྣེ་ཁྲིད་ཅིང་སྤྱི་ཁྱབ་ཏུ་འཛིན་པ་དང་གཅིག་འདོམས་མཐུན་སྦྱོར་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་གྲོས་མོལ་དང་མཐུན་སྦྱོར་གྱི་འགན་འཁྲི་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཞི་གཅིག་ཏུ་འགན་འཁུར་དགོས། རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་མོལ་དང་མཐུན་སྦྱོར་བྱ་བ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། གཙོ་གནད་ལས་འགན་གྱི་ལས་བགོས་དངོས་འབེབས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱ་བ་སྒྲུབ་ཤུགས་ཇེ་ཆེར་གཏོང་དགོས་ལ། འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། ཇུས་ཐག་ལ་བློ་འདོན་པ་དང་གཅིག་འདོམས་མཐུན་སྦྱོར་བྱེད་པ། སྲིད་ཇུས་ཀྱིས་མཛུབ་སྟོན་བྱེད་པ། དངོས་འབེབས་ལ་སྐུལ་འདེད་གཏོང་བ། སྐུལ་ཁྲིད་ཞིབ་བཤེར་བྱེད་པ་སོགས་ཀྱི་འགན་འཁྲི་ཆེ་རུ་བཏང་ནས། མཐུན་སྦྱོར་གཅིག་གྱུར་དང་འཁོར་སྐྱོད་ནུས་ལྡན་ཡིན་པའི་བྱ་བའི་མ་ལག་མགྱོགས་མྱུར་གྱིས་བསྐྲུན་དགོས།

(ཉེར་བདུན)སྤྱོད་ཚུལ་གྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་རྒྱུན་མཐུད་ཀྱིས་དག་ཐེར་ལེགས་བཅོས་བྱས་ནས། སྤྱོད་ཚུལ་བཟང་པོས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། དོན་དངོས་ནས་མགོ་འཛུགས་པར་རྒྱུན་འཁྱོངས་བྱེད་དགོས་ལ། “གཅིག་དཔེ་བརྒྱ་འགེབས”དང་སྟབས་བདེ་ཅན་དུ་གཏོང་བར་གཏན་འགོག་བྱས་ནས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བའི་གཞི་རྩའི་ཆོས་ཉིད་དང་གཞི་རིམ་གྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ་དང། ཡུལ་བབ་དང་བསྟུན་ནས་དམིགས་ཚད་ལས་འགན་དང་སྐུལ་འདེད་བྱེད་ཐབས་གཏན་ཁེལ་བྱ་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ནས་མི་བདེན་རྫུན་སྒྲིག་བྱེད་པ་དང་གཟུགས་བརྙན་བཟོ་སྐྲུན་གཉེར་བ། ཕྱི་ཚུལ་གྱི་བྱ་བ་སྒྲུབ་པ་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས། ཏན་ཏན་ཏིག་ཏིག་གིས་བྱ་བ་བསྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས་ལ། འཕྲལ་ཕན་འཕྲལ་གཉེར་གྱི་སྤྱོད་ཚུལ་གཏན་འགོག་བྱས་ནས་ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོ་ཚུགས་པར་བྱ་དགོས། ལྟ་ཞིབ་དང་དཔྱད་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། གཙོ་གནད་བྱ་བ་དུས་ཆད་བཀོད་གཏོང་དང་ཡུལ་དངོས་སུ་སྐུལ་སྤེལ་བྱེད་པར་ཤུགས་ཇེ་དྲག་ཏུ་བཏང་ནས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྲིད་ཇུས་དོན་འཁྱོལ་དང་བྱ་བ་དོན་འཁྱོལ། འགན་འཁྲི་དོན་འཁྱོལ་བཅས་དམ་འཛིན་བྱ་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།