“རིམས་ནད”དམག་འཐབ་ཁྲོད་ཀྱི་བུད་མེད་ཚོའི་གཏམ་རྒྱུད། 
2022.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་། འགོག་སྲུང་ནི་འགན་འཁྲི་ཡིན། རྙོག་འཛིང་དང་ཚ་དྲག་ཆེ་བའི་འགོག་སྲུང་གནས་བབ་ལ་ཁ་གཏད་དེ། ཟླ4བའི་ཚེས14ཉིན་གྱི་དགོང་མོ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོ་བཀག་སྡོམ་གྱི་དོ་དམ་ལག་བསྟར་བྱས་པ་དང་། ཚེས15ཉིན་ནས་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱ་བ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པ་དང་ལས་བཟོ་བ་སོ་སོས་ལུས་ལ“འཐབ་མོ་བའི”ལྭ་བ་གྱོན་པ་དང་། “ལྡོག་སྐྱོད་པ”བྱས་ཏེ། རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོར་སྐྱོད་དེ། བུད་མེད་ཀྱི་རང་མདངས་དང་བུད་མེད་ཀྱི་འགན་འཁྲི་མངོན་པར་བྱས། 

ཁོ་མོ་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་དུས་ཚོད་དང་མཉམ་དུ་རྒྱུགས་པ་དང་། ནད་དུག་དང་འགྲན་སྡུར་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་སྲུང་གི་ཆེད་དུ“གནམ་གྱི་ཕྱེད་ཀའི”སྟོབས་ཤུགས་ཕུལ་བ་དང་། བརྩོན་འགྲུས་དང་བློ་གྲོས། ཡོད་ཚད་འབུལ་བ་དང་འགན་འཁྲི་ཡིས“རིམས་ནད”དམག་འཐབ་ཁྲོད་ཀྱི་བུད་མེད་ཀྱི་གཏམ་རྒྱུད་བྲིས། 

ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་ཆེས་མཛེས་པའི་མནའ་མ། 

ཟླ4པའི་ཚེས12ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སྨན་དོན་ཁྲུའུ་རུ་གློག་སྒྲོན་བཀར་ཡོད་པ་དང་། དུས་ཡུན་ཐུང་ཐུང་དུས་ཚོད་ཕྱེད་ཀའི་ནང་དུ། སྨན་ཁང་གིས་མྱུར་མོར་སྨན་པ50དང་ནད་གཡོག་པ70 །ལས་བྱེད་མི་སྣ15བཅས་ཀྱིས་གྲུབ་པའི“ཧྲག་འཐབ་རུ་ཁག”བཙུགས་པ་དང་། ཁོ་ཚོ་མང་ཆེ་བ་བུད་མེད་བློ་མཐུན་ཡིན་པ་དང་། ཐེངས་འདིར་རིམས་ནད་བྱུང་བ་ནས་ཁོ་མོ་ཚོས་ཉིང་སྐྱུར་ལེན་པ་དང་བརྟག་དཔྱད་བྱེད་པའི་བྱ་བ་སོ་སོ་ལེགས་འགྲུབ་བྱས་ཤིང་། ཤུགས་ཡོད་ཚད་ཀྱིས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཏེ། མཁར་ཤར་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲོད་བུད་མེད་ཀྱི་སྟོབས་ཤུགས་ཕུལ། 

“ཁྱེད་ཀྱི‘གོས་དཀར’དེ་ནི་ངས་མཐོང་བའི་ཆེས་མཛེས་པའི་བག་ལྭ་རེད།”འདི་ནི་མཁར་ཤར་ཁུལ་གྱི་ཉིང་སྐྱུར་ལེན་སའི་ནད་གཡོག་མ་བང་ཡུང་པེན་གྱི་མཛའ་གྲོགས་ལིག་ཞུའུ་ཡིས་ཁོ་མོར་བསྐུར་ཡོང་བའི“བརྩེ་བ”རེད། 

བང་ཡུང་པེན་ནི་བུ་མོ་མཛེས་མ་ཞིག་རེད། ད་ལོ་ལོ་ན་ཉེར་དྲུག་ལ་སོན་པའི་ཁོ་མོ་སློབ་མཐར་ཕྱིན་སྐབས“བརྩེ་དུང་གི་ཆེད་དུ་ཁོ་མོ་གྲོང་ཁྱེར་འདི་ལ་དགའ་བར་གྱུར།”2018ལོར། མོ་རང་མཛའ་གྲོགས་དང་ལྷན་དུ་ཟི་ལིང་ལ་ཡོང་བ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བུ་བཙའ་ཚན་ཁག་གི་ནད་གཡོག་མ་ཞིག་ཏུ་གྱུར། ལོ་འགའི་རིང་གི་བརྩེ་དུང་བརྒྱུད་དེ། 2022ལོའི་ཟླ4པའི་ཚེས17ཉིན་གཉེན་སྒྲིག་གི་ཆོ་ག་སྤེལ་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་།  མ་བསམ་ས་ནས་གློ་བུར་དུ་རིམས་ནད་བྱུང་བས། བང་ཡུང་པེན་གྱིས་སྨན་ཁང་གིས་མྱུར་དུ་ཉིང་སྐྱུར་ལེན་མཁན་གྱི་རུ་མི་བསྡུ་བཞིན་པའི་གནས་ཚུལ་ཐོས་རྗེས། ལིག་ཞུའུ་དང་གྲོས་བྱས་ནས་གཉེན་སྒྲིག་གི་ངལ་གསོ་དུས་ཚོད་བསྐྱུར་ནས་སྐོར་ཁག་དང་པོར་མཁར་ཤར་ཁུལ་དུ་ཉིང་སྐྱུར་ལེན་མཁན་གྱི་རུ་མི་བྱེད་རྒྱུ་ཐག་གཅོད་བྱས། 

ཟླ4པའི་ཚེས་17ཉིན་གྱི་ཕྱི་དྲོར། ཉིན་དེའི་ཉིང་སྐྱུར་ལེན་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། འགོག་སྲུང་བྱ་བ་སོ་སོ་བཟང་པོར་སྒྲུབ་རྗེས། ཚང་མས་འགོག་སྲུང་རས་ཀྱིས་ཁོ་མོར“མཛེས་པའི”མེ་ཏོག་ཤིག་བཟོས། སྡོད་ཁུལ་གྱི་མི་སྣ་ཡོངས་ཀྱིས“དཔྱིད་ཀའི་མེ་ཏོག”གིས་ཁོ་མོར་མེ་ཏོག་གི་ཆུན་པོ་བཟོས་པ་དང་། བརྙན་གྱི་ལམ་ནས་རང་གི་ཁྱིམ་མིའི་བདེན་དཔང་བྱས་པ་བརྒྱུད། བང་ཡུང་པེན་དང་མོའི་མཛའ་གྲོགས་གཉིས་ལ་དམིགས་བསལ་གྱི་གཉེན་སྟོན་གྱི་ཆོ་ག་ཞིག་སྤེལ། 

དུས་ཚོད་དང་འགྲན་རྒྱུགས་བྱེད་པ་དང་། ནད་དུག་དང་“ཐག་ཆེས་ཉེ་བ”

ཁོ་མོ་ཚོ་ནི་པྲོག་གསར་ནད་དུག་དང་“ཐག་ཆེས་ཉེ་བར”འབྲེལ་འདྲིས་བྱེད་མཁན་དང་། དུས་ཚོད་དང་“འགྲན་རྒྱུགས”བྱེད་པའི“གྲལ་མགོའི་དམག་མི”ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གནད་འགག་གི་ནུས་པ་འདོན་བཞིན་ཡོད་པ་དང་། ཁོ་མོ་ཚོ་ནི་མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ས་གནས་རིམས་ནད་སྔོན་འགོག་ཚོད་འཛིན་ཁང་གི་མཉམ་འབྲེལ་བྱས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བུད་མེད་རུ་ཁག་རེད། 

བརྟག་དཔྱད་ཀྱི་གྲངས་ཀ་ཧ་ཅང་མང་བ་དང་། དུས་ཚོད་དམ་འཛིན་བྱེད་པའི་ཆེད། “འཁོར་བསྐྱོད”བྱེད་རྒྱུ་དེ་རྒྱུན་ལྡན་དུ་གྱུར་ཡོད། “བུད་མེད་མཛངས་མ་ཚོས”བྱ་བའི་འགན་ལྕི་བ་དང་། བཀག་སྡོམ་གྱི་དོ་དམ་ལག་བསྟར་བྱས་པ་དང་། བརྟག་དཔྱད་མི་སྣ“སྐོར་ཁག་གཉིས་བྱས་ནས་བརྗེ་རེས”བྱས་ཤིང་། ཚོད་ལྟ་ཁང་དེ་དུས་ཚོད་ཉེར་བཞིའི་རིང་ལ་ངལ་གསོ་མེད་པར་འཁོར་བསྐྱོད་བྱས། 

མི་མང་པོ་ཞིག་བསྟུད་མར་དུས་ཚོད་བཅུ་གཉིས་ཡན་ལ་ལས་རྐང་དུ་ཡོད་པ་དང་། ངལ་དུབ་ཀྱིས་ཁེངས་པ་དང་། རྔུལ་ཆུས་བངས་པ། ལུས་ཡོངས་ན་བ། ཐང་ཆད་དྲགས་པ་སོགས་ཡིན་ནའང་། སྔར་བཞིན་རྒྱུན་འཁྱོངས་བྱས་པ་དང་། ཉིན་རེར་ཆ་སྙོམས་ཀྱིས་བརྟག་དཔྱད་ཀྱི་ཚད་དེ་སྦུ་གུ་ཁྲི་གཅིག་དང་སྟོང་ལྔ་ལྷག་དང་། ཐེངས་འབུམ་གཅིག་དང་ཁྲི་ལྔ་ལྷག་ལ་སླེབས་བཞིན་ཡོད། ཕན་འབྲས་མཐོ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྤེལ་བར་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད་པ་དང་། དངོས་ཡོད་བྱ་སྤྱོད་ཀྱིས་པྲོག་གསར་ནད་དུག་འགོག་རྒོལ་ལ་འཛིང་རགས་བརྟན་པོ་ཞིག་བརྩིགས་ཡོད། 

བུད་མེད་དང་བླངས་པ“རིམས་ནད”འགོག་སྲུང་གི་འཐབ་ཕྱོགས་དང་པོ་རུ་འོད་ལྟར་འཚེར་བཞིན་ཡོད། 

མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུའུ་ཡི་རིམས་འགོག་དང་བླངས་མཁན་གྱི་ནང་དུ་འདི་ལྟ་བུའི་བུ་མོ་སྐོར་ཞིག་ཡོད་དེ། ཁོ་མོ་ཚོས་མཛངས་མའི་ཡོན་ཏན་གྱིས་རིམས་ནད་ཀྱི་མདུན་དུ་འཛེམ་དོགས་མེད་པར་རང་འགུལ་གྱིས་དམག་འཐབ་ནང་ཞུགས་པ་དང་། དུས་ནམ་ཡང་བཀའ་ལ་སྒུག་ཡོད། 

ལིག་ཞིས་ཡུན་གྱིས་དང་བླངས་པ་གཞན་པ་རྣམས་ལ་དྲོས་ཇ་འཐུང་བའི་དུས་ཚོད་ཐུང་ངུ་ཞིག་ཡོད་པའི་ཆེད་དུ། མོས་དུས་ཚོད་བཅུ་གཉིས་ཀྱི་རིང་ལ་ཆུ་ཁམ་གང་ཡང་མ་འཐུང་བར་ཞོགས་པ་ནས་དགོང་མའི་བར་དུ་རྒྱུན་འཁྱོངས་བྱས་པ་དང་། ལུས་ཕུང་མི་བདེ་ཡང་། ལས་རྐང་བརྟན་སྲུང་བྱས། ཡའོ་ཁྲིན་ཅོན་ནི་བུད་མེད་ཉམས་ཆུང་ཞིག་ཡིན་པ་དང་། དགོང་མོར་སྦྲ་གུར་ཕུབ་པའི་ལས་ལ་ཞུགས་ཡོད་པ་དང་། ཞོགས་པ་སྔ་མོ་ནས་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ཐོན་ནས་གྲ་སྒྲིག་བྱེད་བཞིན་འདུག ཁོ་མོས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་ལྡན་པའི་སྒོ་ནས་ཆ་འཕྲིན་ཁ་སྐོང་མི་ཤེས་པའི་རྒན་པ་རྣམས་ལ་ཆ་འཕྲིན་འཚོལ་སྡུད་ཨང་རྟགས་གྲུབ་པར་རོགས་རམ་བྱེད་བཞིན་འདུག ཀྲང་ཞིས་ཅོན་གྱིས་ལོ་ན་གཞོན་པའི་བྱིས་པ་གཅིག་པུ་ཁྱིམ་དུ་བཞག་ནས་ཁོ་མོ་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོར་མཆོངས་པ་དང་། ཁོ་མོ་ནི་བྱིས་པའི་སེམས་ཁོང་གི་དཔའ་མོ་ཞིག་ཡིན་པ་རེད། ལེང་ཅིན་བུན་གྱིས་རང་གི་མཛའ་གྲོགས་དང་ལྷན་དུ་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་རྒྱུའི་གྲོས་བྱས་ཡོད་པ་དང་། ཁོ་མོའི་མཛའ་གྲོགས་ཀྱིས་མཚོ་ཤར་གྱི་རླངས་འཁོར་དངུལ་བསྡུ་ས་ཚིགས་ཀྱི་རིམས་ནད་འགོག་སྲུང་གི་ལས་ཡུལ་དུ་བྱ་བ་གཉེར་བཞིན་ཡོད་པ་དང་། ཁོ་མོ་ནི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཞིག་ཡིན་པ་རེད། 

བུད་མེད་དང་བླངས་པའི་མིང་རེ་རེ“རིམས་ནད”ལ་དམག་འཐབ་རྒྱག་པའི་འཐབ་ཕྱོགས་དང་པོ་རུ་འོད་དུ་འཚེར་བཞིན་ཡོད། 

བུད་མེད་ཀྱིས“རིམས་ནད”ལ་འཐབ་པའི་སྣང་ཚུལ་གང་སར་མཐོང་རྒྱུ་ཡོད། 

འདི་ལྟ་བུའི་མི་བུ་སྐོར་ཞིག་ཡོད་དེ། ཁོ་མོ་ཚོས་རིམས་ནད་འགོག་སྲུང་གི་བདེ་འཇགས་ཚད་ཐིག་བརྟན་སྲུང་བྱེད་བཞིན་ཡོད་པ་དང་། འཇིགས་པ་སྤུ་ཙམ་ཡང་མེད་པ་དང་། དཔའ་ངར་ཆེན་པོས་འགན་འཁྲི་ཕྲག་ཏུ་འཁུར་བཞིན་ཡོད། འདི་ལྟ་བུའི་མི་བུ་སྐོར་ཞིག་གིས་རང་ཉིད་དགེ་རྒན་ཡིན་པའི་འདུ་ཤེས་བསྐྱུར་ཏེ། ཞུམ་པ་མེད་པར་རིམས་ནད་འགོག་སྲུང་གི་འཐབ་རའི་ཁྲོད་དུ་ཞུགས་བཞིན་ཡོད། 

ཁོ་མོ་ཚོ་ནི་ཞིང་ཆེན་དྲུག་གཅིག་བྱིས་གཉོར་ཁང་མཁར་ཤར་ཡན་ལག་སློབ་གྲྭའི་དགེ་རྒན་དང་བླངས་པ་ཚོ་རེད། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་སློབ་གསོ་ཅུའུ་ཡིས་བརྡ་སྦྱོར་འབྱོར་བ་ལྟར། ཁོ་མོ་ཚོས་མྱུར་དུ་དཀའ་ངལ་ཡོད་ཚད་གདོང་གིས་བསུས་ཏེ། རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོར་བསྐྱོད། མ་དཔེ་སྐྱེལ་འདྲེན་གྱི་བྱ་བའི་ཁྲོད། ཁོ་མོ་ཚོས་ནན་ཏན་གྱིས་འགན་ཁུར་བ་དང་། ཅི་ལའང་འཛེམ་བཞིན་མེད། རྒྱུ་མཚན་ནི་ཁོ་མོ་ཚོས་རང་ཉིད་ཀྱི་ཕྲག་སྟེང་དུ་བབ་པའི་འགན་འཁྲི་ནི་ཧ་ཅང་གལ་ཆེན་ཡིན་པ་རྟོགས་ཡོད། ཉིན་གཅིག་གི་མ་དཔེ་སྐྱེལ་འདྲེན་བྱ་བ་ཡོངས་འགྲུབ་བྱས་ནས་ཕྱིར་མགྲོན་ཁང་དུ་ལོག་པའི་རྗེས་སུ། ཁོ་མོ་ཚོས་ད་དུང་དྲ་སྟེང་ནས<ཕན་འབྲས་མཐོ་བའི་ཕ་བུའི་དཔེ་ཀློག་ཅི་ལྟར་བྱེད་དགོས>ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ་བཞིན་ཡོད། 

དགེ་རྒན་གྱི་འགན་འཁྲི་འཁུར་ནས་སྟོབས་ཤུགས་མངོན་པར་བྱེད་དགོས། སློབ་གསོའི་བགྲོད་ལམ་སྟེང་དུ། ཁོ་མོ་ཚོས་བློ་གྲོས་ཀྱི་ཟེགས་མ་གདུལ་བྱ་མང་པོའི་ཡིད་ཀྱི་ཞིང་སར་གཏོར་བཞིན་ཡོད་པ་དང་། རིམས་ནད་ཀྱི་མདུན་དུ། ཁོ་མོ་ཚོ་ནི་ང་ཚོ་སྲུང་སྐྱོབ་བྱེད་མཁན་གྱི་སྟོབས་ཤུགས་སུ་གྱུར་ཡོད། 

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།