མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧར་དགེ་གྲོང་གྲོང་རྡལ་གཉའ་ཞོལ་མ་སྡེ་བ་ནི་ཆ་སྙོམས་མཚོ་འཕང་རྨིད་སུམ་སྟོང་ལྔ་བརྒྱའི་མཚམས་སུ་ཡོད་ཅིང་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཞིག་རེད། དབྱར་ཀའི་དུས་ཚིགས་ཐོན་ཐེངས་རེ་ལ་འབབ་ཞོད་ཆེ་བའི་དབང་གིས་ཧར་དགེ་ཆུ་བོ་དེ་ཆེས་ཆེར་རྒྱས་བཞིན་ཡོད་པས་ས་དེའི་འབྲོག་པ་མང་ཚོགས་རྣམས་ཆུ་ལ་བརྒལ་དཀའ་བའི་གནད་དོན་ལ་འཕྲད་ཀྱིན་ཡོད། ད་ལོའི་ཟླ་གསུམ་པར་གཉའ་ཞོལ་མ་སྡེ་བར་སྒྲོག་འགྲེལ་རུ་ཁག་ཐོན་པ་དང་བསྟུན་ནས་གནས་ཚུལ་དེ་གོང་རིམ་སྡེ་ཁག་ལ་ཡར་ཞུ་བྱས་རྗེས་སུ། ཡུལ་དེའི་འབྲོག་པ་རྣམས་ཀྱི་སེམས་སུ་ད་ལོར་ཧར་དགེ་ཆུ་བོའི་སྟེང་དུ་ཟམ་པ་ཞིག་འཕེན་པར་རེ་བའི་ཁེངས་འདུག
གཉའ་ཞོལ་མ་སྡེ་བའི་དགུན་དཔྱིད་དང་དབྱར་སྟོན་གྱི་རྩྭ་སའི་བར་དུ་ཧར་དགེ་ཆུ་བོས་ཆོད་ཡོད་པས་དུས་རྒྱུན་དུ་ས་གནས་མང་ཚོགས་ཀྱིས་ལམ་ཐག་སྤྱི་ལེ་ཉི་ཤུ་ཙམ་བསྐོར་ནས་འགྲོ་དགོས་ཀྱི་ཡོད།
གཉའ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པདྨ་འབུམ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྔོན་ཆད་ཧར་དགེ་ཆུ་བོ་དེ་འདྲ་ཆེ་རུ་རྒྱས་བཞིན་མེད་པས་མི་དང་ཕྱུགས་ཟོག་ཆུ་ལ་བརྒལ་ཡང་སྐྱོན་མེད། ལོ་འདི་དག་གི་རིང་དུ་མཚོ་སྔོན་པའི་ས་ཆར་འབབ་ཞོད་ཆེ་རུ་སོང་བ་དང་བསྟུན་ནས། ཧར་དགེ་ཆུ་བོ་དེ་རིམ་གྱིས་ཆེ་རུ་རྒྱས་པས་གཉའ་ཞོལ་མ་སྡེ་བའི་ཁྱིམ་ཚང་ཞེ་བརྒྱད་ཙམ་དབྱར་ཁར་ཆུ་ལ་བརྒལ་བར་དཀའ་ངལ་ལ་འཕྲད་བཞིན་ཡོད་ཟེར།
པདྨ་འབུམ་གྱིས་བཤད་རྒྱུར། ཁོ་ཚོའི་སྡེ་བར་ཁྱིམ་ཚང་སུམ་བརྒྱ་རེ་བཞི་ཡོད་ཅིང་དེ་ལས་ཁྱིམ་ཚང་ཞེ་བརྒྱད་ཙམ་ལོ་རེ་བཞིན་གྱི་དབྱར་དུས་སུ་ཆུ་ལ་བརྒལ་དཀའ་བའི་གནས་ཚུལ་ལ་འཕྲད་ཡོད། དེ་ལས་གཞན་ད་དུང་སྡེ་བའི་ནང་དུ་བཅའ་སྡོད་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་དྲུག་ཅུ་རེ་ལྔ་ཡོད་པ་དེ་དག་གིས་ཀྱང་གཟའ་འཁོར་གཅིག་གི་ནང་དུ་ཧར་དགེ་ཆུ་བོ་བརྒལ་ནས་ཕར་འགྲོ་ཚུར་འོང་ཐེངས་རེ་བྱེད་དགོས། སློབ་མ་དེ་དག་གི་ཁྲོད་དུ་འགའ་ཤས་ཤིག་ལོ་ན་བརྒྱད་དགུ་ཙམ་ལས་མེད་པས་ཆུ་ཆེ་རུ་རྒྱས་པའི་སྐབས་སུ་ལམ་ཐག་སྤྱི་ལེ་མང་པོ་བསྐོར་ནས་འགྲོ་དགོས་པ་དང་། དཔོན་ཚང་ཞོལ་མ་སྡེ་བར་ཐོན་ན་ད་གཟོད་ཟམ་པ་བརྒྱུད་ནས་འགྲོ་ཐུབ་ཀྱི་ཡོད། གཉའ་ཞོལ་མ་སྡེ་བར་དགུན་དཔྱིད་གཉིས་ཀྱི་རྩྭ་ས་མུའུ་འབུམ་གཅིག་དང་ཁྲི་བདུན་ལྷག་དང་དབྱར་སྟོན་གཉིས་ཀྱི་རྩྭ་ས་མུའུ་འབུམ་གཅིག་དང་ཁྲི་བཞི་ལྷག་ཡོད་པས་ཐེངས་རེ་རེར་དགུན་དཔྱིད་ཀྱི་རྩྭ་སའི་སྟེང་ནས་དབྱར་སྟོན་གྱི་རྩྭ་སར་གནས་སྤོར་བྱེད་པའི་ནོར་ལུག་གི་ཁ་གྲངས་ཁྲི་གཅིག་ལྷག་ཡོད་ཟེར།
ཧར་དགེ་གྲོང་རྡལ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཚེ་དབང་གིས་འདོན་སྤྲོད་བྱས་པའི་བརྙན་ཐུང་ཞིག་ལས། འབྲོག་པ་གཉིས་རྟ་ལ་ཞོན་ནས་ཧར་དགེ་ཆུ་བོར་བརྒལ་བཞིན་ཡོད་པ་དེའི་རྟའི་སུག་གཞི་ཆུ་ལ་ནུབ་འདུག་ཅིང་། དེ་ལས་གཞན་ལུག་ཁྱུ་མང་པོ་ཞིག་ཀྱང་ཆུ་ལ་བརྒལ་བཞིན་འདུག་པར་བལྟས་པ་ཙམ་གྱིས་ཉེན་ཁ་ཆེ་བའི་སྣང་བ་ཞིག་སྟེར་གྱི་འདུག
བརྙན་འདི་དག་ནི་འབྲོག་པ་མང་ཚོགས་ཀྱིས་ན་ནིང་དབྱར་ཀར་བླངས་པ་ཞིག་རེད། ཚེ་དབང་གིས་བཤད་རྒྱུར། ཧར་དགེ་ཆུ་བོའི་ཞེང་ཚད་ལ་རྨིད་ཉི་ཤུ་ཙམ་ཡོད་པ་དང་དབྱར་དུས་སུ་ཆུའི་ཟབ་ཚད་ལ་རྨིད་གཅིག་ཙམ་ཡོད། ཉེ་བའི་ལོ་འདི་ཚོར་སྔ་གཞུག་ཏུ་ཕྱུགས་ཟོག་མི་ཉུང་བ་ཞིག་ཆུས་ཁུར་བས་དཔལ་འབྱོར་ཀྱི་ཐད་ལ་གྱོང་གུན་ཅུང་ཆེན་པོ་བཟོས་སོང་ཟེར།
ཧར་དགེ་ཆུ་བོར་བརྒལ་བའི་གནས་ཚུལ་སྐོར་གླེང་སྐབས། གཉའ་ཞོལ་མ་སྡེ་བའི་སྡེ་མི་རྡོ་རྗེ་རྣམ་རྒྱལ་གྱིས་བཤད་རྒྱུར། ཉིན་ཞིག་གི་ཞོགས་པར་ང་རང་འཕྲུལ་རྟར་བཞོན་ནས་ཧར་དགེ་ཆུ་བོར་བརྒལ་ཏེ་གྲོང་རྡལ་དུ་དངོས་པོ་རེ་འགའ་ཉོ་རུ་སོང་བ་ཡིན། ཕྱིར་ལོག་དུས་ས་རུབ་འདུག ཧར་དགེ་ཆུ་བོར་བརྒལ་ནས་ཆུའི་དཀྱིལ་དུ་ཐོན་དུས་ཆུ་གློ་བུར་དུ་བྲུག་ནས་ངའི་འཕྲུལ་རྟ་ཆུས་ཁུར་སོང་ཟེར།
ཧར་དགེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་རྣམ་རྒྱལ་རྡོ་རྗེ་ཡིས་བཤད་རྒྱུར། གཉའ་ཞོལ་མ་སྡེ་བ་དང་ཐག་མི་རིང་བའི་སར་གྱི་དཔོན་ཚང་ཞོལ་མ་སྡེ་བ་རུ་ཧར་དགེ་ཆུ་བོར་ཟམ་པ་ཞིག་འཕངས་ཡོད། ཟམ་པ་དེ་ནི་གཉའ་ཞོལ་མ་སྡེ་བ་ནས་སྤྱི་ལེ་རེ་འགའ་མ་གཏོགས་མེད་ཀྱང་། ཕྱུགས་ཟོག་དེད་ནས་སོང་ཚེ་དུས་ཚོད་བཞི་ཙམ་ལ་འགྲོ་དགོས་ཟེར།
ད་ལོའི་ཟླ་གསུམ་པའི་ནང་དུ་ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་དང་པོའི་སྒྲོག་འགྲེལ་རུ་ཁག་ཧར་དགེ་གྲོང་རྡལ་གཉའ་ཞོལ་མ་སྡེ་བར་ཐོན་པ་དང་། ཁོ་ཚོས་ཕྱོགས་གཅིག་ནས་ཁྱིམ་ཚང་རེ་རེར་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་ཕྱོགས་གཅིག་ནས་མི་དམངས་མང་ཚོགས་ཀྱི་རེ་འདུན་ལ་རྒྱུས་ལོན་བྱས།
མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དག་སྣང་མེད་དུ་འཇོག་མི་རུང་། སྒྲོག་འགྲེལ་རུ་ཁག་གིསསྡེ་མི་རྣམས་ཧར་དགེ་ཆུ་བོར་བརྒལ་དཀའ་བའི་གནས་ཚུལ་དེ་ཧར་དགེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་ལ་ཡར་ཞུ་བྱས་པ་དང་མཉམ་དུ་རྐང་ཚ་རྫོང་ནོར་སྲིད་ཅུའུ་ལ་འབྲེལ་བ་བྱས། དེ་བས་རྐང་ཚ་རྫོང་ནོར་སྲིད་ཅུའུ་ཡིས་ཆེད་ལས་ལག་རྩལ་མི་སྣ་ཡུལ་དངོས་སུ་མངགས་ནས་རྩད་གཅོད་བྱེད་པར་མྱུར་དུ་བཀོད་སྒྲིག་བྱས་པ་དང་། དེའི་རྗེས་སུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་དང་མཉམ་དུ་ཟམ་པ་ཇི་ལྟར་འཕེན་རྒྱུའི་བྱེ་བྲག་གི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས། ཧར་དགེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་རྣམ་རྒྱལ་རྡོ་རྗེ་ཡིས་བཤད་རྒྱུར། མིག་སྔར་ཟམ་པ་འཕེན་པའི་བྱ་བའི་འབྲེལ་ཡོད་སྡེ་ཁག་གིས་ལས་གཞི་དངོས་སུ་བཙུགས་ཟིན་པར་མ་ཟད། སྒོར་མོ་འབུམ་དྲུག་དང་ཁྲི་ལྔ་གཏོང་བའི་འཆར་གཞི་བཟོས་ཡོད་པས་ད་ལོར་ཟམ་པ་འཛུགས་སྐྲུན་བྱེད་ཐུབ་པར་རེ་བ་ཆེན་པོ་ཡོད་ཟེར།
ཧར་དགེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡུལ་གཙོ་ཡི་དམ་གྱིས་བཤད་རྒྱུར། ལས་གཞི་དེ་བརྩོན་ལེན་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན། ལས་གཞི་ལག་བསྟར་བྱེད་པར་དེ་བས་ནུས་ཤུགས་ཡོད་རྒུ་འདོན་དགོས། ང་ཚོས་ལས་བྱེད་པ་བདམས་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་འབྲེལ་འདྲིས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་བསམ་འཆར་བསྡུ་ལེན་བྱེད་པ་དང་། མི་དམངས་མང་ཚོགས་ཐད་ཀར་དུ་ལས་གཞིའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་ལ་ཞུགས་སུ་བཅུག་སྟེ། ང་ཚོར་འགན་འཁྲིའི་བསམ་པ་ཡོད་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ཟམ་པ་དེ་ལེགས་འགྲུབ་བྱེད་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།