མཐོ་སྒང་གནའ་མཁར་གྱི་དམིགས་བསལ་དོ་དམ་བྱ་ཐབས།
2022.04.25 ཁུངས། མི་དམངས་དྲ་བ། ཀློག་གྲངས། 2

 གློ་བུར་དུ་རིམས་ནད་བྱུང་རྗེས།  ཟི་ལིང་གྲོང་ཁྱེར་གྱིས་ཟླ4ཚེས14ཉིན་གྱི་དགོང་མོ་ནས་བཟུང་། སྡོད་ཁུལ་གཙོ་བོར་འཇགས་རྣམ་དོ་དམ་བྱས་པས། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ཐད་ལ་འགྱུར་ལྡོག་བྱུང་།  ཉིན་རེར་འོ་མ་འཐུང་རྒྱུར་དགའ་བའི་སྡོད་དམངས་ལ་མཚོན་ན། སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་སྒོ་རྩིས་ཚོང་ཁང་དང་སྡོད་ཁུལ་གྱི་སྟབས་བདེའི་ཚོང་ཁང་ནས་ཉིན་དེར་ཐོན་སྐྱེད་བྱས་པའི་འོ་མ་ཉོ་རྒྱུ་ཡོད་པ་དེ་ནི་འཇགས་རྣམ་དོ་དམ་ཚོད་འཛིན་བྱེད་སྐབས་ཀྱི་འགྱུར་ལྡོག་མེད་པའི“བདེ་སྐྱིད་ཆུང་ངུ”ཞིག་ཏུ་གྱུར་ཡོད།

ཟི་ལིང་གྲོང་ཁྱེར་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་དུ་གནས་པའི་མཚོ་སྔོན་ཐེན་ལུའུ་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སི་ནི་མིག་སྔར་མཚོ་སྔོན་གྱི་གཞི་ཁྱོན་ཅུང་ཆེ་བའི་འོ་མའི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་ཁེ་ལས་ཤིག་ཡིན།  རིམས་ནད་བྱུང་རྗེས་ཁེ་ལས་ཀྱིས་འཕྲལ་སྡོམ་བྱ་ཐབས་སྤྱད་དེ་ཁེ་ལས་ནང་ཁུལ་དུ་སྒོ་རྒྱག་དོ་དམ་བྱས་པ་དང་ཆབས་ཅིག་འབྲས་དང་།  ཕྱེ།  སྣུམ་སོགས་ཀྱི་དངོས་ཟོག་འདང་ངེས་གྲབས་གསོག་བྱས་ནས་ལས་བཟོ་བའི་རྒྱུན་ལྡན་གྱི་འཚོ་བར་ཁག་ཐེག་བྱས།

འཇགས་རྣམ་དོ་དམ་ལག་བསྟར་བྱས་རྗེས་ཀུང་སིའི་དེ་སྔའི་འོ་མ་སྐྱེལ་མཁན་རླངས་འཁོར་དང་ཐོན་རྫས་སྐྱེལ་མཁན་རླངས་འཁོར་ཚང་མར་འགྲོ་འོང་གི་ཚོད་འཛིན་ཐེབས།   ང་ཚོ་ནི་དམངས་ཚིས་དངོས་ཟོག་ཐོན་སྐྱེད་ཁེ་ལས་ཀྱི་ཁོངས་སུ་གཏོགས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ལ་འབྲེལ་གཏུག་བྱས་རྗེས། སྐྱེལ་འདྲེན་གནད་དོན་མགྱོགས་མྱུར་ངང་ཐག་གཅོད་བྱེད་ཐུབ་སོང་ཞེས་མཚོ་སྔོན་ཐེན་ལུའུ་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་འགོ་གཙོ་ཧོ་ཡན་ཅུན་གྱིས་དེ་ལྟར་བཤད།    ཁོས་བཤད་རྒྱུར། ཉིན་ཤས་ནང་ཁེ་ལས་ཀྱི་འོ་མའི་ཐོན་རྫས་ཐོན་སྐྱེད་སྒྲུབ་རིམ་ཁག12རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཀྱི་ཡོད་པས། ཉིན་རེར་འོ་མ་ཏུན་60ཙམ་ལས་སྣོན་བྱས་ནས་སྡོད་དམངས་ཀྱི་རྒྱུན་ལྡན་གྱི་འཚོ་བར་འགན་ལེན་བྱས་པ་ཡིན་ཟེར།

མིག་སྔར་ང་ཚོས་སྡོད་ཁུལ་ནས་ཕྱིར་འགྲོ་མི་དགོས་པར་ནང་ཁུལ་ནས་ཤ་དང་། སྒོ་ང་། འོ་མ་བཅས་ཉོ་ཐུབ་པས་དངོས་གནས་སྟབས་བདེ་རེད་ཅེས་སྡོད་དམངས་ཀྲང་ཀྲའོ་ཞུན་གྱིས་གསར་འགོད་པར་དེ་ལྟར་བཤད།   ཁོས་བཤད་རྒྱུར།  རིམས་ནད་ཀྱིས་རྒྱུན་ལྡན་གྱི་འཚོ་བར་གནས་སྐབས་ཀྱི་འགྱུར་ལྡོག་བཏང་མོད།  འོན་ཀྱང་རང་ཉིད་ལ་ཐེངས་འདིའི་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཆེན་པོ་ཡོད་ཟེར།

ཟི་ལིང་གྲོང་ཁྱེར་ཀན་ཧོ་བཟོ་ལས་གླིང་དུ་ལོ་རེར་ཧ་ཡང་ཏུན་འབུམ་ལྔ་ཁྲི་ལྷག་ཐོན་སྐྱེད་བྱེད་པའི་རྨ་ཆུ་ཞིན་ལས་ཚད་ཡོད་ཀུང་སིས་ཆ་སྙོམས་ཀྱིས་ཉིན་རེར་ཧ་ཡང་སོགས་ཀྱི་མ་བཅོས་རྒྱུ་ཆའི་ཐོན་རྫས་ནང་འདྲེན་བྱེད་ཚད་ཏུན6000ལྷག་ཙམ་ཟིན་པ་དེ་ནི་ཀན་ཧོ་བཟོ་ལས་གླིང་གི“ཟོག་འགྲེམས་ཁེ་ལས་ཆེན་པོ”ཞིག་ཏུ་གྱུར་ཡོད།

རིམས་ནད་བྱུང་རྗེས་ཀུང་སིས་ཞིང་ཆེན་ཕྱི་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་པར་འགོག་རྐྱེན་ཐེབས་པས། ཀུང་སིའི་སྤྱིའི་ལས་འཛིན་པ་གཞོན་པ་ཆི་ཝུའེ་ཞིས་ལ་བྲེལ་འཚུབ་ཆེན་པོ་ལངས།   དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། གླིང་ཁུལ་དང་སྲིད་གཞུང་སྡེ་ཁག་ལ་དཀའ་ཁག་ཡར་ཞུ་དང་རྒྱབ་སྐྱོར་བརྩོན་ལེན་བྱས་རྗེས། ཁེ་ལས་ཀྱི་དངོས་ཟོག་མང་ཆེ་བ་ལྕགས་ལམ་བརྒྱུད་ནས་བསྐྱེལ་འདྲེན་བྱས་ཏེ་ཐོན་སྐྱེད་བདེ་བླག་ཡོང་བར་འགན་ལེན་ཐུབ་བྱེད་སོང་ཞེས་ཆི་ཝུའེ་ཞིས་ཀྱིས་དེ་ལྟར་བཤད།

གྲལ་བཤེར་བྱས་པ་བརྒྱུད།  ཟི་ལིང་གྲོང་ཁྱེར་ཀན་ཧོ་བཟོ་ལས་གླིང་ཁུལ་དུ་ཁེ་ལས21ལ་སྔ་རྗེས་སུ་མ་བཅོས་རྒྱུ་ཆ་ནང་འདྲེན་དང་ཐོན་རྫས་ཕྱིར་གཏོང་བྱེད་དཀའ་བའི་གནད་དོན་བྱུང་ཡོད་པ་ཤེས།  གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་སོ་སོར་མཐུན་སྦྱོར་བྱས་ནས་ཁེ་ལས་ཀྱི་སྐྱེལ་འདྲེན་རླངས་འཁོར་ལ་ལམ་ཡིག་བཟོ་བ་དང་། སྐྱེལ་འདྲེན་བྱེད་སྟངས་དང་འཆར་གཞི་ལེགས་སྒྲིག་བྱེད་རོགས་བྱེད་པ། ཟོག་འགྲེམས་ཀྱི་གེགས་མེད་བགྲོད་ལམ་བཏོད་དེ་ཐོན་ལས་སྦྲེལ་ཐག་འགན་ལེན་བཅས་བྱས་ནས།   ཁེ་ལས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཁོར་སྐྱོད་ལ་སྐུལ་འདེད་བཏང་བ་རེད། རིམས་ནད་ཀྱི་ཤུགས་རྐྱེན་གྱིས་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་བཏང་རུང་།   མཐོ་སྒང་གནའ་མཁར་འདིས་འགྱུར་མེད་ཀྱི་ཡིད་ཆེས་དང་སེམས་ཤུགས་ལ་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི“སྤྱི་འདོམས་གཉིས”མངོན་འགྱུར་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།