ཏ་ཐུང་རྫོང་གིས་གྲོང་གསེབ་ཡུལ་སྐོར་དར་སྤེལ་བཏང་།
2022.04.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

 གྲོང་གསེབ་དར་སྤེལ་གཏོང་དགོས་ན་ཐོན་ལས་ནི་གནད་འགག་ཡིན། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་གྲོང་གསེབ་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། གྲོང་གསེབ་ཡུལ་སྐོར་ཐོན་ལས་ཀྱི་གྲུབ་ཚུལ་རང་བཞིན་ལེགས་སྒྲིག་མངོན་འགྱུར་བྱས་ཏེ། གྲོང་གསེབ་ཡུལ་སྐོར་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། ཏ་ཐུང་རྫོང་གི་ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་དཔལ་འབྱོར་གྱི་ཡོང་སྒོ་མངོན་གསལ་སྒོས་འཕར་སྣོན་བྱུང་བ་དང་། ཡུལ་སྐོར་དུ་ཡོང་བའི་མི་གྲངས་ཀྱི་འཕར་ཚད་ཧ་ལམ15%ཡས་མས་དང་། ཡུལ་སྐོར་ཡོང་སྒོའི་འཕར་ཚད20%ཡན་མངོན་འགྱུར་བྱས། 2021ལོར་རྫོང་ཡོངས་ནས་རིམ་བསགས་ཀྱིས་མི་ཐེངས་ས་ཡ་གསུམ་དང་འབུམ་གསུམ་ཁྲི་བདུན་ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཐེར་འབུམ་གཅིག་ལྷག་མངོན་འགྱུར་བྱས་པ་དེ་དུས་མཉམ་དང་བསྡུར་ན18.2%དང20.3%འཕར་ཡོད།

2017ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་བཅུ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་བརྟེན་ནས། ཏ་ཐུང་རྫོང་གིས་སྔ་གཞུག་ཏུ་ཅིན་དབྱང་དང་ཏིའོ་ཀུའུ་ལུང་བ།  ཏུང་ཞ། ཐ་ཨར་བཅས་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་བྱ་ཡུལ་བཞིའི་འཛུགས་སྐྲུན་འཕེལ་རྒྱས་སུ་བཏང་། དེ་ནི་གྲོང་རྡལ་ལྔ་དང་ཡུལ་ཚོ་གཉིས་ཀྱི་སྲིད་འཛིན་སྡེ་བ་ཞེ་གསུམ་ལ་ཁེབས་ནས། གྲོང་གསེབ་ཡུལ་སྐོར་དེ་རགས་བསྡུས་གྲངས་འབོར་ཅན་ནས་སྤུས་མཐོ་ཕན་འབྲས་ཅན་དུ་འཕེལ་བར་སྐུལ་འདེད་བྱས་པ་དང་། ཞིང་པར་སྣེ་ཁྲིད་ནས་མང་ཚོགས་ཕྱུག་འགྱུར་དང་རྫོང་ཁོངས་དཔལ་འབྱོར་འཕར་སྣོན་འབྱུང་བར་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས།

སྤེན་མ་ལུང་སྡེ་བ་ནི་གྲོང་གསེབ་ཡུལ་སྐོར་ཅུང་དར་སྔ་བའི་སྡེ་བ་ཞིག་ཡིན་ལ། ཞིང་ཆེན་ནང་ཁུལ་དུ་སྙན་གྲགས་ངེས་ཅན་ཞིག་ལྡན་པ་དང་། མིག་སྔར་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་འཕེལ་རྒྱས་སུ་བཏང་བའི3Aརིམ་པའི་ལྗོངས་ཁུལ་ཡང་ཡིན། སྡེ་བ་ཡོངས་ཀྱི་ལོ་གཅིག་གི་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་ས་ཡ་ལྔ་ལྷག་ལ་སླེབས་ཡོད།

སྤེན་མ་ལུང་སྡེ་བའི་འཕེལ་རྒྱས་ཀྱང་དེ་འདྲའི་བདེ་བླག་ཅིག་མིན། 2016ལོར། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཕེ་ཏུང་གིས་ཏ་ཐུང་རྫོང་མཁར་དུ་གཉེར་བཞིན་པའི་ཁ་ལོ་པའི་སློབ་གྲྭ་གཞན་ལ་གླས་རྗེས་ཕྱིར་སྡེ་བར་ཡོང་ནས་ལས་སྐྲུན་བྱས། ཁོས་སྔ་གཞུག་ཏུ་ཧྲང་ཧའེ་དང་ཧྲན་ཏུང་སོགས་ཀྱི་ས་ཆར་རྟོག་ཞིབ་བྱས་རྗེས། མེ་ཏོག་ཞིང་ཁམས་ཚོང་གཉེར་བྱས་ན་ཧ་ཅང་བཟང་བའི་གདམ་གསེས་ཤིག་ཡིན་པ་དང་། སྤེན་མ་ལུང་སྡེ་བར་ཚོང་གཉེར་འདིའི་ཆ་རྐྱེན་འཛོམས་པ་ཤེས།

“བྱེ་མའི་ས་ཞིང་དུ་ལོ་ཏོག་བཏབ་ན་ཡོང་སྒོ་མེད་པས་ས་གཤིས་ཀྱི་ཆ་རྐྱེན་དང་འཚམ་པའི་ལོ་ཏོག་བཏབ་ན་མི་ཆོག་གམ། དེ་ལྟར་བྱས་ན་སྡེ་མི་རྣམས་རང་ཡུལ་དུ་སྡོད་དམ ”འདི་ནི་ལིས་ཕེ་ཏུང་གིས་བསམ་གཞིག་མང་པོ་བཏང་བའི་གནད་དོན་རེད། སྤེན་མ་ལུང་སྡེ་བའི་ས་གཤིས་གཞན་དང་མི་འདྲ་བ་སྟེ། ས་ཁ་ནས་མར་ཧའོ་སྨི10བརྐོས་ན་ཚང་མ་བྱེ་མ་རེད། སྔོན་ཆད་གནམ་ལ་བརྟེན་ནས་ཞིང་ལས་གཉེར་བས། ཆར་ཆུ་ཉུང་བའི་ལོ་ལ་ཁ་རྒྱབ་ཀྱང་དཀའ་བའི་གནས་སུ་གྱུར་ཡོད་པས། སྡེ་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་ཡུལ་གཞན་ལ་གནས་སྤར་བ་དང་།  སྡེ་བའི་ནང་གི་ས་ཞིང་མང་པོ་ཞིག་ས་རྒོད་དུ་བསྐྱུར་ཡོད།

2016ལོར། སྡེ་བ་རིམ་པའི་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་འབུམ་བརྒྱད་ཁྲི་ལྔ་དང་དེའི་ཁར་སྡེ་མི་རྣམས་ཀྱིས་བཞག་པའི་མ་རྐང་བཀོལ་ནས། སྤེན་མ་ལུང་སྡེ་བའི་མེ་ཏོག་རི་གྲོང་དངོས་སུ་ཚོང་གཉེར་བྱས། ལོ་དེར་ཡུལ་སྐོར་པ་མི་གྲངས་འབུམ་གསུམ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་གཉིས་མངོན་འགྱུར་བྱས།

གྲོང་གསེབ་ཡུལ་སྐོར་གྱི་ཕན་འབྲས་ཐོབ་པའི་ལིས་ཕེ་ཏུང་གིས་མུ་མཐུད་དུ་ཡུལ་སྐོར་གྱི་རྨང་གཞི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། ལྗོངས་ཁུལ་གྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་བསྟུན་ནས་གནད་དོན་ཀྱང་རིམ་བཞིན་ཐོན།  དེ་ནི་ལྟད་མོ་ཡུལ་སྐོར་དེ་འདྲ་མི་བཟང་བས།  2017ལོ་དང2018ལོར་ཡུལ་སྐོར་གྱི་ཡོང་སྒོ་མར་ཆག  ལིས་ཕེ་ཏུང་གིས་སྤེན་མ་ལུང་སྡེ་བ་འཕེལ་རྒྱས་སུ་གཏོང་དགོས་ན་བཅོས་བསྒྱུར་བྱེད་དགོས་པ་རྟོགས།

2018ལོའི་ཡར་སྔོན་དུ། སྤེན་མ་ལུང་སྡེ་བའི་མེ་ཏོག་གི་ཞིང་ཁམས་ཞེས་པ་དེ་སྡེ་བའི་ཐུན་མོང་ཐོན་ལས་ཡིན་པའི་ཆ་ནས། སྡེ་མི་རང་ཉིད་ཀྱིས་དོ་དམ་བྱས་ན་གྲོང་གསེབ་ཡུལ་སྐོར་གྱི་གྲུབ་ཚུལ་སྣ་རྐྱང་དང་ཚོང་གཉེར་དོ་དམ་མི་བཟང་བའི་གནད་དོན་བྱུང་བར་གཡོལ་ཐབས་བྲལ། ཏ་ཐུང་མཐའ་འཁོར་ས་ཁུལ་གྱི་མེ་ཏོག་གི་ཞིང་ཁམས་ཞེས་པའི་ལྗོངས་ཁུལ་གྱི་འཕེལ་ཚུལ་ཧ་ཅང་བཟང་རུང་། ཚང་མ་ངོ་བོ་གཅིག་མཚུངས་རེད།

ངོ་བོ་གཅིག་མཚུངས་ནི་སྤེན་མ་ལུང་བའི་མེ་ཏོག་གི་ཞིང་ཁམས་ལ་གནས་པའི་གནད་དོན་ཡིན་པར་མ་ཟད། མཚོ་སྔོན་གྱི་གྲོང་གསེབ་ཡུལ་སྐོར་གྱི་ཐུན་མོང་གི་སྐྱོན་ཆའང་རེད། གྲོང་གསེབ་ཡུལ་སྐོར་ལ་ཆེད་ལས་འཇོན་མི་མེད་པས་སྡེ་མི་རྣམས་ཀྱིས་རང་བདག་གིས་ཚོང་གཉེར་བྱས་ན། ལས་གཞི་གང་གིས་སྒོར་མོ་བཙལ་ཐུབ་ན་མྱུར་དུ་ལས་གཞི་དེར་འཇུ་བ་དང་།  བོང་བུར་བལྟས་ནས་རྐྱང་འབྲི་བའི་དཔེ་ལྟར“ལས་བྱ་རྐུ་འབྲི”བྱས་མོད། འོན་ཀྱང་མཚམས་ལན་རེར་ལས་བྱ་རྐུ་འབྲིའང་བྱེད་མི་ཤེས་པ་བཞིན། སྒོར་མོ་བཙལ་ནས་ཕྱུག་པོར་འགྱུར་བ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།

སྤེན་མ་ལུང་བའི་མེ་ཏོག་གི་ཞིང་ཁམས་ལ་མཚོན་ན། 2018ལོའི་ཡར་སྔོན་དུ། གྲོང་གསེབ་ཡུལ་སྐོར་ནི་མེ་ཏོག་ལ་ལྟད་མོར་བལྟ་བ་ཁོ་ན་ཡིན། ཐེངས་གཅིག་ལ་མེ་ཏོག་ལ་བལྟས་རྗེས་ཐེངས་གཉིས་པར་ཡོང་མཁན་མེད་པ་དང་། ལོ་གཅིག་ལ་བལྟས་རྗེས་ལོ་རྗེས་མར་བལྟ་རུ་ཡོང་མཁན་མེད། དུས་ཚོད2ཀྱི་ནང་དུ་ལྗོངས་ཁུལ་ཚང་མར་ལྟད་མོ་བལྟས་ཚར་ལ། ཡུལ་སྐོར་གྱི་ཡོང་སྒོའང་སྒོར30ཡི་འཛིན་བྱང་བཙོང་བ་དེ་ཡིན།

2018ལོར། ལིས་ཕེ་ཏུང་གིས་ཚོང་འགུགས་དངུལ་འདྲེན་བྱེད་མགོ་བརྩམས་ནས་ཆེད་ལས་རུ་ཁག་ནང་འདྲེན་བྱས་ཏེ། མཚོ་སྔོན་ཝན་ཧྭ་ཀུའུ་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས། ལྗོངས་ཁུལ་གྱི་མེ་ཏོག་ཞིང་ཁམས་ཐོན་ལས་གྲུབ་ཚུལ་གྱི་སྤོ་བསྒྱུར་ལ་སྐུལ་སྤེལ་བྱས། ཏ་ཀྲོང་ཞིང་ལས་ལྟད་མོ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་སྡེ་མི་རྣམས་ཀྱིས་རང་བདག་གིས་དོ་དམ་བྱས་པ་དང་། སྡོང་ཕྲུག་འདེབས་འཛུགས་དང་ཕྱིར་བཙོང་། མེ་ཏོག་གསོ་སྤེལ་དང་སྐྱེད་སྲིང་བཅས་ཀྱི་ཚོང་གཉེར་བྱས། ཀུང་སིས་ལྗོངས་ཁུལ་གྱི་དོ་དམ་དང་བཟའ་བཏུང་། ཞིང་སྡེའི་འགྲུལ་ཁང་། ཡུལ་ཐོན་ཐོན་རྫས་ཕྱིར་འཚོང་། ཞིང་ཞོར་ཐོན་རྫས་ལས་སྣོན་བཅས་ཀྱི་འགན་འཁུར།

ཆེད་ལས་རུ་ཁག་གིས་སྤེན་མ་ལུང་བའི་མེ་ཏོག་གི་ཞིང་ཁམས་ཚོང་གཉེར་བྱས་རྗེས། ལོ་སྔོན་མ་དག་དགུན་དུས་ལས་མཚམས་བཞག་ཡོད་པའི་རྣམ་པ་བསྒྱུར་ནས་དགུན་དུས་གངས་འཁྱགས་ཡུལ་སྐོར་ནང་འདྲེན་བྱས་ཏེ། ལྗོངས་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་ཁོམ་ལོང་དེ་ཁ་གསབ་བྱས། ད་ལོའི་ལོ་གསར་སྔོན་དུ་མ་དངུལ་སྒོར་ས་ཡ་གཉིས་འབུམ་ལྔ་ བཏང་ནས་གློག་སྒྲོན་བཤམས་སྟོན་ལ་གྲ་སྒྲིག་བྱས་པས། མཚན་མོར་གློག་སྒྲོན་ལ་ལྟ་མཁན་འཚང་ཁ་ཤིག་ཤིག་གིས་ཐོན།

སྤེན་མ་ལུང་སྡེ་བའི་ཡུལ་སྐོར་ཐོན་ལས་ཀྱི་གྲུབ་ཚུལ་སྤོ་བསྒྱུར་རིམ་སྤར་བྱས་པ་ཧ་ཅང་བཟང་བ་རེད། སྔོན་ཆད་ཀྱི་སྣ་གཅིག་གི་ལྟད་མོ་ཡུལ་སྐོར་དེ་དབྱར་ཁར་མེ་ཏོག་ལ་ལྟད་མོ་བལྟ་བ་དང་དགུན་ཁར་གངས་ཤུད་བྱེད་པ་དང་གློག་སྒྲོན་ལ་བལྟ་བའི་དུས་ཚིགས་བཞི་པོའི་ཡུལ་ཁོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་ཏུ་གྱུར། སྤེན་མ་ལུང་སྡེ་བ་བཅོས་བསྒྱུར་བྱེད་པའི་ཁྲོད་ནས་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱས།

སྤེན་མ་ལུང་སྡེ་བ་ཁོ་ན་མིན་པར། ད་ལོར། ཏ་ཐུང་རྫོང་གིས་གྲོང་གསེབ་ཡུལ་སྐོར་ཐོན་ལས་ཀྱི་རིམ་པ་སྤར་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་བསྲིང་བར་སྐུལ་སྤེལ་བཏང་སྟེ། རྩེད་འཇོ་དང་ཉོ་སྒྲུབ་ཀྱི་ནང་དོན་ཇེ་མང་དུ་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་ཐོན་ལས་བྱ་ཡུལ་དེ་བྱེད་ཐབས་སུ་བརྩིས་ནས་གྲོང་གསེབ་དར་སྤེལ་གྱི་རོལ་དབྱངས་རྩོམ་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།