རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས།
2022.04.19 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 18

རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་དཀའ་ཚེགས་ཆེ་ལ་འགན་འཁྲི་ལྕི་ཞིང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་བྱ་བ་ཞིག་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཕྱོགས་སོ་སོས་ངེས་པར་དུ་བསམ་བློའི་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག་གང་ལེགས་བྱེད་དགོས། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས“འཕྲལ་སྒྲུབ་སྔོན་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས”ཞེས་ནན་བཤད་གནང་བ་དེས། ང་ཚོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཏན་ཏིག་གིས་སྒྲུབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྔར་ལས་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།

མིག་སྔར། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལྡན་པའི་གནས་བབ་ཧ་ཅང་ཛ་དྲག་ཆེ། ནད་དུག་གི་ཁྱད་ཆོས་ནས་བལྟས་ན། ཨའོ་སྨི་ཁེ་རོང་གཞན་འགྱུར་དུག་རྐང་མཆེད་པའི་མྱུར་ཚད་མགྱོགས་ལ། ཡིབ་གཤིས་ལྡན་ལ་འགོས་སླ་བ། ནད་གཞི་ཡང་མོ་བཅས་ཀྱི་བསྡུར་ཚད་མཐོ་བའི་ཁྱད་ཆོས་ལྡན་པས་ཁྱབ་རྒྱ་ཆེ་བ་མ་ཟད་འགོས་སླ་བ་ཞིག་རེད། གལ་ཏེ་དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་ནན་མོ་མ་བྱས་ན། འགོ་སླ་བའི་མི་ཚོགས་ལ་འགོས་པའི་ཉེན་ཁ་ཇེ་ཆེར་སོང་ནས་མཐར་གཞི་ཁྱོན་ཆེ་བའི་སྒོ་ནས་འགོ་སྲིད་པ་རེད། ལོ་གཉིས་ལྷག་ཙམ་གྱི་ལག་ལེན་ལས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་ནི་ཡང་དག་དང་ནུས་ལྡན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་རྐང་གི་འགོས་ཁྱབ་ཧ་ཅང་ཆེ་མོད། འོན་ཀྱང་སྔ་མོ་ནས་ཤེས་རྟོགས་དང་དོ་དམ་ཚོད་འཛིན། སྨན་བཅོས་བཅས་བྱས་ནས་འགོ་ལམ་བཅད་དེ། འགོ་སླ་བའི་མི་ཚོགས་ལ་སྲུང་སྐྱོབ་ཡག་པོ་བྱས་ཚེ་སྔར་བཞིན་དུས་ཐོག་ཏུ་རིམས་ནད་ཚོད་འཛིན་ནུས་ལྡན་བྱེད་ཐུབ། འདིས་ང་ཚོར“ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་། ནང་ནས་བསྐྱར་དུ་འཕར་བ་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང་།“འགུལ་རྣམ་ལས་ནད་པ་གསར་བ་མི་འབྱུང་པའི”སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་དང་ལྷོད་གཡེང་མི་གཏོང་བ། དུས་ཚོད་ཀྱིས་མི་སྒུག་པའི་སྙིང་སྟོབས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་བྱས་ཏེ། སྔར་ལས་སྔ་བ་དང་མགྱོགས་པ། གཟབ་ནན། དོན་དངོས་དང་མཐུན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་དེ་རིམས་ནད་མཆེད་པ་བཀག་འགོག་བྱས་ན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགན་སྲུང་ནུས་ལྡན་བྱེད་དགོས།

རིམས་ནད་ཀྱི་རྡུང་རྡེག་ཡང་ཡང་གཏོང་པར་དམིགས་ནས། མི་ལ་ལས་ཨའོ་སྨི་ཁེ་རུང་གཞན་འགྱུར་དུག་རྐང་གི་ནད་རྟགས་ཡང་བ་དང་། བསམ་བློའི་ཐད་ལྷོད་གཡེང་དུ་འགྲོ་སླ་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྒྲུབ་ཐག་གཅོད་ཐད་བླང་བྱ་ལྷོད་གཡེང་དུ་སོང་བ་བཅས་ཀྱི་ངོས་འཛིན་བྱེད་བཞིན་ཡོད། གལ་ཏེ“སྔོན་འགོག”མ་བྱས་པར“གསོ་བཅོས”ཁོ་ན་བྱས་ཚེ། རང་རྒྱལ་གྱི་སྨན་བཅོས་མ་ལག་ཉེན་ཁར་འཕྲད་སྲིད་པ་ངེས་པར་དུ་གསལ་བོར་ཤེས་དགོས། རྒྱུན་རྣམ་ཅན་གྱི་གནད་འཁེལ་སྔོན་འགོག་ཚོད་འཛིན་དང་ཁག་གཅིག་གི་འཕྲལ་སྒྲུབ་ཐག་གཅོད་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོ་སྒྲུབ་པ་དང་ཆབས་ཅིག འབྱུང་སྲིད་པའི་ཕྱོགས་གཅིག་གི་ནད་ཡམས་ལ་འཕྲལ་སྒྲུབ་གྲ་སྒྲིག་དང་ནུས་ལྡན་ངང་ཐག་གཅོད་བྱས་ནས། དཀའ་ངལ་ཚོད་དཔག་སྔར་ལས་མང་བ་བྱེད་པ་དང་གནད་དོན་ལ་བསམ་བློ་སྔར་ལས་ཚབས་ཆེ་ཙམ་བཏང་སྟེ། གྲ་སྒྲིག་བྱས་ནས་སྤྱོད་མི་དགོས་ན་ཡང་གྲ་སྒྲིག་མེད་པའི་དམག་འཐབ་གཏན་ནས་མི་རྒྱག་པ་བྱེད་དགོས། འགག་སྒོ་དང་མཐའ་མཚམས་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ནན་མོ་བྱས་ནས། མི་དང་དངོས་པོ། ཁོར་ཡུག་བཅས་མཉམ་དུ་འགོག་པ་རྒྱུན་འཁྱོངས་བྱེད་པ་དང་། འབུར་ཐོན་མི་སྣ་རིམ་སྡོམ་དོ་དམ་དང་། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་གཟབ་ནན་དུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞན་ཆ་ཁ་གསབ་པ། ཕྱི་ཕྱོགས་ནས་ནང་དུ་མཆེད་པའི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། གཙོ་གནད་ས་ཁུལ་དུ་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་དང་རྒན་གསོ་ཁང་། དེ་མིན་གནམ་གྲུ་འབབ་ཐང་དང་མེ་འཁོར་བབས་ཚུགས་སོགས་མི་སྣ་འདུ་འཛོམས་ཆེ་བའི་ས་ཁུལ་དང་ལས་ཁུངས་ཀྱིས་འགན་འཁྲི་ནན་ཏན་གྱིས་འཁུར་རྒྱུར་ལྟ་སྐུལ་བྱས་ནས། རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཆེ་རུ་བཏང་སྟེ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་འཕྲལ་སྒྲུབ་སྔོན་ཇུས་ཏན་ཏིག་གིས་སྒྲུབ་དགོས། གཙོ་གནད་མི་ཚོགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་སྨན་བཙོང་ས་དང་སྒོ་བསྟེན་སྨན་ཁང་། སློབ་གསོའི་ལས་ཁུངས། ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་སོགས་ཞབས་ཞུའི་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་ལས་ཁུངས་སོགས་ཀྱི“སོ་གནས”ནུས་པ་འདོན་སྤེལ་བྱེད་པ། ཐབས་ལམ་མང་པོའི་ཐོག་ནས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།“འགོག་རྫས་གྲལ་བཤེར་དང་ཉིང་སྐྱུར་བརྟག་དཔྱད”ཀྱི་ལྟ་ཞིབ་ཚད་ལེན་བྱེད་སྟངས་ཁྱབ་གདལ་གཏོང་བ་བཅས་བྱས་ནས། རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་འཕྲལ་སྒྲུབ་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། མངའ་ཁོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྟོབས་ཤུགས་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུར་སྤྱི་འདོམས་བྱས་ནས། ལོགས་སུ་བཀར་ས་གྲ་སྒྲིག་བྱེད་དགོས་པ་མ་ཟད། གསོག་འཇོག་རྩིས་ཐོ་དང་རིམ་པ་ལྟར་སྤྱོད་ཆོག་པའི་ལམ་སྲོལ་བཙུགས་ནས། ཧྥང་ཚང་སྨན་ཁང་འཛུགས་སྐྲུན་གྱི་ཇུས་གཞི་དང་གྲ་སྒྲིག་བྱ་བ་ཡག་པོ་བསྒྲུབས་ནས་འཕྲལ་སྒྲུབ་བཀོད་སྒྲིག་ནུས་པ་ཆེ་རུ་གཏོང་དགོས། ཚོད་ལྟའི་ཨང་རྟགས་དང་དྲོད་ཚད་འཇལ་བ། ཁ་ཐུམ་རྒྱག་པ། སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པ་སོགས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ནན་མོ་བྱས་ནས། རྒན་རྒོན་གྱི་རིམས་འགོག་སྨན་ཁབ་མུ་མཐུད་གོ་རིམ་ལྡན་པའི་ངང་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་དང་ཐད་ཀར་འབྲེལ་བ་ཡོད། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱས་ཚེ། གཞི་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འདེགས་སྐྱོར་བརྟན་པོ་བྱེད་ཐུབ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ནི་ཁེར་རྐྱང་གི་སྲིད་ཇུས་ཤིག་མིན་པར། དེ་ནི་རྙོག་འཛིང་ཆེ་བའི་འཁོར་སྐྱོད་མ་ལག་ཅིག་ཡིན་པ་དང་། ས་ཁུལ་མི་འདྲ་བར“གཅིག་དཔེ་བརྒྱ་འགེབས”ཀྱི་བྱེད་ཐབས་སྤྱོད་མི་རུང་ལ། རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་མི་རུང་བ་དང་། སྔོན་འགོག་ཚོད་འཛིན་འོས་འཚམ་མ་བྱས་པར་སྔར་བྱས་དོར་མི་རུང་བ་ངེས་པར་དུ་གསལ་བོར་ཤེས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་བློ་སྟོབས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། རྩ་འཛུགས་ལག་བསྟར་བྱེད་ནུས་བཅས་སྔར་ལས་སྦྱོང་བརྡར་བྱས་ནས། རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་པའི་མྱུར་ཚད་དང་ཤུགས་ཚད་དངོས་གནས་མཐོ་རུ་བཏང་སྟེ། རིམས་ནད་གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་དགོས། “བརྟན་སྲུང་དྲུག”དང“འགན་ལེན་དྲུག”གི་བྱ་བ་མུ་མཐུད་དུ་ཡག་པོ་སྒྲུབ་པ་དང་། དམངས་ཚིས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་གྱི་ཆེ་ས་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་པོ་ཡོང་བ་བཅས་བྱེད་དགོས། དངོས་ཟོག་སྐྱེལ་འདྲེན་དང་ལྷག་པར་དུ་སྨན་བཅོས་ཀྱི་སྔོན་འགོག་ཚོད་འཛིན་དངོས་རྫས་དང་། འཚོ་བའི་མཁོ་རྫས། སྲིད་གཞུང་གི་གྲབས་གསོག་དངོས་རྫས། སྦྲག་སྲིད་མྱུར་སྐྱེལ་སོགས་དམངས་ཚིས་དངོས་ཟོག་དང་། ཞིང་ལས། ནུས་ཁུངས། རྒྱུ་ཆ་སོགས་ཐོན་སྐྱེད་དངོས་རྫས་གལ་ཆེན་སྐྱེལ་འདྲེན་ཤར་བགྲོད་ཐུབ་པ་བྱས་ནས། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོབ་ནན་མོ་བྱེད་དགོས། རིམས་ནད་བྱུང་ཚུལ་ཇི་ཙམ་ཛ་དྲག་ཆེ་ན། དེ་ཙམ་གྱིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་དམ་འཛིན་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ནས། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་རིན་དོད་ཆེས་ཆུང་ངུའི་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་ཆེ་ཤོས་ཐོན་གང་ཐུབ་བྱས་ན། ང་ཚོས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་ཐུབ་ངེས་རེད།

ལག་ལེན་གྱི་ཐོག་ནས་ང་ཚོར་རྨང་གཞི་དང་ཆ་རྐྱེན། ནུས་པ་བཅས་ཡོད་པ་ར་སྤྲོད་བྱས་ཡོད། དེང་སྐབས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། ཡིད་ཆེས་བརྟན་པོ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ། ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་དག་མེད་པར་གཏན་ནས་བཟོ་མི་རུང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོལ་བྱུང་རིམས་ནད་འཕྲལ་སྒྲུབ་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིམས་ནད་མཆེད་པ་བཀག་འགོག་གང་མགྱོགས་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་རྒྱལ་ཁ་ཐོབ་པ་མངོན་འགྱུར་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།