སྡེ་ཁག་གཉིས་ཀྱིས་ཡིག་ཆ་བཀྲམ་ནས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ལ་སྤྱི་འདོམས་བྱས།
2022.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཧུར་ཐག་གིས་ཁ་གཏད་བཅག་སྟེ། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ལ་འགོར་འགྱངས་མི་གཏོང་བ་དང་འབྲུ་རིགས་དང་ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་བརྟན་བརླིང་ངང་མཁོ་འདོན་བྱེད་པར་འགན་ལེན་བྱ་ཆེད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ཞིང་ལས་ལ་འགོར་འགྱངས་མི་གཏོང་བར་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་སྔར་ལས་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར།  ཉེ་ལམ་ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས《པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བྱ་བར་གཅིག་གྱུར་འཆར་འགོད་བྱེད་པའི་མཛུབ་སྟོན་སྲོལ་ཡིག》པར་འགྲེམ་བྱས་པ་རེད།

མཛུབ་སྟོན་རང་བཞིན་གྱི་སྲོལ་ཡིག་དེར་ཁྱོན་སྡོམ་ས་བཅད་དགུ་དང་དོན་ཚན་སོ་བཞི་ཡོད། རིམས་ནད་བྱུང་མེད་པའི་རྫོང་དང་རིམས་ནད་བྱུང་བའི་རྫོང་གི་འགོག་ཟོན་ཁུལ་དང་། དོ་དམ་ཚོད་འཛིན་ཁུལ།  བཀག་སྡོམ་ཚོད་འཛིན་ཁུལ་བཅས་ལ་དམིགས་ནས་ཁུལ་ཁོངས་མི་འདྲ་བ་དང་སྣང་ཚུལ་མི་འདྲ་བར་དབྱེ་སྟེ།  ཞིང་ལས་ཐོན་སྐྱེད་དང་མི་སྣ། དངོས་ཟོག་བཅས་ཀྱི་འཁོར་རྒྱུག་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་ཐད་གཏན་འབེབས་གསལ་བོ་བཟོས་པར་མ་ཟད།  ཞིང་བ་ཞོར་ལས་པ་ཕ་ཡུལ་དུ་ལོག་ནས་ཞིང་ལས་གཉེར་བ་དང་། ཞིང་སྤྱོད་དངོས་རྫས་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག ཞིང་ལས་འཕྲུལ་ཆས་ས་ཁུལ་བརྒལ་ནས་ལས་སྒྲུབ་བྱེད་པ། ཉ་ལས་ཉ་འཛིན་སོགས་ཀྱི་ལས་སྒྲུབ་བརྒྱུད་རིམ་དང་ཞིབ་ཕྲའི་བླང་བྱ་ཡང་གསལ་བོར་བཏོན་ཡོད་པས།  ཁྱད་པར་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པའི་རྨང་གཞིའི་ཐོག ཞིང་པས་ཞིང་ཁར་ལས་ཀ་བྱེད་པ་དང་། ཞིང་འཕྲུལ་གྱིས་ལས་སྒྲུབ་བྱེད་པ།  ཞིང་བ་ཞོར་ལས་པ་ཕ་ཡུལ་དུ་ལོག་ནས་ཞིང་ལས་གཉེར་བ་སོགས་ཀྱི་ཐད་ལ་བཀོལ་སྤྱོད་བྱེད་རུང་བའི་མཛུབ་སྟོན་བྱས་ཡོད་པ་རེད།

མཛུབ་སྟོན་རང་བཞིན་གྱི་སྲོལ་ཡིག་ནང་། རིམས་ནད་བྱུང་མེད་པའི་རྫོང་ཁག་གིས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བླང་བྱ་དོན་འཁྱོལ་བྱས་ནས།  ཞིང་ལས་ཐོན་སྐྱེད་རྒྱུན་ལྡན་ཡོང་བར་འགན་ལེན་བྱེད་པ་དང་། རིམས་ནད་བྱུང་པའི་རྫོང་ཁག་གི་འགོག་ཟོན་ཁུལ་གྱིས་མི་མང་མཉམ་འདུས་ཚོད་འཛིན་བྱེད་པ་སོགས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག  ཞིང་སྤྱོད་དངོས་རྫས་དང་། ཞིང་འཕྲུལ། ཞིང་ལས་ཐོན་རྫས་བཅས་འཁོར་རྒྱུག་དང་ཞིང་ལས་གཉེར་མཁན་གྱི་འགྲོ་སྐྱོད་འགན་ལེན་བྱས་ནས་ཞིང་ལས་བྱེད་སྒོ་རྒྱུན་ལྡན་ལྟར་སྤེལ་ཐུབ་པར་འགན་ལེན་བྱེད་པ། དོ་དམ་ཚོད་འཛིན་ཁུལ་གྱིས་ཉིང་སྐྱུར་བརྟག་དཔྱད་དང་བཀག་སྡོམ་དོ་དམ་སོགས་ཀྱི་བྱེད་ཐབས་སྤྱད་པའི་རྨང་གཞིའི་ཐོག ཞིང་པས་ཕྱི་རོལ་ནས་རྒྱུན་ལྡན་ལྟར་ལས་ཀ་བྱེད་ཆོག་པ་དང་། འགྱིག་ཤོག་དྲོད་ཁང་ཆེན་མོ་སོགས་བཀག་སྡོམ་བྱ་ཡུལ་ལ་དུས་ཚོད་སྣོལ་བ་དང་“གནས་གཉིས་ལམ་གཅིག”སོགས་ཀྱི་བྱེད་ཐབས་སྤྱད་དེ།   ཞིང་ལས་ཐོན་སྐྱེད་བརྒྱུད་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱེད་པ། བཀག་སྡོམ་ཚོད་འཛིན་ཁུལ་གྱིས་ཞིང་བ་ཁྱིམ་ཚང་སོགས་གཉེར་སྐྱོང་བྱེད་པོ་རྩ་འཛུགས་བྱས་ཏེ་ཚབ་རྨོ་ཚབ་འདེབས་སོགས་མངགས་གཉེར་ཞབས་ཞུ་སྒྲུབ་ཏུ་བཅུག་ནས། ཞིང་ལས་འགོར་འགྱངས་མི་གཏོང་བ་དང་རྨོ་ཞིང་བེད་མེད་དུ་བསྐྱུར་བར་འགན་ལེན་བྱེད་པ་བཅས་བསྟན་ཡོད། མཛུབ་སྟོན་རང་བཞིན་གྱི་སྲོལ་ཡིག་ནང་ད་དུང་ཕྱིར་ལོག་ནས་ཞིང་ལས་གཉེར་མཁན་ལ་ཕ་ཡུལ་དུ་ལོག་པའི་ཆ་རྐྱེན་ཡང་གསལ་བོར་བཟོས་ཏེ།   གནད་སྨིན་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་འོག ཚན་རིག་དང་མཐུན་ཞིང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕ་ཡུལ་དུ་ལོག་འདོད་པའི་ཞིང་པ་རྩ་འཛུགས་བྱས་ནས། ཁོ་ཚོ་སྔ་ཙམ་ཕྱིར་ལོག་པ་དང་ཡུལ་གཞན་དུ་ས་ཞིང་འགན་གཙང་ལེན་བྱེད་མཁན་ཞིང་པ་མགྱོགས་མྱུར་ངང་རང་ཡུལ་དུ་ལོག་ནས་དུས་ཐོག་ཏུ་དཔྱིད་འདེབས་ཐོན་སྐྱེད་ལས་དོན་སྤེལ་ཐུབ་པར་བྱེད་དགོས་ཞེས་བཏོན་ཡོད།

མཛུབ་སྟོན་རང་བཞིན་གྱི་སྲོལ་ཡིག་ནང་།  ལུད་རྫས་དང་ཞིང་སྨན། གཟན་ཆས། ཕྱུགས་སྨན། སྲོག་ཆགས་ཀྱི་རིམས་འགོག་སྨན་ཁབ་བཅས་དང་དེ་བཞིན་ཐོན་སྐྱེད་རྒྱུ་ཆ་དང་། ས་བོན།  སྒོ་ཕྱུགས། ཞིང་འཕྲུལ་དང་དེའི་ལྷུ་ལག་སོགས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་། འབྲུ་སྣུམ། ཤ་ཚལ་སྒོང་གསུམ། ཤིང་འབྲས། འོ་མ། ཆུ་ཐོན་དངོས་རྫས་སོགས་ཞིང་ལས་ཐོན་རྫས་དག་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་དངོས་རྫས་ཀྱི་ཁྱབ་ཁོངས་ནང་བཅུག་སྟེ། རླངས་འཁོར་འགྲོ་སྐྱོད་ཀྱི་ལམ་ཡིག་སྔོན་ལ་དཔྱད་སྤྲོད་བྱས་ནས་སྔོན་ལ་སྐྱེལ་འདྲེན་དང་། སྔོན་ལ་དབོར་འདྲེན།  སྔོན་ལ་ཞིབ་བཤེར། སྔོན་ལ་གཏོང་བ་བཅས་བྱས་ཏེ་དངོས་ཟོག་བསྐྱེལ་འདྲེན་ཤར་གཏོང་ཐུབ་པར་བྱེད་དགོས་ཞེས་བསྟན་ཡོད།

མཛུབ་སྟོན་རང་བཞིན་གྱི་སྲོལ་ཡིག་ནང་།  ཞིང་འཕྲུལ་ལས་སྒྲུབ་མི་སྣའི་ལས་ཀ་དངོས་དང་རིམས་ནད་དང་འབྲེལ་འདྲིས་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ། འགྲོ་སྐྱོད་དོ་དམ་བྱ་ཐབས་ལག་བསྟར་གནད་འཁེལ་བྱེད་དགོས་པ་ལས། ཞིང་འཕྲུལ་ཐོ་འགོད་བྱ་ཡུལ་དང་། ཁྱིམ་ཐོ་གནས་ཡུལ་སོགས་ལ་ཁ་གཡར་ནས་ས་ཁོངས་བརྒལ་བའི་ལས་སྒྲུབ་ལ་བཀག་འགོག་བྱེད་མི་རུང་བ་སོགས་བསྟན་ཡོད།

མཛུབ་སྟོན་རང་བཞིན་གྱི་སྲོལ་ཡིག་ནང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་ཞིང་ལས་ལག་རྩལ་ཞབས་ཞུ་དང་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལ་ཤུགས་སྣོན་བྱས་ཏེ། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་བྱུང་བའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་མཐུན་སྦྱོར་ཐག་གཅོད་བཟང་བོ་བྱས་ནས། འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན་བྱེད་དགོས། སྟབས་བདེ་ཅན་དང་། གཅིག་དཔེ་བརྒྱ་འགེབས། རིམ་པ་བཞིན་འགན་དཀྲི་བ་བཅས་བྱེད་མི་ཆོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁ་གཡར་ནས་རང་མཚམས་ཀྱིས་འགག་སྒོ་བཙུགས་ཏེ། ལམ་བཅད་གྲོང་སྡོམ་གྱིས་ཞིང་པ་ཞིང་ཁར་འགྲོ་རུ་མི་འཇུག་པར་ཞིང་ལས་དུས་ཚོད་འགོར་འགྱངས་གཏོང་བ་དང་། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་བཟོ་མི་ཆོག་པ་བཅས་ནན་གྱིས་བསྟན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།