རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཁྲོད་ནུས་པ་གང་ལེགས་འདོན་དགོས་པའི་གྲོས་འདོན་ཡི་གེ།
2022.04.18 ཁུངས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཀློག་གྲངས། 15

ཉེ་ལམ། རྒྱལ་ཡོངས་ཀྱི་རང་སའི་འདུ་འཛོམས་རང་བཞིན་གྱི་རིམས་ནད་གནས་ཚུལ་ལ་གནས་མང་དུ་མངོན་པ་དང་། ཁྱབ་ཆེ་བ། ཡང་ཡང་བྱུང་བའི་ཁྱད་ཆོས་ལྡན། རང་ཞིང་དུ་ཡང་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་མང་དུ་བྱུང་བ་དང་། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་འཇགས་རྣམ་དོ་དམ་ལག་བསྟར་བྱས་ཟིན་ཅིང་། རིམས་འགོག་གནས་བབ་ཛ་དྲག་ཡིན་པ་དང་རིམས་ནད་སྔོན་འགོག་གི་ལས་འགན་སྔར་བཞིན་ཧ་ཅང་ལྕི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་འགོག་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རིམས་འགོག་གི་གནད་འགག་གི་དུས་སུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམས་ནད་འགོག་རྒོལ་དམག་འཐབ་ལ་གང་མགྱོགས་ཀྱིས་རྒྱལ་ཁ་ཐོབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་འཚོ་བ་མྱུར་བར་རྒྱུན་ལྡན་ཅན་དུ་འགྱུར་རྒྱུར་བརྩོན་ལེན་བྱེད་ཆེད། གཤམ་གསལ་གྱི་གྲོས་འགོ་བཏོན་པ་སྟེ།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་འགོག་བྱ་བའི་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རིམས་འགོག་བྱ་བ་ཡག་པོར་སྒྲུབ་པའི་དགོས་གལ་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་གནས་བབ་ཡང་དག་པ་ཁོང་དུ་ཆུད་པར་བྱེད་པ་དང་། རིམས་འགོག་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཐེག་པར་བྱེད་དགོས། ཕྲག་ཏུ་ཁུར་བའི་འགན་འཁྲི་ལ་ངོས་འཛིན་གསལ་བོར་བྱས་ནས་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པ་བློ་ལ་བརྟན་པོར་ངེས་དགོས་ཤིང་། རིམས་འགོག་བྱ་བ་འདི་མིག་སྔའི་དོན་དག་གལ་ཆེན་དུ་བརྩིས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བྱེད་པའི་ཚད་འཇལ་བྱེད་དུ་འགྱུར་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ཁྱད་སྟོབས་དང་རྩ་འཛུགས་ཀྱི་ཁྱད་སྟོབས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཁྱད་སྟོབས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། སྟོབས་ཤུགས་ཡོད་རྒུའི་རིམས་འགོག་བྱ་བ་ལེགས་པོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

རྩ་འཛུགས་ཀྱི་ནུས་པ་དང་སྣེ་ཁྲིད་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། ཏང་གིས་རིམས་འགོག་བྱ་བར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཁག་ཐེག་བྱ་དགོས་ལ། ཁོངས་གཏོགས་ས་ཆའི་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ས་གནས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་འདོམས་འོག རིམས་འགོག་བྱ་བ་བསྒྲུབ་ཚུན་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་བསྡོམས་དང་བཀོལ་སྤྱོད་ལེགས་པོ་བྱས་ནས། ས་གནས་ཀྱི་རིམས་འགོག་འཕྲལ་སྒྲུབ་ཐག་གཅོད་ཇུས་གཞིར་བཟུང་སྟེ། མི་སྣ་དང་དངོས་ཟོག སྒྲིག་ཆས་སོགས་ཀྱི་འགན་སྲུང་ལེགས་པོར་བྱ་དགོས། ཏང་ཡོན་རྣམས་སྡོད་ཁུལ་དང་རིམས་འགོག་ཡུལ་དངོས་སུ་སོང་ནས་འབྱོར་ཐོ་འགོད་པར་རྩ་འཛུགས་བྱས་ནས། མང་ཚོགས་ཀྱིས་རང་རྟོགས་ངང་རིམས་འགོག་སྐོར་གྱི་གཏན་འབེབས་བརྩི་སྲུང་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་རྒྱ་ཆེར་བྱ་དགོས་པ་མ་ཟད། རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐུན་མོང་གིས་རིམས་འགོག་འཛིང་རགས་བརྟན་པོ་བསྐྲུན་དགོས་ལ། ཏང་གི་དར་ཆ་རིམས་འགོག་གི་ལས་ཡུལ་དང་པོ་རུ་ལྷབ་ལྷུབ་ཏུ་བསྐྱོད་པར་བྱེད་དགོས།

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་རྣམས་ལ།

སྤྱི་ཡོངས་ཀྱི་ལྟ་བ་དང་འདུ་ཤེས་བརྟན་པོ་བཙུགས་ཏེ་རིམས་འགོག་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་རྩ་འཛུགས་ཀྱི་བཀོད་འདོམས་ལ་ཉན་པ། ནམ་ཡང་གཞན་གྱི་སྣེ་ཁྲིད་ནས་རིམས་འགོག་གི་ལས་ཡུལ་དང་པོར་སྔོན་དུ་བརྒྱུགས་ནས་རིམས་འགོག་བྱེད་ཐབས་མཐའ་དག་དོན་འཁྱོལ་ནན་མོ་ཡོང་བར་འགན་ལེན་བྱེད་དགོས།

གཞན་གྱི་སྣེ་ཁྲིད་དེ་སྒེར་སེམས་དོར་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་གནས་བརྟན་སྲུང་གིས་འགག་རྩའི་དུས་སུ་དཔའ་ངར་ཆེད་སྐྱེད་ཀྱིས་མདུན་དུ་བསྐྱོད་དགོས། གཞན་གྱི་སྣེ་ཁྲིད་དེ་མང་ཚོགས་ལམ་ཕྱོགས་ལག་ཏུ་བསྟར་ནས་རང་འགུལ་གྱིས་མང་ཚོགས་ཀྱི་དཀའ་ཁག་སེལ་བ་དང་མང་ཚོགས་ལ་རིམས་འགོག་སྲིད་ཇུས་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས།

གཞན་གྱི་སྣེ་ཁྲིད་དེ་སྤྱི་ཚོགས་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོབ་བྱེད་པ་དང་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ། མང་ཚོགས་ཀྱི་ཆོད་སེམས་ཇེ་བརྟན་དུ་བཏང་ནས་ཚན་རིག་དང་མཐུན་པའི་རིམས་འགོག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། གཞན་གྱི་སྣེ་ཁྲིད་དེ་རིམས་འགོག་བྱ་བར་གཞོག་འདེགས་བྱེད་པ། རང་འགུལ་ངང་ལམ་ཐིག་ཐོ་འགོད་ཡག་པོ་བྱེད་པ། ཐོ་འགོད་ཞིབ་བཤེར་དང་དུ་ལེན་པ། ཕྱི་རུ་བསྐྱོད་ནས་འདུ་འཛོམས་ཉུང་དུ་བྱེད་པ། མི་སྒེར་དང་ཁྱིམ་ཚང་གི་འགོག་སྲུང་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།

རྩ་འཛུགས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྡོད་ཁུལ་དང་རིམས་འགོག་ལས་ཡུལ་དང་པོར་རང་འགུལ་ངང་འབྱོར་ཐོ་འགོད་པ་དང་། ཏང་ཡོན་གྱི་ཐོབ་ཐང་གསལ་བར་བྱེད་པ་དང་མིག་དཔེ་བཟང་བོ་བསྟན་ནས། རང་ཉིད་ཀྱི་བྱ་སྤྱོད་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱིས་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ། དུས་ནམ་ཡང་གུང་ཁྲན་ཏང་ཡོན་རིམས་འགོག་དམག་འཐབ་ཁྲོད་ཀྱི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བར་བྱས་ནས། ཏང་རྟགས་ཀྱི་གཟི་འོད་ནད་ཡམས་སྔོན་འགོག་གི་ལས་ཡུལ་དང་པོར་འཕྲོ་ཐུབ་པར་བྱེད་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ།

2022ལོའི་ཟླ4པའི་ཚེས18ཉིན།