དེ་རིང་། ཁྱེད་ཀྱིས་ཁོང་ཚོའི་བྲེལ་བ་ཆེ་བའི་གཟུགས་བརྙན་ལ་བསྔགས་བརྗོད་བྱེད་རོགས།
2022.04.18 ཁུངས། ཀློག་གྲངས། 24

ཁོ་ཚོ་ནི་མི་གཞི་སྐྱོང་བའི་དགེ་རྒན་དང་། ཁོ་ཚོ་ནི་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་མཁན་གྱི་ཉེན་རྟོག་པ། ཁོ་ཚོ་ནི་སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་། ཁོ་ཚོ་ནི་སྨན་ཁང་གི་སྨན་པ་དང་ནད་གཡོག་པ། ཁོ་ཚོ་ནི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་བཅས་ཡིན་པ་དང་། ཁོ་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དངོས་སུ་འབད་འཐབ་བྱེད་བཞིན་ཡོད་པས། ཆེས་མཛེས་པའི“ལྡོག་སྐྱོད་པ”དང་། ཆེས་མགྱོགས་པའི“བྱ་སྤྱོད་མཁན།” མང་ཚོགས་སེམས་ཁོངས་ཀྱི“དཔའ་བོ”བཅས་རེད།  བསྟུད་མར་ཉིན་འགའི་རིང་ལ། ཁོ་ཚོ་དཔའ་ངར་ཆེན་པོས་རིམས་འགོག་གི་འཐབ་ཡུལ་དང་པོར་བསྐྱོད་དེ་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་རང་ནུས་ཡོད་ཚད་འབུལ་བཞིན་ཡོད། འགོག་སྲུང་གྱོན་ཆས་ཀྱིས་ཁོ་ཚོའི་ངོ་གདོང་བཀབ་ཡོད་མོད། འོན་ཀྱང་གྲོང་ཁྱེར་སྡོད་དམངས་ཀྱི་སེམས་སུ་ཁོ་ཚོའི་ཆེས་མཛེས་པའི་གཟུགས་བརྙན་བསྐྲུན་ཡོད།  དེ་རིང་། ཁོ་ཚོར་བསྟོད་བསྔགས་བྱེད་རོགས།

“ཆ་སྙོམས་ཁྱིམ་ཚང་རེ་ལ་སྔོ་ཚལ་བསྐྱལ་བའི་དུས་ཚོད་སྐར་ཆ40ཡང་ཟིན་གྱིན་མེད།”

སྡོད་ཁུལ་གྱི་རོགས་སྐྱོར་མི་སྣ་ལིག་ཐའོ་དང་ལིག་ཀྲི། མཱ་ཁྲང་ཁྲིན་སོགས།

ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད15དང་སྐར་མ30ཙམ་ལ། སྐམ་ཤ་དང་སྔོ་ཚོད་མང་པོ་མཁར་ཤར་ཆུས་སུ་ཆེད་མངགས་སྔོ་ཚལ་སྡེབ་སྐྱེལ་བྱེད་མཁན་རླངས་འཁོར་གྱིས་དུས་ཚིགས་སུ་ཐོན་པའི་སྔོ་ཚལ་བཀག་སྐྱིལ་བྱས་པའི་སྡོད་ཁུལ་དུ་བསྐྱལ་བ་དང་། ལིག་ཐའོ་དང་ལིག་ཀྲི། མཱ་ཁྲང་ཁྲིན། ཡེ་བུན་ཆིན། ཧུའུ་ཡ་ཧེ། ལའོ་ཞའོ་ལིན། ལུའུ་ཆུན་ལིན་སོགས་སྡེ་ཁུལ་གྱི་རོགས་སྐྱོར་མི་སྣས་སྔ་མོ་ནས་སྒུག་བསྡད་ཡོད།

“དེ་རིང་གི་སྔོ་ཚལ་ཡག་པོ་འདུག སྒོག་ཐུར་གྱི་གོང་སླ་མོ་ཞིག་མ་རེད། ད་དུང་སྔོ་ཚལ་གཞན་པ་ག་རེ་ཡོད་དམ། ང་ཚོས་ཀྱང་ཟ་འདོད་འདུག” “ཀྲུའུ་ཧྲུའུ་ཅི་ལགས། དེ་རིང་ང་ཚོའི‘ས་ཁུལ’ལ་ཁྱོན་བསྡོམས་ཁུག་མ1116ཡོད་པ་དང་། དེ་ནི་སྡོད་ཁུལ་གྱི་ཁྱིམ་ཚང་སུམ་བརྒྱ་དོན་གཉིས་ཀྱི་ཉིན་གསུམ་གྱི་གྲངས་འབོར་ཡིན་པས་ཁྱེད་རང་འདར་མི་དགོས”ཞེས་བཤད།  སྡེ་ཁུལ་གྱི་ལས་བྱེད་མི་སྣས་ཕྱོགས་གཅིག་ནས་རླངས་འཁོར་ནས་དངོས་པོ་མར་ལེན་པར་བྲེལ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ད་དུང་དཀའ་སྤྱད་ལས་སྤྲོ་བྱས་ཏེ་ཚང་མའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་ཀྱིན་ཡོད།  དགའ་སྤྲོའི་དགོད་སྒྲ་དེ་དག་གི་ཁྲོད་དུ། ཚང་མའི་ལག་གི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་སོང་བ་དང་། རླངས་འཁོར་ལས་དངོས་པོ་མར་ལེན་པ་དང་ཁུག་མ་ཆུང་ཆུང་རེའི་ནང་དུ་བཅུག  དེའི་རྗེས་ཚང་མས་དངོས་པོ་འདྲུད་པའི་འཁོར་ལོ་ཆུང་ཆུང་དེད་ནས་དངོས་ཟོག་བཀོད་སྒྲིག་ཡག་པོ་བྱས་པ་ལྟར། གྲལ་འགྲིག་པོས་ལོགས་སུ་བསྒྲིགས་ནས་རང་སོ་སོའི་འགན་འཁུར་བའི་ཐོག་ཁང་དུ་འཛུལ་མགོ་བརྩམས།  “སྐུ་ཁམས་བཟང་། དེ་རིང་གི་སྔོ་ཚལ་བསྐྱལ་ཡོང་བ་ཡིན། སྒོ་ཕྱེ་ནས་འཁྱེར་རོགས།” ལུའུ་ཆུན་ལིན་གྱིས་དངོས་ཟོག་བཀང་བཞག་ཡོད་པའི་འདེད་འཁོར་ཆུང་ཆུང་ཞིག་འདེད་བཞིན་ཡོད་པ་དང་། ཁུག་མའི་རྒྱབ་དུ་བྲིས་པའི་ས་གནས་ལྟར་ཁྱིམ་ཚང་རེ་རེ་བྱས་ནས་ཐོག་ཁང་དེའི་ཁྱིམ་ཚང་ཡོངས་ལ་བརྒྱུད་འདྲེན་བྱས།  ལས་བགོས་གསལ་པོ་ཡིན་ལ་བྱ་ཐབས་འོས་འཚམ་ཡིན་སྟབས། རོགས་སྐྱོར་རུ་ཁག་གིས་སྡོད་ཁུལ་དེའི་ཐོག་ཁང་གཉིས་པའི་ཁྱིམ་ཚང་བརྒྱ་དང་བཅུ་དགུ་ལ་ཤ་དང་སྔོ་ཚལ་སོགས་ཀྱི་དངོས་ཟོག་སྐྱེལ་སྐབས། ཆུ་ཚོད1དང་སྐར་མ7ལས་འགོར་གྱིན་མེད་པ་དང་། ཆ་སྙོམས་ཁྱིམ་ཚང་རེར་དངོས་པོ་སྐྱེལ་ཡུན་སྐར་ཆ40ཙམ་མ་གཏོགས་འགོར་མེད་པས། ཅིན་སུང·ཧྲིན་ཧྲི་ཐེན་ཁྲིན་གྱི་བཀག་སྡོམ་ས་ཁུལ་དུ“ཅིན་སུང་ཞབས་ཞུའི་མྱུར་ཚད”གསར་སྐྲུན་བྱས།

“ངས་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་རྒྱུ་ཡིན།”

གཅེས་སེམས་རླངས་འཁོར་རུ་ཁག་གི་རུ་དཔོན་གཞོན་པ་ཡན་ཙའོ་ཁྲའོ།

“རིམས་ནད་ཀྱི་མདུན་དུ་ང་ཚོའི་འོས་འགན་དང་དུ་ལེན་འོས། གཅེས་སེམས་རླངས་འཁོར་རུ་ཁག་བཙུགས་ནས་དགོས་མཁོ་ཡོད་མཁན་ཚོར་རོགས་རམ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་དང་འོས་འགན་ཡིན། རྒྱལ་ཁབ་ལ་དཀའ་ངལ་ཡོད་ན་མི་ཚང་མར་འགན་འཁྲི་ཡོད་པས། རིམས་ནད་ལས་རྣམ་པར་རྒྱལ་ཆེད་རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་རྒྱུ་ཡིན”ཞེས་གཅེས་སེམས་རླངས་འཁོར་རུ་ཁག་གི་རུ་དཔོན་གཞོན་པ་ཡན་ཙའོ་ཁྲའོ་ཡིས་དེ་ལྟར་བཤད།

ཟླ་བཞི་པ་ནས་བཟུང་། ཟི་ལིང་དུ་བསྟུད་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བཤེར་འཇལ་གདགས་གཤིས་ཡིན་པའི་མི་སྣ་ཇེ་མང་དུ་སོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་ཆེད། མཁར་ཤར་ཆུས་ཀྱི་འགྲིམ་འགྲུལ“གནས་སྐབས་མཚམས་འཇོག”ཏུ་བཅུག་མོད། འོན་ཀྱང་མ་དཔེ་དང་དངོས་ཟོག་དབོར་འདྲེན་ཇི་ལྟར་བྱེད་དགོས་སམ།  ཚང་མ་ཅི་བྱ་གཏོལ་མེད་དུ་གྱུར་སྐབས། གླ་གཏོང་རླངས་འཁོར་བརྒྱ་ལས་གྲུབ་པའི“གཅེས་སེམས་རླངས་འཁོར་རུ་ཁག”གིས་གྲ་སྒྲིག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དང་བླངས་ཞབས་ཞུའི་བྱ་འགུལ་ཁྲོད་ཞུགས།  “སྨན་བཅོས་མི་སྣས་ལས་ཡུལ་དང་པོར་ཞབས་ཞུ་སྒྲུབ་པ་ནི་རླབས་ཆེན་གྱི‘ལྡོག་སྐྱོད’ཅིག་ཡིན་པས། ང་ཚོ་ཡང་དེ་ཚོའི་རྒྱབ་ཕྱོགས་སུ་ལངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནུས་པ་འདོན་དགོས། ཁྱིམ་མི་ཚང་མས་ང་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པའི་ཆ་ནས་ངས་ནུས་ཤུགས་ཡོད་རྒུས་རླངས་འཁོར་གཏོང་ཐེངས་རེའི་ལས་འགན་ཡག་པོ་བསྒྲུབས་ནས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུ་འབུལ་རྒྱུ་ཡིན”ཞེས་ཡན་ཙའོ་ཁྲའོ་ཡིས་དེ་ལྟར་བཤད། ཡན་ཙའོ་ཁྲའོ་ལ་བྱིས་པ་གསུམ་ཡོད་པ་དང་ལོ་ན་རྒས་པའི་ཕ་མ་གཉིས་ཡོད། ཁོས་ཉིན་རྒྱུན་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་དགོང་མོའི་ཆུ་ཚོད་དྲུག་བར་ལས་གནས་སུ་བྱ་བ་སྒྲུབ་བཞིན་ཡོད་མོད། འོན་ཀྱང་ཁོས་འཁང་ར་གཏན་ནས་བྱེད་ཀྱིན་མེད།  ཁོས་བཤད་རྒྱུར། ངས་མུ་མཐུད་དང་བླངས་ཞབས་ཞུའི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན་ལ། ཚང་མས་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་དམག་འཐབ་དྲག་པོ་འདིར་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཟེར།

“སྐབས་འདིར་མང་ཚོགས་ལ་ང་ཚོ་ཧ་ཅང་མཁོ།”

ཏུང་ཀོན་སྲང་ལམ་མངགས་གཏོང་ཁང་གི་སའོ་ཀྲང་ཡེ་ཅན།

ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད16ཙམ་ལ། ཏུང་ཀོན་སྲང་ལམ་མངགས་གཏོང་ཁང་གི་སའོ་ཀྲང་ཡེ་ཅན་གྱིས་རང་ཉིད་ཀྱི་ཅུང་འགག་པའི་སྐད་གདངས་ལ་བརྟེན་ནས“ཚང་མས་བར་ཐག་སྨི་གཉིས་བཞག་ནས་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་གནང་རོགས།” “མང་ཚོགས་ཀྱིས་སྒུག་པའི་དུས་ཡུན་ཇེ་ཐུང་དུ་གཏོང་བ་དང་མཉམ་འདུས་བྱ་རྒྱུར་སྔོན་འགོག་བྱ་ཆེད། ང་ཚོས་སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་མཉམ་འབྲེལ་བྱས་ཏེ་ཁག་དབྱེ་ནས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱས་པ་དང་། སྡེ་ཚན་གཅིག་གི་མང་ཚོགས་ཀྱིས་ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱེད་སྐབས་སྡེ་ཚན་གཞན་ཞིག་ལ་གྲ་སྒྲིག་ཡག་པོ་བྱེད་དུ་བཅུག་པ་དང་། དེ་ལྟར་བྱས་ཚེ་ལས་ཕྱོད་ཆེ་རུ་འགྲོ་བ་མ་ཟད། ཡུལ་དངོས་དོ་དམ་བྱེད་པ་ཡང་བལྟོས་བཅས་ཀྱིས་སླ་མོར་འགྱུར་འདུག དེ་དང་ཆབས་ཅིག རྒན་རྒོན་དང་བྱིས་པ་ལྟ་རྟོག་བྱ་ཆེད། ང་ཚོས་རྒན་རྒོན་དང་དབང་པོ་སྐྱོན་ཅན། བྱིས་པ་བཅས་ལ་མགྱོགས་མྱུར་ཞིབ་བཤེར་བྱེད་པའི་བགྲོད་ལམ་བཏོད་པ་དང་། མགྱོགས་མྱུར་གྱིས་དམིགས་བསལ་ཚོགས་སྤྱིའི་མ་དཔེ་འཚོལ་བསྡུ་ཐུབ་པར་འགན་སྲུང་བྱས”ཅེས་ཏུང་ཀོན་སྲང་ལམ་མངགས་གཏོང་ཁང་གི་སའོ་ཀྲང་ཡེ་ཅན་གྱིས་ཕྱོགས་གཅིག་ནས་སྒྲིག་ལམ་སྲུང་སྐྱོབ་བྱེད་ཞོར་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།

ཕྱི་དྲོའི་ཆུ་ཚོད་ལྔ་ཡི་དུས་སུ། ཉིང་སྐྱུར་གྱི་མ་དཔེ་བསྡུ་ལེན་བྱེད་ས་མང་ཆེ་བས་ཞིབ་བཤེར་ཚད་ལེན་གྱི་ལས་འགན་འགྲུབ་ཡོད་པ་དང་། ཆུ་ཚོད་བཅུ་ཡི་རིང་ལ་འབད་པ་བྱས་པའི་ཡེ་ཅན་གྱི་སྐད་འགག་ཡོད་ལ་ལུས་པོ་ཡང་ཐང་ཆད་ཡོད་མོད། འོན་ཀྱང་ཁོས་ད་དུང་སྡོད་དམངས་རེ་གཉིས་ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱེད་པར་ཡོང་བ་མཐོང་སྐབས། སྔར་བཞིན་སྤྲོ་སེམས་འཁོལ་བའི་ངང་ཞིབ་དཔྱད་ཚད་ལེན་བྱེད་པར་ཡོང་མཁན་མང་ཚོགས་ལ་ཁྲིད་སྟོན་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཀྱིན་མེད།  “སྙིང་སྟོབས་ཡོད་དགོས། སྐབས་འདིར་མང་ཚོགས་ལ་ང་ཚོ་དགོས་མཁོ་ཡོད” ཅེས་ཡེ་ཅན་གྱིས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།  ཐེངས་འདིའི་དུ་བ་མེད་པའི་དམག་འཐབ་སྟེང་། མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས། ཁོས་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད། སྟོབས་ཤུགས་དེ་ལས“རིམས་ནད”ཁྲོད་འབད་འཐབ་བྱེད་ཀྱིན་པའི་ཉེན་རྟོག་པའི་དམངས་ལ་བཅངས་པའི་དྲོད་འཁོལ་མཚོན་ཐུབ།

“ང་ཚོ་ཚང་མས་ནུས་ཤུགས་ཤིག་འདོན་བསམ་གྱིན་ཡོད།”

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་ཀྲུའུ་རིན་སྨན་པ་དཀའ་བཅུ་པ་སུའུ་ཝུན་པོ།

“བརྡ་ཐོ་འབྱོར་རྗེས་ངས་མྱུར་དུ་མིང་ཐོ་བཀོད་པ་ཡིན། ང་ཚོའི་ལས་གྲོགས་མང་ཆེ་བས་རང་འགུལ་ངང་མིང་ཐོ་འགོད་ཀྱིན་ཡོད། རིམས་ནད་ཀྱི་མདུན་དུ་ང་ཚོས་རང་ནུས་ཅི་ཡོད་ཀྱིས་ནུས་ཤུགས་ཤིག་འདོན་བསམ་གྱིན་ཡོད”ཅེས་སུའུ་ཝུན་པོ་ཡིས་གསར་འགོད་པར་དེ་ལྟར་བཤད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོར་སྒྲུབ་ཆེད། བསྟུད་མར་ཉིན་འགའི་རིང་ལ། ཟི་ལིང་གི་སྨན་ཁང་སོ་སོས་གཅིག་རྗེས་གཉིས་མཐུད་ངང་ཉིང་སྐྱུར་མ་དཔེ་འཚོལ་བསྡུ་བྱེད་མཁན་སྨན་བཅོས་རུ་ཁག་བཏང་ནས་ཟི་ལིང་དང་ནད་དུག་འགྲན་བསྡུར་ལ་གཞོགས་འདེགས་བྱས་པ་དང་། ཟླ4པའི་ཚེས12ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་མཚན་མོ་དེར་སྨན་བཅོས་མི་སྣ123ཉིང་བསྐྱུར་བརྟག་དཔྱད་སྨན་བཅོས་རུ་ཁག་ཏུ་རྩ་འཛུགས་བྱས་ནས། མཁར་ཤར་ཆུས་སུ་ཉིང་སྐྱུར་བརྟག་དཔྱད་བྱ་བ་སྒྲུབ་ཏུ་མངག་པ་རེད།

འདི་ནི་སུའུ་ཝུན་པོ་ཐེངས་དང་པོར་ཉིང་བསྐྱུར་འཚོལ་བསྡུ་བྱེད་པར་རོགས་སྐྱོར་བྱེད་དུ་སོང་བ་མིན་པར། 2021ལོའི་ཟླ11པའི་ཚེས6ཉིན། ཟི་ལིང་གྲོང་ཁྱེར་ཡོངས་སུ་ཉིང་བསྐྱུར་བརྟག་དཔྱད་ཀྱི་བྱ་བ་སྤེལ་སྐབས། ཁོ་མཁར་ནུབ་ས་ཁུལ་གྱི་རོགས་སྐྱོར་དུ་ཞུགས་པ་དང་། ཐེངས་འདིར་ཁོ་སླར་ཡང་མཁར་ཤར་ཆུས་མཚོ་བོད་ལྕགས་ལམ་སྡེ་ཁུལ་དུ་ཡོང་ནས་ཉིང་སྐྱུར་སྔོག་འདོན་བྱ་བར་ཞུགས་པ་རེད།  ཁ་བཏུམ་དང་འགོག་སྲུང་གྱོན་ཆས། ལག་ཤུབས། འགོག་སྲུང་ངོ་ཁེབས་སོགས་གཅིག་ཀྱང་ལུས་མེད་ལ། སུའུ་ཝུན་པོ་དང་ཁོའི་ལས་གྲོགས་རྣམས་ཀྱིས་ཉིན་རེའི་བྱ་བ་སྒྲུབ་སྐབས་ངེས་པར་དུ་རྙོག་འཛིང་ཆེ་བའི་སྨན་བཅོས་འགོག་སྲུང་སྒྲིག་ཆས་གྱོན་དགོས།  ཟུག་གཟེར་རྒྱག་པའི་དཔུང་པ་དང་སྐད་འགག་ཡོད་པ། ཁ་བཏུམ་གྱི་གཏིང་ཟབ་པའི་རྗེས་ཤུལ་བཅས་ནི་ཁོ་ཚོས་ཉིན་གཅིག་གི་ལས་ཀ་མཇུག་སྒྲིལ་རྗེས་ཀྱི་དོན་དངོས་དང་རྣམ་པ་རེད།

སྨན་པའི་བྱམས་སེམས་ཀུན་ལས་ལྷག  དམིགས་བསལ་གྱི་དུས་སྐབས་སུ་ཉིང་སྐྱུར་མ་དཔེ་ལེན་མཁན་དེ་དག་གིས་གྲོང་ཁྱེར་སྡོད་དམངས་ཀྱི་བདེ་ཐང་གི་བདེ་འཇགས་སྲུང་ཡོལ་སྐྲུན་ཆེད། ཁོ་ཚོས“མྱུར་ཚད”དང“དྲོད་འཁོལ”ལ་བརྟེན་ནས་ཟི་ལིང་གི་གྲོང་ཁྱེར་འདིར་རིམས་ནད་ལ་འབད་འཐབ་བྱ་རྒྱུར་ཐོག་མའི་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད་ཆོག

“དོན་དག་ཅི་ཞིག་ཡོད་ན་ཁྱོད་ཀྱིས་ཤོད་དང་ང་ཚོས་སྒྲུབ་ངེས་ཡིན། ”

བཀག་སྡོམ་ས་ཁུལ་གྱི་རོགས་སྐྱོར་རུ་ཁག་གི་གནས་སྐབས་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་ལི།

“སྐུ་ཁམས་བཟང། དབྱང་ཅ་ཞང་སྡེ་ཁུལ་ཡིན་ནམ། ངེད་ཚང་གི་བྱིས་པའི་དཔུང་པའི་རུས་པ་གས་ཆག་ཤོར་འདུག ད་ལྟ་སྡེ་ཁུལ་བཀག་སྡོམ་བྱས་ཡོད་པས། ངས་ཅི་ལྟར་བྱེད་དགོས་སམ”ཞེས་བཤད།  ཐོ་རེངས་སུ་ཨ་མ་ཞིག་གིས་ངུ་སྐད་དང་བཅས་ཁ་པར་བརྒྱབ་ཡོང་བ་དང་། ཅིན་སུང·ཧྲིན་ཧྲི་ཐེན་ཁྲིན་བཀག་སྡོམ་ཁུལ་རོགས་སྐྱོར་རུ་ཁག་གི་གནས་སྐབས་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་ལི་ཡིས་ཁ་པར་འབྱོར་མ་ཐག ཐོག་མའི་དུས་ཚོད་ནང་མངའ་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་འབྲེལ་གཏུག་བྱས་ཏེ་རྨས་མ་ཁྲིད་པའི་མྱུར་སྐྱོབ་རླངས་འཁོར་མངག་ནས། ཁོ་ཚོའི་ཁྱིམ་མི་དང་མཉམ་དུ་སྨན་ཁང་དུ་སྨན་བཅོས་བྱེད་དགོས་པའི་བརྡ་བརྒྱབ།

དེ་ལྟ་བུའི“ཛ་དྲག་གི་ཁ་པར”ཉིན་གཅིག་གི་ནང་ཉིན་མཚན་མེད་པར་འགའ་རེ་འབྱོར་སྲིད། བཀག་སྡོམ་ཁུལ་དུ་རྫས་འགྱུར་སྨན་བཅོས་དང་སིམ་དབྱེ་སོགས་དམིགས་བསལ་དགོས་མཁོ་ཡོད་པའི་ནད་པར་ཀྲུའུ་ལིའི་དེ་གར་རྩིས་ཐོ་ཞིག་ཡོད།  ཐོག་རྩེག་གང་གི་ཁང་པ་དུ་ཡི་ནད་པས་དེ་རིང་སིམ་དབྱེ་བྱེད་རན་འདུག ཐོག་སོ་གང་གི་ཁང་པ་དུ་ཡི་ནད་པས་དེ་རིང་སྐུད་པ་ལེན་རན་འདུག  “ཚོད་འཛིན་ཁུལ་དུ་བསྡད་ཡོད་རུང་། འོན་ཀྱང་སྡོད་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་བ་དང་། མི་དམངས་ཀྱི་མདུན་དུ་བསྐྱོད་ནས་སེམས་ཁྲལ་སེལ་དགོས།” འདི་ནི་ཀྲུའུ་ལི་ཡིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད།

“ཛ་དྲག་གི་ཁ་པར”དེ་དག་ཕུད། བཀག་སྡོམ་ཁུལ་གྱི་སྡོད་དམངས་ཀྱི་བསམ་འཆར་ཅུང་ཙམ་ཡང་དེ་གའི་རོགས་སྐྱོར་མི་སྣས་སེམས་སུ་བཅངས་ནས་བྱ་བ་ཏན་ཏིག་གིས་སྒྲུབ་ཀྱིན་ཡོད།  “ཆན་ཀྲུའུ་རིན་ལགས། ཁྱོད་ཀྱིས་ཟ་མ་མི་ཟ་བར་གང་དུ་འགྲོ་རྒྱུ་ཡིན་ནམ།”“སྐྱོན་མེད། ང་ཕྱི་ལ་ཅིག་འགྲོ་དགོས།” སྐད་ཆ་བཤད་མཁན་གྱི་ཆན་ཁྲང་རུང་ལ་ལས་རྒྱུ་མེད་པར་ཕྱི་ལ་འགྲོ་བ་མིན་ཏེ། ཚང་མས་ཁོས་ཐོག་བརྩེགས་དང་པོའི་སྡོད་དམངས་རྒན་པ་དེར་ཟ་མ་སྐྱེལ་གྱིན་ཡོད་པ་ཤེས།  རྒན་པོས་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཁོས་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་ཕོག་པས་ཟ་མ་ལས་རྒྱུར་དཀའ་ཁག་ཆེ་ལ། དུས་རྒྱུན་ཟ་མ་ཐེངས་གཅིག་ལ་ལས་ཚེ་ཉིན་གསུམ་ལ་ཟ་བཞིན་ཡོད་ཅེས་པའི་སྐད་ཆ་དེ་ཆན་ཁྲང་རུང་གིས་སེམས་སུ་བཟུང་ཡོད་པ་དང་། ཁོས་ཉིན་རྒྱུན་རྒན་པོ་དེར་ཟ་མ་གསར་བ་སྐྱེལ་བཞིན་ཡོད།

“ད་ལྟ་ནི་ང་ཚོར་མཁོ་བའི་དུས་ཡིན།”

ཀྲུང་ཀྲོང་སློབ་ཆུང་གི་ལོ་རིམ་གྱི་ཚན་གཙོ་ཀྲིག་དཔའ།

ཁ་བཏུམ་ཡག་པོ་རྒྱག་པ་དང་། འགོག་སྲུང་ལྭ་བ་དང་མིག་ཤེལ་གོན་པའི་ཀྲིག་དཔའ་ཡིས་ཉིན་འགའི་སྔོན་ལ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། ད་ལྟ་རིམས་འགོག་གི་དང་བླངས་པར་གྱུར་ཡོད།

“སྐུ་ཁམས་བཟང་། དེ་རིང་གི་དངོས་རྫས་འབྱོར་ཡོད་པ་དང་ལེགས་སྒྲིག་བྱས་ཚར་ཡོད།”“ཨ་མ་ལགས། ཁྱེད་རང་ང་དང་མཉམ་དུ་འདི་གའི་གེགས་མེད་ལམ་ཡངས་སུ་སོང་ཆོག ཁྱེད་རང་ལོ་ན་མཐོ་བས་འདིར་གྲལ་སྒྲིག་མི་དགོས”ཞེས་བཤད།  “ཁྱེད་བདེ་མོ། ང་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་བྱེད་མི་སྣ་ཞིག་ཡིན། ང་ཚོས་རྒན་པར་ཉིང་སྐྱུར་མ་དཔེ་འཚོལ་བསྡུ་བྱེད་ཀྱི་ཡིན།” མཁར་ཤར་ཆུས་སུ་པྲོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་བརྡ་ཁྱབ་ཡོངས་བསྒྲགས་བྱས་རྗེས། ཀྲིག་དཔའ་བཟའ་ཟླ་གཉིས་ཀྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་གི་ལས་ཡུལ་དང་པོར་བསྐྱོད་རྒྱུའི་རེ་བ་བཏོན་པ་རེད།  སྐབས་དེར། ཁོ་ཚོ་བསམ་བློ་མང་པོ་གཏོང་ཁོམ་མེད་པར། དམའ་གཉིས་འདོན་བཞིན་པའི་བུ་གནས་སྐབས་སུ་གྲོགས་པོ་ཚང་ལ་བཅོལ།  དགེ་རྒན་ཞིག་ཡིན་པའི་ཆ་ནས། ཁོ་མོས་དམའ་གཉིས་དུས་རིམ་ནི་ཧ་ཅང་གལ་ཆེ་བ་ཤེས་ཡོད།  “ང་དང་ཁྱོ་ག་གཉིས་གུང་ཁྲན་ཏང་ཡོན་ཡིན་ལ། ད་ལྟ་ནི་ང་ཚོ་དགོས་པའི་དུས་ཡིན་པས། བྱིས་པ་ཚོས་ཀྱང་ང་ཚོར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད་ང་ཚོར་ཡིད་སྨོན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ང་ཚོས་མི་དམངས་ལ་ཞབས་འདེགས་ཞུ་གི་ཡོད་པས་རེད”ཅེས་བཤད།  སྐད་ཆ་དེ་བཤད་སྐབས་དགོང་མོའི་དུས་ཚོད་བརྒྱད་ཡས་མས་ཡིན་ལ། སྐབས་དེ་དུས་ཁོ་མོ་དང་ལས་གྲོགས་ཚོ་ས་གནས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་དུ་ཡོང་མ་ཐུབ་པའི་ཆེས་མཐར་མཇུག་གི་ཁྱིམ་དུ་ཉིང་བསྐྱུར་མ་དཔེ་ལེན་དུ་སོང་ནས་ཡོང་མ་ཐག་རེད།

གནས་གང་དུ་དགོས་མཁོ་ཡོད་ན་དེ་གར་བསྐྱོད་ངེས། ཁོ་མོའི་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ། མི་དམངས་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁོ་མོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔེ་ཁྲིད་མི་སྐྱོང་གི་བྱ་ཐབས་ཡག་ཤོས་ཏེ་ཕྱིར་མངོན་ཡོད།

“འདི་ནི་ངས་ད་ལྟ་འཐབ་འཛིང་བྱེད་པའི་ལས་གནས་ཡིན། ”

མཁར་བྱང་ཆུས་ཀྱི་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་ཉིག་ཧའེ་ཅོན།

“སྐུ་ཞབས་ལགས། གནས་འདི་ནས་ཕར་བགྲོད་ཐུབ་བམ། ང་ཚོ་གནས་འདི་བརྒྱུད་དེ་གཞན་ཞིག་ཏུ་ཉིང་སྐྱུར་བརྟག་དཔྱད་བྱེད་དུ་འགྲོ་རྒྱུ་ཡིན།”  ཟླ4པའི་ཚེས15ཉིན་གྱི་ཆུ་ཚོད13ཡས་མས་སུ། རྐང་ཐང་བ་ཁ་ཤས་ཞའོ་ཆའོ་སྲང་ལམ་གྱི་ལྷོ་ངོས་འགྲིམ་འགྲུལ་དོ་དམ་ས་ཚིགས་ཀྱི་ལས་སྒྲུབ་བྱང་བུའི་འགྲམ་དུ་བསྡད་དེ་ལས་སྒྲུབ་མི་སྣར་དེ་ལྟར་དྲི་བ་བཏོན།  “སོང་ཆོག མདུན་ཕྱོགས་སུ་སྐྱོད་ན་མཚོ་ནུབ་ནུབ་ལམ་ཞའོ་ཡུག་ཡོན་གྱི་ཉིང་བསྐྱུར་བརྟག་དཔྱད་གནས་རེད།”  གཞི་རིམ་གྱི་ལས་ཡུལ་དང་པོ་རུ་བྱ་བ་སྒྲུབ་པའི་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། མཁར་བྱང་ཆུས་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་ཉིག་ཧའེ་ཅོན་གྱིས་དེ་གར་ལས་འགན་སྒྲུབ་བཞིན་ཡོད། “གནས་འདི་ནི་ངའི་ད་ལྟ་འཐབ་འཛིང་བྱེད་པའི་ལས་གནས་ཡིན་པས་ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་། ”

འཇགས་རྣམ་དོ་དམ་བྱེད་ཀྱིན་པའི་ཞའོ་ཆའོ་ལམ་ཆེན་དུ་སྔོན་ཆད་ནང་བཞིན་གྱི་རླངས་འཁོར་མེད་ཀྱང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ནན་ཏན་གྱིས་སྒྲུབ་བཞིན་ཡོད། དེ་གར་ལས་འགན་སྒྲུབ་བཞིན་པའི་ལས་བྱེད་མི་སྣས་ནན་ཏན་དང་མགྱོགས་མྱུར་ངང་རླངས་འཁོར་ནང་བཞག་པའི་ལམ་ཡིག་འཚོལ་དགོས་པ་མ་ཟད། འགྲོ་སྐྱོད་ལག་ཁྱེར་མེད་པའི་རླངས་འཁོར་ཕྱིར་ལོག་དགོས་པའི་ཁ་ཏ་བྱེད་དགོས།  “ང་ཚོས་བརྡ་ཁྱབ་ཀྱི་བླང་བྱ་ལྟར། གཙོ་བོ་གཞུང་ལམ་གཙོ་བོའི་སྐོར་གཡེང་གི་འགན་འཁུར་གྱིན་ཡོད། དེ་རིང་གི་ཆུ་ཚོད7དང་སྐར་མ30ཡི་ཐོག་མི་སྣ་ཚང་མ་དམིགས་སར་འབྱོར་ནས་ད་བར་དུ་བྲེལ་བ་ཆེན་པོ་འདུག”  སྐབས་དེར། ཞའོ་ཆའོ་སྲང་ཆེན་གྱི་ཕྱོགས་སུ་འགྲོ་སྐྱོད་ལག་འཁྱེར་མེད་པའི་རླངས་འཁོར་ཞིག་ཉིག་ཧའེ་ཅོན་གྱིས་དོ་སྣང་བྱས། ཁོ་མྱུར་དུ་མདུན་དུ་སོང་ནས་གུས་འདུད་བྱས་ཏེ་འདྲི་རྩད་བྱས་ཤིང་། འབྲེལ་ཡོད་ཀྱི་དོན་དག་ཐག་གཅོད་བྱས།

དུས་ཚོད་སྐར་མ་བཅུ་ལྷག་གི་ནང་། འགྲིམ་འགྲུལ་བཀག་སྡོམ་ས་ཚིགས་ཀྱི་རླངས་འཁོར་ལ་ཞིབ་བཤེར་བྱེད་དགོས་པ་དང་དོ་དམ་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཚང་མས་དཀའ་ཚེགས་ཆེན་པོས་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་གསར་འགོད་པས་མཐོང་བྱུང་།  ཉིག་ཧའེ་ཅོན་གྱིས་སྐད་ཆ་བཤད་སའི་འཕྲུལ་ཆས་སླར་ཡང་གྲགས་པ་དང་། ཁོས་བྲེལ་འཚུབ་ངང་གསར་འགོད་པར་ལག་བརྡ་ཞིག་བཏང་ནས་སླར་ཡང་གནས་གཞན་དུ་བྱ་བ་སྒྲུབ་པར་བསྐྱོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།